༄༅།།མིག་ནད་སྐོར་གྱི་ནད་རྟགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-10


        མིག་ཆུའི་རླུང་གྱུར་གྱི་ནད་ལ་མཆི་མ་འཛག་ཅིང་རྡུལ་གྱིས་གང་བ་བཞིན་མིག་འབྱེད་འཛུམ་དཀའ་ཞིང་ཡང་ན་དུས་མེད་དུ་འབྱེད་འཛུམ་བྱེད། ཆུ་དང་བད་ཀན་ཁྲག་རྣག་གྲ་འཚམས་འཛག མཁྲིས་པའི་དབང་དུ་མིག་སྐྱིབས་ཚ་དམར་དུ་འགྱུར་ཞིང་འབྲུམ་ཕྲན་གྱིས་ཁྱབ། གཞན་གཡའ་ཞིང་སྐྲངས་ལ་ཆུ་སེར་རྣག་བཅས་འཛག མིག་ཆུའི་ནད་ཁྲག་གྱུར་བྱུང་ན་མིག་ལ་ཟུག་ཆེ་ཞིང་འབྲུམ་ཕྲན་དམར་པོས་ཁྱབ། བད་ཀན་ལས་གྱུར་ན་འབྲུམ་ཕྲན་དཀར་པོས་གང་ཞིང་མིག་ནང་དུ་འབྱར་ཞིང་གཡའ་ལ་ཟུག་གཟེར་ཆུང་བ། འདུས་གྱུར་མིག་ནད་རྫི་མ་ནང་དུ་ཟུག་ཅིང་ཚ་སྐྲངས་མིག་ཆུ་འཛག་པ་དང་མིག་ཆུ་འབྱར།སྲིན་གྱུར་སྲིན་བུ་སུབ་འདོད་གཡའ་བ་འབྱུང་།
1.མིག་ནད་སྐམ་ཚག་ལ་ནད་རྟགས་ག་འདྲ་ཡོད།
        མིག་ནད་སྐམ་ཚག་གཙོ་བོ་མིག་སྐམ་ཞིང་རྩུབ་ལ་ཚ་བ། ལྷག་པར་རླུང་དང་བསེར་བུ་ལ་གནོད། དམར་ཞིང་ཚ་ལ་ཉི་མར་བལྟ་མི་བཟོད་མིག་ནང་དུ་མཆི་མས་ཁེངས། གདུང་བའི་མིག་ནད་རླུང་གྱུར་ལྡང་དུབ་བྱེད་པ་དང་མིག་ནང་དུ་རྡུལ་གྱིས་གང་སྙམ་བྱེད། མགོ་འཁོར་ཞིང་རྣ་བ་འུར་ལ་མིག་སྐྱིབས་དམར་པོ་སྐྲངས་པ། མཁྲིས་གྱུར་ཚ་སྐྲངས་དམར་འདྲུལ་སེར་པོ་མཐོང་། མེ་མདག་གཏོར་སྙམ་འཛེར་ཐབས་ཁྱབ་པ་ཡིན། ཁྲག་དུ་གྱུར་ན་མིག་ཤིན་ཏུ་ན་ཞིང་རེག་མི་བཟོད་པ་དང་མེ་དང་ཉི་མར་བལྟ་མི་ཐུབ། གཞན་གཡའ་ཞིང་སྐྲངས་ལ་མིག་གི་འབྲས་བུ་ཞུ་སོ་དང་མུར་འགྲམ་མཁུར་ཚོས་མགོ་བོ་ན་ཞིང་རིབ་ཚབས་ཆེ།
2.མིག་ནད་ལིང་ཐོག་གི་ནད་རྟགས།
        མིག་ནད་ལིང་ཐོག་ནི་མིག་འབྲས་དཀར་ནག་གི་སྟེང་དུ་རླུང་དུ་གྱུར་ན་སྔོ་ཞིང་སྲབ་ལ་ཐོག་ལེ་གསེར། ཁྲག་གྱུར་མཚོན་གྱིས་གཙེས་འབྱུང་དམར་པོ་འོང་། བད་ཀན་ལས་འབྱུང་མཐུག་ཞིང་སྐྱ་བས་གཡོགས། མིག་ལ་ཟུག་ཆེ་ཞིང་རྩུབ་ལ་མཆི་མ་འབྱུང་། མཐོང་བྱེད་རྒྱལ་མོའི་སྟེང་ཟངས་གཟེར་འདྲ་བ་བྱུང་ན་གསོ་དཀའ། 
3. མིག་ནད་རབ་རིབ་ཀྱི་ནད་རྟགས།
        མིག་ནད་རབ་རིབ་ནི་དང་པོ་རེ་གསལ་རེ་མི་གསལ་རིམ་བཞིན་ཐག་རིང་ཆུང་མི་མཐོང་། ཉེ་ཞིང་གཟིར་བལྟས་ལེགས་མཐོང་གོ་ལྡོག་སྣང་། སྟེང་འོག་གཡས་གཡོན་ཉེ་རིང་ལོགས་མི་གསལ་བ་དང་མིག་མདུན་དུ་བ་རབ་རིབ་སྐྲ་ཤེད་འདྲ་འབྱུང་། གཞན་སྦྲང་བུ་འོད་མཐོང་གཟུགས་ཀུན་གཡོ་བར་སྣང་། 
        མཁྲིས་གྱུར་གློག་དང་མེ་སྒྲོན་རྨ་བྱའི་སྒྲོ།ཁྲག་གྱུར་དམར་ལ་བད་ཀན་མུན་འཐིབས་འགྱུར། རས་ཀྱིས་མིག་བཀབ་པ་ལྟར་མཐོང་མི་གསལ། རྒྱལ་མོ་ཁེབས་ཏེ་ལོང་བར་འགྱུར་བ་ཡིན་ལ་སྲོད་ལོང་ནག་པོའི་ལང་ལིང་ཁེབས། ཤ་ལྷག་སྐྱ་བོ་ཟུག་ཆུང་དལ་བུས་སྐྱེས་པ་དང་ཤ་འཛེར་ར་རིལ་ལྟ་བུར་དམར་ལ་འབུར། མདོག་ནག་རྒྱ་ཆེ་མཐུག་པ་ཡིན། 
4.མིག་ནད་སྔོ་རིབ་ཀྱི་ནད་རྟགས།

        མིག་ནད་སྔོ་རིབ་སྒོང་སྤྲིས་ལྟ་བུས་ཁྱབ་པ་དང་ལིང་རོ་སྲབ་དང་མཐུག་པས་སྒྲིབས། ཆུ་འཁྲགས་མཚོ་གཉིས་འདྲེས་ཏེ་སྣག་ཚ་འདྲ། རྒྱལ་མོའི་རྩ་མདངས་ཉམས་པས་ནག་སང་འོང་། རླུང་འགྲིབས་ཉི་མ་མཁྲིས་འགྲིབས་འུག་མིག་དང་འདྲ་བའོ། །

                         (མཚོ་སྔོན་བོད་ཡིག་ཚགས་པར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1