༄༅།། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན།(1)

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-15



        (2017ལོའི་ཟླ3པའི་ཚེས15ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་འཆམ་བྱུང་བ། )
དཀར་ཆག
ལེའུ་དང་པོ། གཞི་རྩའི་གཏན་འཁེལ། 
ལེའུ་གཉིས་པ། རང་བྱུང་མི།    
ས་བཅད་དང་པོ། དམངས་དོན་ཁེ་དབང་ནུས་པ་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པ།
ས་བཅད་གཉིས་པ། ལྟ་སྐྱོང་།
ས་བཅད་གསུམ་པ། གར་སོང་ཆ་མེད་དུ་གྱུར་པ་དང་ཚེ་ལས་འདས་པ་བསྒྲགས་པ།
ས་བཅད་བཞི་པ། སྒེར་གྱི་བཟོ་ཚོང་ཁྱིམ་ཚང་དང་ཞིང་སྡེའི་འགན་གཙང་ལེན་བདག་གཉེར་ཁྱིམ་ཚང་།
ལེའུ་གསུམ་པ། ཁྲིམས་མི།
ས་བཅད་དང་པོ། སྤྱིར་བཏང་གི་གཏན་འཁེལ།
ས་བཅད་གཉིས་པ། ཁེ་གཉེར་གྱི་ཁྲིམས་མི།
ས་བཅད་གསུམ་པ། ཁེ་གཉེར་མ་ཡིན་པའི་ཁྲིམས་མི།
ས་བཅད་བཞི་པ། དམིགས་བསལ་གྱི་ཁྲིམས་མི།
ལེའུ་བཞི་པ། ཁྲིམས་མི་མ་ཡིན་པའི་རྩ་འཛུགས།
ལེའུ་ལྔ་པ། དམངས་དོན་ཁེ་དབང་།
ལེའུ་དྲུག་པ། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད།
ས་བཅད་དང་པོ། སྤྱིར་བཏང་གི་གཏན་འཁེལ།
ས་བཅད་གཉིས་པ། འདོད་བློ་བསྟན་པ།
ས་བཅད་གསུམ་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པ།
ས་བཅད་བཞི་པ། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ཟུར་གཏོགས་ཆ་རྐྱེན་དང་ཟུར་གཏོགས་དུས་ཡུན།
ལེའུ་བདུན་པ། འཐུས་ཚབ།
ས་བཅད་དང་པོ། སྤྱིར་བཏང་གི་གཏན་འཁེལ།
ས་བཅད་གཉིས་པ། མངག་བཅོལ་འཐུས་ཚབ།
ས་བཅད་གསུམ་པ། འཐུས་ཚབ་བྱེད་མཚམས་འཇོག་པ།
ལེའུ་བརྒྱད་པ། དམངས་དོན་འགན་འཁྲི།
ལེའུ་དགུ་པ། གཏུག་བཤེར་གོ་ཆོད་དུས་ཡུན།
ལེའུ་བཅུ་པ། དུས་ཡུན་རྩིས་སྟངས།
ལེའུ་བཅུ་གཅིག་པ། ཞར་བྱུང་།
ལེའུ་དང་པོ། གཞི་རྩའི་གཏན་འཁེལ།
དོན་ཚན་དང་པོ། དམངས་དོན་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་།དམངས་དོན་འབྲེལ་བ་ལེགས་སྒྲིག སྤྱི་ཚོགས་དང་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་དགོས་མཁོ་དང་མཐུན་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་དར་སྤེལ་དུ་གཏོང་བ་བཅས་ཀྱི་ཆེད་དུ། རྩ་ཁྲིམས་གཞིར་བཟུང་ནས། བཅའ་ཁྲིམས་འདི་གཏན་ལ་ཕབ་པ་ཡིན།
དོན་ཚན་གཉིས་པ། དམངས་ཁྲིམས་ཀྱིས་བྱེད་པོ་འདྲ་མཉམ་ཡིན་པའི་རང་བྱུང་མིའམ་ཁྲིམས་མི་དང་ཁྲིམས་མི་མ་ཡིན་པའི་རྩ་འཛུགས་བར་གྱི་མི་ལུས་འབྲེལ་བ་དང་རྒྱུ་ནོར་འབྲེལ་བ་ལེགས་སྒྲིག་བྱེད་རྒྱུ།
དོན་ཚན་གསུམ་པ། དམངས་དོན་བྱེད་པོའི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་། གཞན་ད་རུང་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་བཅས་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པས། རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་དེ་ལ་གནོད་འཚེ་གཏོང་མི་ཆོག
དོན་ཚན་བཞི་པ། དམངས་དོན་བྱེད་པོའི་དམངས་དོན་བྱ་འགུལ་ཁྲོད་ཀྱི་བཅའ་ཁྲིམས་གོ་གནས་ཚང་མ་འདྲ་མཉམ་ཡིན།
དོན་ཚན་ལྔ་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས། རང་འཐད་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས་པ་དང་། རང་ཉིད་ཀྱི་འདོད་བློ་ལྟར་དམངས་དོན་བཅའ་ཁྲིམས་ཀྱི་འབྲེལ་བ་འཛུགས་པ་དང་བསྒྱུར་བ། མཚམས་འཇོག་པ་བཅས་བྱེད་ཆོག
དོན་ཚན་དྲུག་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས། འདྲ་མཉམ་གྱི་རྩ་དོན་བརྩི་སྲུང་བྱེད་དགོས་པ་དང་། ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་ལུགས་མཐུན་གྱིས་གཏན་འཁེལ་བྱེད་དགོས།
དོན་ཚན་བདུན་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས། ཁ་ཏན་ཚིག་ལ་གནས་པའི་རྩ་དོན་བརྩི་སྲུང་བྱེད་དགོས་པ་དང་། དྲང་གཞག་ཟོལ་མེད་དང་ཁ་བཤད་ལག་བསྟར་བྱེད་དགོས།
དོན་ཚན་བརྒྱད་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས། བཅའ་ཁྲིམས་དང་འགལ་མི་ཆོག་ལ་སྤྱིའི་སྒྲིག་ལམ་སྲོལ་བཟང་དང་ཡང་འགལ་མི་ཆོག
དོན་ཚན་དགུ་པ། དམངས་དོན་བྱེད་པོས་དམངས་དོན་བྱ་འགུལ་སྤེལ་སྐབས། ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཕན་དགོས།
དོན་ཚན་བཅུ་པ། དམངས་དོན་རྩོད་གླེང་ཐག་གཅོད་བྱེད་སྐབས། ངེས་པར་བཅའ་ཁྲིམས་ལ་བསྟུན་དགོས་པ་དང་། བཅའ་ཁྲིམས་ནང་གཏན་འཁེལ་གང་ཡང་མེད་ན། གོམས་སྲོལ་དང་བསྟུན་ཆོག་མོད། འོན་ཀྱང་སྤྱིའི་སྒྲིག་ལམ་སྲོལ་བཟང་དང་འགལ་མི་ཆོག
དོན་ཚན་བཅུ་གཅིག་པ། བཅའ་ཁྲིམས་གཞན་པའི་ནང་དུ་དམངས་དོན་ལ་འབྲེལ་བའི་དམིགས་བསལ་གྱི་གཏན་འཁེལ་ཡོད་ན། གཏན་འཁེལ་དེ་གཞིར་འཛིན་དགོས།
དོན་ཚན་བཅུ་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངའ་ཁོངས་ནང་གི་དམངས་དོན་བྱ་འགུལ་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བཀོལ་དགོས། བཅའ་ཁྲིམས་ནང་གཏན་འཁེལ་གཞན་པ་ཡོད་ན། གཏན་འཁེལ་དེ་གཞིར་འཛིན་དགོས།
ལེའུ་གཉིས་པ། རང་བྱུང་མི།
ས་བཅད་དང་པོ། དམངས་དོན་ཁེ་དབང་ནུས་པ་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པ།
དོན་ཚན་བཅུ་གསུམ་པ། རང་བྱུང་མི་སྐྱེས་པ་ནས་བཟུང་སྟེ་ཚེ་ལས་འདས་པའི་བར་དུ། དམངས་དོན་ཁེ་དབང་གི་ནུས་པ་ཡོད་ན། ཁྲིམས་ལྟར་དམངས་དོན་ཁེ་དབང་ལོངས་སྤྱོད་བྱེད་ཆོག་པར་མ་ཟད། དམངས་དོན་འོས་འགན་འཁུར་དགོས།
དོན་ཚན་བཅུ་བཞི་པ། རང་བྱུང་མིའི་དམངས་དོན་ཁེ་དབང་གི་ནུས་པ་ཚང་མ་འདྲ་མཉམ་ཡིན།
དོན་ཚན་བཅོ་ལྔ་པ། རང་བྱུང་མིའི་སྐྱེས་ཉིན་དང་འདས་ཉིན་གྱི་དུས་ཚོད་ནི། སྐྱེས་པའི་དཔང་ཡིག་དང་འདས་པའི་དཔང་ཡིག་སྟེང་གི་ཟིན་ཐོ་ལྟར་བརྩི་བ་དང་། སྐྱེས་པའི་དཔང་ཡིག་དང་འདས་པའི་དཔང་ཡིག་མེད་ན། དུད་ཐོ་སྟེང་གི་ཟིན་བཀོད་དང་ཡང་ན་ནུས་ལྡན་གྱི་ཟིན་ཐོ་གཞན་པའི་ཟིན་བཀོད་ལྟར་བརྩི་དགོས། དཔང་རྟགས་གཞན་པས་ཟིན་བཀོད་དུས་ཚོད་དེ་ནོར་ཡོད་པ་བདེན་དཔང་བྱེད་ཐུབ་ན། དཔང་རྟགས་དེས་བདེན་དཔང་བྱས་པའི་དུས་ཚོད་ལྟར་བརྩི་དགོས།
དོན་ཚན་བཅུ་དྲུག་པ། ཤུལ་ནོར་རྒྱུན་འཛིན་དང་སྦྱིན་པ་དང་ལེན་སོགས་ཀྱི་མངལ་གནས་ཕྲུ་གུའི་ཁེ་ཕན་སྲུང་སྐྱོབ་དང་འབྲེལ་ན། མངལ་གནས་ཕྲུ་གུ་དེ་ནི་དམངས་དོན་ཁེ་དབང་གི་ནུས་པ་ཡོད་པར་ངོས་འཛིན་དགོས་མོད། འོན་ཀྱང་ཕྲུ་གུ་དེ་བཙའ་བའི་སྐབས་སུ་ཚེ་ལས་འདས་ན། དེའི་དམངས་དོན་ཁེ་དབང་གི་ནུས་པ་སྐབས་དེ་ནས་བཟུང་མེད་པར་བཟོ་དགོས།
དོན་ཚན་བཅུ་བདུན་པ། ལོ18ཡན་གྱི་རང་བྱུང་མི་ནི་དར་མ་ཡིན་པ་དང་། ལོ18མ་ལོངས་པའི་རང་བྱུང་མི་ནི་ནར་མ་སོན་པའི་མི་ཡིན།
དོན་ཚན་བཅོ་བརྒྱད་པ། མི་དར་མ་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ལྡན་པའི་མི་ཡིན་པས། ཁེར་རྐྱང་གིས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་ཆོག
ལོ16ཡན་གྱི་ནར་མ་སོན་པའི་མིས་རང་ཉིད་ཀྱི་ངལ་རྩོལ་ཡོང་སྒོ་དེ་འཚོ་བའི་ཡོང་ཁུངས་གཙོ་བོ་བྱེད་ཀྱིན་ཡོད་ན། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ལྡན་པའི་མི་རུ་བརྩི་དགོས།
དོན་ཚན་བཅུ་དགུ་པ། ལོ8ཡན་གྱི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡིན་པས། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་སྐབས་ཁྲིམས་བཀོད་འཐུས་མིས་འཐུས་ཚབ་བྱེད་པའམ་ཡང་ན་དེའི་ཁྲིམས་བཀོད་འཐུས་ཚབ་པ་འཐད་པ་བྱུང་བ་དང་རྗེས་སུ་ཁས་ལེན་བྱེད་དགོས་མོད། འོན་ཀྱང་ཁེ་ཕན་ཐོབ་ཁོ་ཐག་ཡིན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་ཡང་ན་དེའི་ལོ་ཚོད་དང་རིག་སྟོབས་ལ་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་རང་ཚུགས་ཀྱིས་ལག་བསྟར་བྱེད་ཆོག
དོན་ཚན་ཉི་ཤུ་པ། ལོ8མ་ལོངས་པའི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་ཡིན་པས། དེའི་ཁྲིམས་བཀོད་འཐུས་ཚབ་པས་འཐུས་ཚབ་བྱས་ཏེ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་དགོས། 
དོན་ཚན་ཉེར་གཅིག་པ། རང་ཉིད་ཀྱི་བྱ་སྤྱོད་ཚོད་འཛིན་བྱེད་མི་ཐུབ་པའི་ནར་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་ཡིན་པས། དེའི་ཁྲིམས་བཀོད་འཐུས་ཚབ་པས་འཐུས་ཚབ་བྱས་ཏེ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་དགོས།
ལོ8ཡན་གྱི་ནར་མ་སོན་པའི་མིས་རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་ན། གོང་གི་ཁོད་ཚན་དེའི་གཏན་འཁེལ་སྤྱོད་དགོས།
དོན་ཚན་ཉེར་གཉིས་པ། རང་ཉིད་ཀྱི་བྱ་སྤྱོད་ཚང་མ་ལ་ཚོད་འཛིན་བྱེད་མི་ཐུབ་པའི་མི་དར་མ་ནི་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མི་ཡིན་པས། དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་སྐབས་དེའི་ཁྲིམས་བཀོད་འཐུས་ཚབ་པས་འཐུས་ཚབ་བྱེད་པའམ་ཡང་ན་དེའི་ཁྲིམས་བཀོད་འཐུས་ཚབ་པ་འཐད་པ་བྱུང་བ་དང་རྗེས་སུ་ཁས་ལེན་བྱེད་དགོས་མོད། འོན་ཀྱང་ཁེ་ཕན་ཐོབ་ཁོ་ཐག་ཡིན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་ཡང་ན་དེའི་རིག་སྟོབས་དང་བསམ་བློའི་བདེ་ཐང་གནས་ཚུལ་དང་མཐུན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་ཆོག
དོན་ཚན་ཉེར་གསུམ་པ། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའི་མི་དང་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མིའི་ལྟ་སྐྱོང་པ་ནི་དེའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན།
དོན་ཚན་ཉེར་བཞི་པ། རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་པའམ་ཡང་ན་རང་ཉིད་ཀྱི་བྱ་སྤྱོད་ཚང་མ་ལ་ཚོད་འཛིན་བྱེད་མི་ཐུབ་པའི་མི་དར་མ་ལ། དེའི་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་དང་ཡང་ན་འབྲེལ་ཡོད་རྩ་འཛུགས་ཀྱིས།མི་དམངས་ཁྲིམས་ཁང་ལ་རེ་འདུན་ཞུས་ཏེ་མི་དར་མ་དེ་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ལ་ངོས་འཛིན་བྱེད་དུ་འཇུག་དགོས།
མི་དམངས་ཁྲིམས་ཁང་གིས་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་ལ་ངོས་འཛིན་བྱས་ཟིན་པའི་མིས། རང་ཉིད་དམ་ཁེ་གྱོང་གི་འབྲེལ་བ་ཡོད་པའི་མི་དང་ཡང་ན་འབྲེལ་ཡོད་རྩ་འཛུགས་བརྒྱུད་དེ་རེ་འདུན་ཞུས་ན། མི་དམངས་ཁྲིམས་ཁང་གིས་དེའི་རིག་སྟོབས་དང་བསམ་བློའི་བདེ་ཐང་སླར་གསོ་བྱུང་བའི་གནས་ཚུལ་ལ་བལྟས་ནས། མི་དར་མ་དེ་དམངས་དོན་བྱ་སྤྱོད་ནུས་པར་ཚོད་འཛིན་ཐེབས་པའི་མི་དང་ཡང་ན་དམངས་དོན་བྱ་སྤྱོད་ནུས་པ་ལྡན་པའི་མི་ལ་སླར་གསོ་བྱེད་ཆོག
དོན་ཚན་འདིར་གཏན་འཁེལ་བྱས་པའི་འབྲེལ་ཡོད་རྩ་འཛུགས་ནི། གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། སློབ་གྲྭ། སྨན་བཅོས་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཁྲིམས་ལྟར་བཙུགས་པའི་རྒན་པའི་རྩ་འཛུགས། དམངས་སྲིད་སྡེ་ཁག་སོགས་ཡིན།
དོན་ཚན་ཉེར་ལྔ་པ། རང་བྱུང་མིས་དུད་ཐོའི་སྟེང་དུ་བཀོད་ཡོད་པའམ་ཡང་ན་ནུས་ལྡན་གྱི་ཐོབ་ཐང་ཟིན་ཐོ་གཞན་པའི་སྟེང་དུ་བཀོད་ཡོད་པའི་འདུག་གནས་དེ་ནི་སྡོད་གནས་ཡིན་ལ། དུས་རྒྱུན་གྱི་འདུག་གནས་དང་སྡོད་གནས་གཉིས་མཐུན་པ་མིན་ན། དུས་རྒྱུན་གྱི་འདུག་གནས་དེ་སྡོད་གནས་སུ་ངོས་འཛིན་དགོས།
ས་བཅད་གཉིས་པ། ལྟ་སྐྱོང་།
དོན་ཚན་ཉེར་དྲུག་པ། ཕ་མར་ནར་མ་སོན་པའི་བུ་ཕྲུག་སྙོར་སྐྱོང་བྱེད་པ་དང་སློབ་གསོ་གཏོང་བ། སྲུང་སྐྱོབ་བྱེད་པ་བཅས་ཀྱི་འོས་འགན་ཡོད།
ནར་སོན་ཏེ་དར་མར་གྱུར་པའི་བུ་ཕྲུག་ལ་ཕ་མར་གུས་སྐྱོང་དང་རོགས་སྐྱོར། སྲུང་སྐྱོབ་བཅས་བྱེད་རྒྱུའི་འོས་འགན་ཡོད།
དོན་ཚན་ཉེར་བདུན་པ། ཕ་མ་ནི་ནར་མ་སོན་པའི་བུ་ཕྲུག་གི་ལྟ་སྐྱོང་པ་ཡིན།
ནར་མ་སོན་པའི་མིའི་ཕ་མ་ཚེ་ལས་འདས་པའམ་ཡང་ན་ལྟ་སྐྱོང་ནུས་པ་མེད་ན། གཤམ་གྱི་ལྟ་སྐྱོང་ནུས་པ་ཡོད་པའི་མིས་གོ་རིམ་ལྟར་ལྟ་སྐྱོང་པའི་འགན་འཁུར་དགོས་པ་སྟེ།
⑴ སྤོ་བོ་དང་རྨོ་མོ། ཨ་མྱེས་དང་ཨ་ཕྱི།
⑵ གཅེན་པོ་དང་གཅེན་མོ།
⑶ ལྟ་སྐྱོང་པའི་འགན་འཁུར་རྒྱུར་འཐད་པའི་མི་སྒེར་དང་རྩ་འཛུགས་གཞན་དག་བཅས་ཡིན་མོད། འོན་ཀྱང་ངེས་པར་ནར་མ་སོན་པའི་མིའི་འདུག་གནས་ཀྱི་གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཡང་ན་དམངས་སྲིད་སྡེ་ཁག་བཅས་འཐད་པ་འབྱུང་དགོས།
དོན་ཚན་ཉེར་བརྒྱད་པ། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་ཀྱི་ནུས་པར་ཚོད་འཛིན་ཐེབས་པའི་མི་དར་མར། གཤམ་གྱི་ལྟ་སྐྱོང་ནུས་པ་ཡོད་པའི་མིས་གོ་རིམ་ལྟར་ལྟ་སྐྱོང་པའི་འགན་འཁུར་དགོས་པ་སྟེ།
⑴ བཟའ་ཟླ།
⑵ ཕ་མའམ་ཡང་ན་བུ་ཕྲུག
⑶ ཉེ་མི་གཞན་དག
⑷ ལྟ་སྐྱོང་པའི་འགན་འཁུར་རྒྱུར་འཐད་པའི་མི་སྒེར་དང་རྩ་འཛུགས་གཞན་དག་བཅས་ཡིན་མོད། འོན་ཀྱང་ངེས་པར་ནར་མ་སོན་པའི་མིའི་འདུག་གནས་ཀྱི་གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཡང་ན་དམངས་སྲིད་སྡེ་ཁག་བཅས་འཐད་པ་འབྱུང་དགོས།
དོན་ཚན་ཉེར་དགུ་པ། ལྟ་སྐྱོང་བྱ་ཡུལ་གྱི་ཕ་མས་ལྟ་སྐྱོང་གི་འགན་ཁུར་ཡོད་ན། ཁ་ཆེམས་ཡི་གེ་འབྲི་བར་བརྟེན་ནས་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོག
དོན་ཚན་སུམ་ཅུ་པ། ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་པའི་མིའི་བར་དུ་གྲོས་མོལ་བྱས་ཏེ་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོག་པ་དང་། གྲོས་མོལ་ལྟ་སྐྱོང་པ་གཏན་འཁེལ་བྱས་ན་ངེས་པར་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱེད་དགོས།
དོན་ཚན་སོ་གཅིག་པ། ལྟ་སྐྱོང་པ་གཏན་འཁེལ་བྱེད་པར་བསམ་འཆར་མི་མཐུན་པ་ཡོད་ན། ལྟ་སྐྱོང་བྱ་ཡུལ་གནས་སའི་གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། ཡང་ན་དམངས་སྲིད་སྡེ་ཁག་བཅས་ཀྱིས་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོག་པ་དང་། འབྲེལ་ཡོད་དོ་བདག་པ་གཏན་འཁེལ་དེ་ལ་མི་འཐད་ན། མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་པ་གཏན་འཁེལ་བྱེད་དགོས་པའི་རེ་འདུན་ཞུ་ཆོག་ལ། འབྲེལ་ཡོད་དོ་བདག་པས་ཐད་ཀར་མི་དམངས་ཁྲིམས་ཁང་ལ་ལྟ་སྐྱོང་པ་གཏན་འཁེལ་བྱེད་དགོས་པའི་རེ་འདུན་ཞུས་ཀྱང་ཆོག
གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་། དམངས་སྲིད་སྡེ་ཁག་བཅས་དང་ཡང་ན་མི་དམངས་ཁྲིམས་ཁང་གིས་ལྟ་སྐྱོང་བྱ་ཡུལ་གྱི་འདོད་བློ་ངོ་མར་བརྩི་འཇོག་བྱས་ཏེ། ལྟ་སྐྱོང་བྱ་ཡུལ་ལ་ཆེས་ཕན་པའི་རྩ་དོན་ལྟར་ཁྲིམས་ལྟར་ལྟ་སྐྱོང་ཐོབ་ཐང་ཡོད་པའི་མིའི་ཁྲོད་ནས་ལྟ་སྐྱོང་པ་གཏན་འཁེལ་བྱེད་དགོས།
དོན་ཚན་འདིའི་ཁོད་ཚན་དང་པོའི་གཏན་འཁེལ་ལྟར་ལྟ་སྐྱོང་པ་གཏན་འཁེལ་མ་བྱས་གོང་། ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་དབང་ཆ་དང་རྒྱུ་ནོར་དབང་ཆ། གཞན་ད་རུང་ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་ལ་སྲུང་སྐྱོབ་བྱེད་མཁན་མེད་ན། ལྟ་སྐྱོང་བྱ་ཡུལ་གནས་སའི་གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། བཅའ་ཁྲིམས་ཁྲིམས་སྲོལ་སྟེང་གི་འབྲེལ་ཡོད་རྩ་འཛུགས་དང་ཡང་ན་དམངས་སྲིད་སྡེ་ཁག་བཅས་ཀྱིས་གནས་སྐབས་ཀྱི་ལྟ་སྐྱོང་པའི་འགན་འཁུར་དགོས།
ལྟ་སྐྱོང་པ་གཏན་འཁེལ་བྱས་རྗེས། རང་འདོད་ལྟར་བསྒྱུར་མི་ཆོག་པ་དང་། རང་འདོད་ལྟར་བསྒྱུར་ན། གཏན་འཁེལ་བྱས་ཡོད་པའི་ལྟ་སྐྱོང་པ་དེའི་འགན་འཁྲི་མི་ལེན་པ།
དོན་ཚན་སོ་གཉིས་པ། ཁྲིམས་ལྟར་ལྟ་སྐྱོང་པའི་ཐོབ་ཐང་ལྡན་པའི་མི་མེད་ན། དམངས་སྲིད་སྡེ་ཁག་གིས་ལྟ་སྐྱོང་པའི་འགན་འཁྲི་འཁུར་དགོས་པ་དང་། ལྟ་སྐྱོང་འགན་འཁྲི་འཁུར་རྒྱུའི་ཆ་རྐྱེན་ལྡན་པའི་ལྟ་སྐྱོང་བྱ་ཡུལ་འདུག་གནས་ཀྱི་གཞིས་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁུར་ཀྱང་ཆོག
དོན་ཚན་སོ་གསུམ་པ། དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཚང་མ་ཚང་བའི་མི་དར་མས། རང་ཉིད་ཀྱི་གཉེན་ཉེ་དང་ལྟ་སྐྱོང་པའི་འགན་འཁྲི་འཁུར་རྒྱུར་འཐད་པའི་མི་སྒེར་དང་ཡང་ན་རྩ་འཛུགས་ལ་སྔ་མོ་ནས་གྲོས་མོལ་བྱས་ཏེ། ཡིག་ཐོག་གི་རྣམ་པས་རང་ཉིད་ཀྱི་ལྟ་སྐྱོང་པ་གཏན་འཁེལ་བྱེད་ཆོག གྲོས་མོལ་གཏན་འཁེལ་བྱས་པའི་ལྟ་སྐྱོང་པ་དེས་མི་དར་མ་དེའི་དམངས་དོན་བྱ་སྤྱོད་ནུས་པ་ཤོར་བའམ་ཡང་ན་ཆ་ཤས་ཤོར་བའི་སྐབས་སུ། དེར་ལྟ་སྐྱོང་བྱེད་པའི་འགན་འཁུར་དགོས།
དོན་ཚན་སོ་བཞི་པ། ལྟ་སྐྱོང་པའི་འགན་འཁྲི་ནི་ལྟ་སྐྱོང་བྱ་ཡུལ་གྱི་ཚབ་བྱས་ཏེ་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ལག་བསྟར་བྱེད་རྒྱུ་དང་། ལྟ་སྐྱོང་བྱ་ཡུལ་གྱི་མི་ལུས་ཁེ་དབང་དང་རྒྱུ་ནོར་ཁེ་དབང་། གཞན་ད་རུང་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན།
ལྟ་སྐྱོང་པས་ཁྲིམས་ལྟར་ལྟ་སྐྱོང་འགན་འཁྲི་ལག་བསྟར་བྱས་པ་ལས་བྱུང་བའི་དབང་ཆར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་ཡིན།
ལྟ་སྐྱོང་པས་ལྟ་སྐྱོང་འགན་འཁྲི་མི་འཁུར་བའམ་ཡང་ན་ལྟ་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ན། ངེས་པར་བཅའ་ཁྲིམས་ཀྱི་འགན་འཁུར་དགོས།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1