༄༅། །སྟོན་མཇུག་གི་ཆར་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-16


      ནམ་སྟོད་ཀྱི་ཆར་བ་དེས་ཕྱི་རོལ་གྱི་འཇིག་རྟེན་ཧྲིལ་བོ་བརླན་གྱིས་བཟུང་བ་དེ་བཞིན་དུ། མཚན་མོ་དེའི་རྒྱུ་རྐྱེན་དུ་ཐེ་བའི་བུ་མོ་དེ་ཉིད་ཀྱི་མིག་ཆུ་ཁོ་ནས་ཀྱང་བདག་གི་ལུས་སེམས་ཀྱི་ཕྱི་ནང་ཀུན་ལ་རེག་ཐབས་བྲལ་བའི་འཁྱག་བསིལ་བསིལ་གྱི་སྣང་བ་ཞིག་བྱིན། 

      སྤྱིར་ན་རང་གི་དཀའ་སྤྱད་ཀྱི་འཚོ་བའི་བརྒྱུད་རིམ་དེ་ཡང་རྣམ་པ་མི་འདྲ་བའི་དཀྱོགས་མཚམས་མང་པོ་ཞིག་གིས་གསལ་ཁ་གྲོལ་ཡོད་ནའང་། བླང་དོར་གྱི་དབྱེ་བ་འབྱེད་དཀའ་བའི་གདམ་ག་དེ་དག་གི་དྲི་གཞིའི་མདུན་དུ། ངས་ཁོ་ཚོ་ནི་མིའམ་ཅི་ཞིག་ཡིན་པའི་ཐེ་ཚོམ་སྐྱེས་ཡོང་ལ། ཐ་ན་རང་ཅག་གི་སྐྱབས་གནས་སུ་གཤེགས་པའི་དཀོན་མཆོག་དེས་ཀྱང་ལས་དབང་ངན་པའི་རིགས་དེ་དག་ལ་ཇི་ལྟར་ནས་ཀྱང་ཁག་ཐེག་གི་བློ་ས་ཞིག་རྒྱག་ཐུབ་ཀྱིན་མེད་སྙམ་བྱུང་།
      དེ་ནི་སྟོན་མཇུག་གི་མཚན་མོ་ཞིག་སྟེ། སྒོར་ཞིང་ཟླུམ་པའི་ཟླ་བ་དེས་གྲོང་ཁྱེར་གྱི་མཁའ་དབྱིངས་ལ་གཏོར་བའི་འོད་ཟེར་ནི་ཧ་ཅང་བག་ཕེབས་སུ་གནས་ནའང་། སྟོན་རླུང་གིས་གཡབ་མོ་བྱས་པའི་དགུན་གྱི་གྲང་ངར་དེ་ད་སོ་མ་གཉིད་ལས་སད་པའི་བུ་ཆུང་ཞིག་གི་རང་བཞིན་ལྟར་དལ་གྱིས་གཡོ་འགུལ་དུ་བྲེལ་བས་ན་མི་རྣམས་ཀྱིས་ཀྱང་སྔ་ས་ནས་གྲ་སྒྲིག་བྱས་ཟིན་པའི་བལ་ཕྱར་དག་གྱོན་བཞིན་རང་རང་གི་ལས་ཀར་བྲེལ་གྱིན་འདུག
      གྲོགས་པོའི་ཁ་པར་ལྟར་ན་ཁོང་གི་མདུན་སར་བདག་ལ་འཐོབ་འོས་པའི་གསར་རྩོམ་གྱི་རྒྱུ་ཆ་འགའ་ཞིག་བརྗོད་དུ་ཡོད་གསུངས་བྱུང་བས། ངས་མཚན་མོའི་མི་ཚོགས་ཀྱི་ཟིལ་རྔམ་ཆེ་བའི་རླབས་རྒྱུན་དེ་འཕྲེད་དུ་གཤགས་ཤིང་གོམ་སྟབས་མགྱོགས་པོའི་ངང་གྲོང་ཁྱེར་གྱི་བཞི་མདོར་གྱུར་པའི་ལམ་ཆེན་དེ་དེད་ནས་ཐད་ཀར་རླངས་འཁོར་འབབ་ཚིགས་སུ་སོང་བ་ཡིན།
མཚན་མོའི་མི་ཚོགས་ཀྱི་འདུ་འཛི་དེ་རྐང་པ་གཉིས་པ་ཁོ་ནས་གྲུབ་པ་ཞིག་མ་ཡིན་པར་དུང་སྒྲ་ཆེ་ཆུང་གིས་ཁེངས་པའི་རླངས་འཁོར་དག་དང་། ཁེ་ཕན་གྱི་དོན་དུ་རེ་བའི་ཚོང་ཟོང་སྣ་ཚོགས། གཞན་ཡང་ཡི་ག་འགག་ཏུ་འཇུག་པའི་སྲོག་ཆགས་སྣ་ཚོགས་ཀྱི་ཤ་བསྲེགས་པའི་བར་སྟོང་དག་གིས་ཡོངས་སུ་ཁེབས་འདུག་ལ། ལམ་སྒྲོན་གྱིས་ཡོངས་སུ་མ་གསལ་བའི་མགྲོན་ཁང་ལ་ལ་ཞིག་གི་སྒོ་རའི་ཁྱམས་འོག་ཏུ་བརླ་ཡི་རི་མོ་ཕྱི་རུ་མངོན་པའི་བུ་མོ་མང་པོ་ཞིག་གནམ་གཤིས་ཀྱི་གྲང་སྣང་གིས་འདུག་མ་བཟོད་པར་ཡར་འགུལ་མར་འགུལ་བྱེད་ནའང་། ཁོ་ཚོའི་རྣམ་རིག་དེར་སུས་ཀྱང་འགྲན་དུ་མེད་པར་མི་ཚོགས་ཀྱི་ཁྲོད་དུ་ཕྱིར་བུད་དེ་ཁོ་ཚོའི་སར་སྙེག་གིན་པའི་སྐྱེས་པ་དག་གི་ཉམས་འགྱུར་ལ་ཅེར་འདུག བུ་མོ་དེ་དག་གིས་ཁ་རོག་གེར་གཞན་གྱིས་མི་གོ་བའི་སྐད་ཆ་ཤབ་ཤུབ་འགའ་བཤད་རྗེས་སྐྱེས་པ་དེ་དག་གི་མདུན་ནས་བསུ་ཞིང་ཁོ་མོ་ཚོར་འཐོབ་འོས་པའི་རེ་བ་དག་གྲུབ་རྗེས་ཐད་ཀར་སྐྱེས་པ་གཞན་ཞིག་གི་མིང་ནས་བོས་ཏེ་སྒོར་མོ་སྤྲོད་དུ་འཇུག་ཅིང་། གོ་ཐོས་སུ་སྐྱེས་པ་གཞན་དེ་ནི་རང་ཉིད་ཀྱི་ཁྱོ་ག་རེད་ཟེར། གལ་སྲིད་ཁྱོད་རང་གྲོང་ཁྱེར་གྱི་རྣམ་པ་འདི་ལ་ལོབས་མེད་མཁན་ཞིག་ཡིན་ཚེ། མི་དེ་དག་གིས་ཁྱི་སྤྱང་ངན་འབྲེལ་བྱས་ཏེ་ཁྱོད་ལ་མགོ་སྐོར་གཏོང་ངེས་ཤིང་ཐ་ན་གཅར་རྡུང་ཡང་བྱེད་སྲིད་ཟེར།
     བདག་གིས་བསླུ་བྲིད་ཀྱིས་ཁེངས་པའི་མིག་ཟུང་དེ་དག་ལ་གཡོལ་ཅི་ཐུབ་ཀྱིས་གྲོགས་པོའི་སར་སྙེགས་ཏེ་སོང་བ་ཡིན། མཚམས་འདིར་བདག་གིས་གལ་མི་ཆེ་བའི་བདག་གི་གྲོགས་པོ་དེ་མཚམས་སྦྱོར་ཞིག་བྱས་ན། ཁོ་རང་གཞི་རིམ་གྱི་གྲོང་གསེབ་ཀོག་པོ་ཞིག་ནས་འཚར་ལོངས་བྱུང་ཞིང་། འབྲིང་རིམ་དུ་སློབ་གཉེར་བྱེད་དུས་སུ་རྩོམ་ཡིག་ཁ་ཤས་ཤིག་དུས་དེབ་ཏུ་བཀོད་མྱོང་སྐད།
    ཡིན་ནའང་བདག་ལ་གལ་ཆེ་རྒྱུ་ཞིག་ནི་ཁོ་རང་བདག་གི་རྩོམ་ཡིག་ཀློག་རྒྱུར་དགའ་བའི་མི་ཞིག་ཡིན་པས་རེད་ལ། ད་ལྟ་ཁོ་ལས་བགོས་བྱས་མེད་པར་ཚོང་ཁང་ཆུང་ཆུང་ཞིག་གི་སྦྱིན་བདག་ཡིན་པས་ཁོ་གྲོང་ཁྱེར་དུ་འོང་བའི་གྲངས་ཀ་ཧ་ཅང་མང་བ་དང་། ཁོས་བྲིས་པའི་རྩོམ་ཡིག་འགའ་ཞིག་ལ་བདག་གིས་ཅི་ནུས་ཀྱིས་བསམ་འཆར་བཏོན་མྱོང་བས་ན་ངེད་གཉིས་ལ་གཏིང་ཟབ་པའི་འབྲེལ་བ་ཆགས་ཡོད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པ་དང་། ལྷག་པར་དུ་ཁོ་གྲོང་ཁྱེར་དུ་ཐོན་རྗེས་ཀྱི་ལས་ཀ་དང་པོ་ནི་བདག་སར་ཁ་པར་གཏོང་རྒྱུ་དེ་རེད།
    བདག་གྲོགས་པོ་བཞུགས་སའི་མགྲོན་ཁང་དུ་སླེབས་དུས་ཁོ་རང་སྔ་མོ་ནས་ར་བཟི་བར་གྱུར་ཡོད་ཅིང་། ཁོའི་གམ་དུ་སྐྱེས་གཟུགས་ལེགས་པའི་བུ་མོ་ཞིག་གིས་མཐའ་ནས་སྲུང་ཡོད་ལ་ཕར་བལྟས་ཚོད་ཀྱིས་ཤིན་ཏུ་བག་ཡོད་ཚུལ་ལྡན་གྱི་མོས་གུས་བཟུང་འདུག བུ་མོ་དེས་ང་ཡོང་བ་མཐོང་འཕྲལ་ཡར་ལངས་པ་དང་སྔར་གྱི་ལྷོད་འཇགས་སུ་གནས་པའི་གུས་པ་ཆེན་པོ་དེ་ཡོངས་སུ་ནས་དོར་ཏེ་འཛད་སྤྱོད་ངན་པའི་ཆགས་ཉམས་ཀྱིས་ཁེངས་པའི་མིག་ཞགས་ལ་བསླུ་བྲིད་ཀྱི་རི་མོ་འགའ་ཞིག་འབྲི་འགོད་བྱེད་ཀྱིན་བདག་སར་གཟས་ཏེ་ཐོན་བྱུང་བས། ང་ནི་ཚེར་མས་ཁེངས་པའི་སྟན་ལ་བསྡད་པ་དང་འདྲ་བར་སྡོད་བཟོད་མེད་པར་གློ་བུར་དུ་ངག་ནས། ང་གཉེན་སྒྲིག་བྱས་ཟིན། ཞེས་པའི་ཚིག་འགའ་ཤོར་བས། བུ་མོ་དེས་ཀྱང་དོགས་མི་བདེ་བའི་ཉམས་ཚུལ་གྱིས་ང་ལ་ཡར་བཞུགས་ཞེས་ཤུབ་བུར་སྨྲས་བྱུང་། 
    ངས་ཞེ་སེམས་ལྷོད་པའི་ངང་བུ་མོ་དེ་ལ་ཞིབ་ཏུ་བལྟས་དུས། ཁོ་མོའི་ཅུང་དམར་ཞིང་སྒོར་བའི་བཞིན་གྱི་མདངས་ཉམས་དེ་ད་ལྟ་རང་ལོ་ཉི་ཤུ་ཡོལ་བ་ཙམ་གྱི་ཚོད་དུ་འདུག་ནའང་། བསླུ་བྲིད་ཀྱིས་ནོགས་པའི་མིག་ཟུང་ལ་ན་ཚོད་ལས་བརྒལ་བའི་རྒས་ཉམས་ཀྱི་རང་བཞིན་ཞིག་འཚེར་འདུག་པས། ཁོ་མོའི་འདས་ཟིན་པའམ་ཡང་ན་ད་ལྟའི་འཚོ་བའི་ངོ་བོ་དེ་ཉིད་བདེ་སྐྱིད་དུ་སྡོད་མ་ཚུགས་པའི་བསམ་དོན་རྟོགས་ཡོང་ལ། མྱོས་བུམ་གྱི་འདོད་བརྩེ་ཧྲིལ་བོ་བྲང་ནས་མ་ཁོགས་པར་སྒྲོག་གུ་བསྣོལ་སའི་མཚམས་སུ་ཕྱིར་འབུར་བའི་བཟོ་ལྟ་ལ་ལྟ་བཞིན། བདག་གི་སེམས་སུ་སྔ་ན་མེད་པའི་སྐྱུག་མེར་ལངས་ཡོང་ཞིང་། དེ་སྔོན་གྱི་སྒོ་རའི་ཁྱམས་འོག་གི་བུ་མོ་དེ་ཚོའི་བརླ་ཡི་རི་མོ་ཕྱི་རུ་མངོན་པའི་སྣང་བརྙན་དག་མིག་ཟུང་ལ་ལན་ཅིག་ཤར་ཡོང་བ་དང་ཡོད་ཚད་ཀྱི་ཡོད་ཚད་འཚང་ཁ་ཤིག་ཤིག་གིས་ཁང་བ་འདིའི་ནང་དུ་ཐོན་ཡོང་སྙམ་པའི་དངངས་སྐྲག་ཅིག་སྐྱེས་སུ་བཅུག
   སྐབས་དེར་བུ་མོ་དེ་ཅུང་ཟད་འཛུམ་བཞིན་སྤོབས་པ་ཆེན་པོས། ཁྱོད་ཀྱིས་ཆུང་མ་མ་གཏོགས་ངོ་མི་ཤེས་ན་བཟང་མོད་ཀྱི། ད་ལྟའི་མི་རྣམས་ཀྱི་འཚོ་བ་དེ་དགོས་དངོས་ཀྱི་འདུན་པ་ལས་ཡོངས་སུ་བརྒལ་ཡོད་པ་ཡིན་ན། སྐྱེས་པ་ཚོས་བུད་མེད་ལོངས་སུ་མི་སྤྱོད་པ་ནི་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་གྱིན་འདུག་ཅེས་བརྗོད།
   བདག་གིས་ལན་དུ་ད་ལྟ་ནི་དུས་རབས་ཉེར་གཅིག་པ་ཡིན་པས་བུད་མེད་རྣམས་སྐྱེས་པ་དག་གི་རྩེད་ཆས་སུ་བགྲངས་རུང་བའི་སྐལ་བ་དེ་མཇུག་རྫོགས་སོང་ཞེས་བརྗོད་ཆོག་ལ། ཁྲིམས་ལུགས་ཀྱི་ཐག་གཅོད་ལྟར་ནའང་ཕོ་མོ་འདྲ་མཉམ་ཡིན་ཞེས་བརྗོད་ཀྱིན་ཡོད་པ་མ་ཡིན་ནམ།
   ཨོ། ཁྱོད་ཀྱིས་དུས་རབས་ཉེར་གཅིག་ཟེར་རམ། དེ་ཉིད་ངེད་བུད་མེད་ཚོ་དང་འབྲེལ་བ་ཅི་ཞིག་ཡོད། ལྷག་པར་དུ་སྨད་འཚོང་གི་ལས་འདིའི་རིགས་ལ་འབྲེལ་བ་ཅི་ཞིག་ཡོད། ”ཅེས་ང་རྒྱལ་གྱིས་བརྗོད་བྱུང་།
   བདག་གིས་བུ་མོ་དེའི་སྤོབས་སེམས་ཀྱིས་ཁེངས་པའི་ཞེ་སྡང་ལ་ངོ་མཚར་དང་བཅས ཅི་ཟེར། ཞེས་རང་ལ་དྲི་བ་ཞིག་འཕངས་པ་ཏག་ཏག་བུ་མོ་དེའི་དྲི་གཞི་རུ་གྱུར་པས་ཁོ་མོའང་ཅུང་ཙམ་དོགས་མི་བདེ་བའི་ཉམས་ཀྱིས།  ཨོ། ངས་རང་དགར་ལབ་པ་ཙམ་ཡིན། ད་ལྟའི་དུས་སུ་གྲོང་ཁྱེར་དུ་འཚོ་ཐུབ་མཁན་རྣམས་ལ་མ་མཐའ་ཡང་མཐོ་འབྲིང་གི་ཆུ་ཚད་ཡོད་ངེས་པས། ཁྱོད་ཀྱིས་གྲོང་ཁྱེར་གྱི་དཔེ་ཆ་པ་ཞིག་གི་སྤྱོད་སྟངས་ལྟར་བདག་ལ་ཀུན་སྤྱོད་ཀྱི་སློབ་གསོ་གནངས་བྱུང་བས། བདག་གིས་ཀྱང་རང་ཉིད་རྨོངས་པ་ཞིག་མ་ཡིན་པའི་བདེན་དཔང་གི་ཆེད་དུ་དེ་ལྟར་ལབ་པ་ཡིན། 
   བུ་མོ། ཁྱོད་ལ་མངོན་གསལ་དུ་བུ་མོ་ཕལ་བ་ཞིག་མ་ཡིན་པའི་སྤྱོད་སྟངས་མཚར་བོ་ཞིག་དང་ཤེས་བྱ་མི་དམན་པ་ཞིག་ཡོད་ངེས་ན། ཁྱོད་ཀྱིས་ན་ཚོད་ཕྲ་བའི་ལང་ཚོ་འདི་དེ་ལྟར་ཆུད་ཟོས་སུ་གཏོང་ག་ལ་རུང་། གལ་སྲིད་ལས་འདི་རིགས་ཀྱི་ལམ་བུ་ཁོ་ན་ཙམ་ལས་རང་ཉིད་འགྲོ་སའི་སྒོ་གླེགས་ཤིག་མེད་སྙམ་ཡོད་ན། བདག་གིས་ཁྱེད་ལ་འཚམ་པའི་ལས་གནས་ཤིག་མཚམས་སྦྱོར་བྱས་ཆོག དེ་ལ་ཁྱོད་ཉིད་རློམ་དང་ཆོག་སྐད་ཆ་དེ་དེ་འདྲའི་སྙིང་ཉེ་བའི་ཚིག་དོན་ཞིག་མ་ཡིན་པར་བདག་གི་རྣ་སྒོར་ཐེངས་མང་བརྒྱུད་མྱོང་བ། རེ་རེ་ནས་རེ་རེ་བཞིན་སྨོན་པ་ནས་ཕམ་ཁའི་ཕྱོགས་སུ་དེད་པའི་ལམ་བུ་ཞིག་ཏུ་གྱུར་ཡོད་ཅིང་། ཐ་ན་རང་ཉིད་ལས་ཀ་འདིའི་རིགས་གཉེར་མཁན་དུ་གྱུར་པའང་སྐད་ཆ་འདི་ལྟ་བུ་དག་ཡིན་པས། ངས་སྐད་ཆ་འདིའི་རིགས་བཤད་མཁན་གྱི་མི་དག་ནི་རང་ལ་གནོད་བྱའི་སྲིན་པོ་ཞིག་ཏུ་ངོས་འཛིན་བཞིན་ཡོད། དེའི་རྒྱུ་མཚན་ཁྱོད་ཀྱིས་ཧ་གོ་སོང་ངམ། བདག་གིས་རིག་གནས་ཀྱི་རྨང་གཞི་ཅུང་ལྡན་པའི་བུད་མེད་ཐ་ཤལ་ཞིག་དང་ཐོག་དང་པོར་ཁ་རྩོད་བརྒྱབ་པ་ཡིན་ཕྱིན་གོང་གི་སྐད་ཆ་དག་ལ་ཧ་ཅང་ཡ་མཚར་སྐྱེས་བཞིན། ཡང་སྙིང་ཁྱོད་སློབ་གྲྭ་ཞིག་ཏུ་མ་སོང་བའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པར།
   ཁོ་མོའི་བསམ་བློ་ལའང་གཡོ་འགུལ་ཆེན་པོ་ཞིག་ཐེབས་པ་ནང་བཞིན་སྡུག་སྣང་གིས་མཆེད་པའི་མིག་ཟུང་ལ་མཆི་མ་མེར་རེ་བ་ཞིག་འཁྱིལ་གྱིན་ཁྱོད་ཀྱིས་རྩོམ་པ་པོ་མོ་པོ་སང་གི«བུད་མེད་ཅིག་གི་ཡུལ་བྱོལ་ལོ་རྒྱུས»ཞེས་པའི་རྩོམ་ཡིག་དེ་བཀླགས་མྱོང་ངམ། གལ་སྲིད་བཀླགས་ཡོད་ཚེ་ང་རང་ཉིད་བུད་མེད་དེ་ལས་ཀྱང་ཧ་ཅང་ལས་ངན་པའི་རིགས་སུ་གཏོགས། རྒྱུ་མཚན་ནི་རང་ཉིད་མུན་ནག་གི་སྤྱི་ཚོགས་ཤིག་དང་རིང་དུ་གྱེས་པའི། འཚོ་བའི་དཀར་ངོགས་དེའི་ནང་གི་མི་ནག་པོ་ཞིག་ཏུ་སྐྱེས་ཡོད་པས་ཡིན། རང་ལོ་ཆུང་དུས་སུ་ང་ལའང་ཕུན་སུམ་ཚོགས་པའི་རྨི་ལམ་གྱི་ལྗོངས་ཆེན་ཞིག་ཡོད་ནའང་། ད་ནི་ཡོད་ཚད་འགྱུར་སོང་། འགྱུར་སོང་བའི་སྡུག་བསྔལ་འདི་སུས་ཀྱང་བརྗོད་ཐབས་མི་འདུག་ཅེས་མིག་ཆུ་བཞུར།
བདག་གིས་སླར་ཡང་གལ་སྲིད་ཁྱོད་ལའང་རྩོམ་ཡིག་གི་དགོས་མཁོར་གཏོགས་པའི་སྡུག་བསྔལ་གྱིས་བཞེངས་བསྐྲུན་ཐུབ་པའི་སྤྱི་མཚོན་ཅན་གྱི་ལམ་བུ་ཞིག་ཡོད་ན། ཁྱེད་ནས་མ་གསང་དྲང་བོར་ཤོད་དང་། ང་ཚོའི་ཕྱི་རབས་པ་རྣམས་ལ་ལམ་ཁ་འདི་ནི་ཉེན་ཁའི་རང་བཞིན་དུ་འདུག་པའི་རྨོངས་སྐུལ་གྱི་ཅོང་བརྡ་ཞིག་བརྒྱབ་ན་མི་ཆོག་གམ་ཞེས་བཤད། ཁོ་མོས་ཁྱོད་རང་རྩོམ་འབྲི་མཁན་ཞིག་ཡིན་ནམ་ཟེར། བདག་གིས་བདེན་པའི་བརྡ་ལ་མགོ་བོ་ནང་དུ་ལྡེམ་པར། བུ་མོ་དེས་ཀྱང་སྙིང་སྟོབས་ཆེན་པོས་རང་ཉིད་ཀྱི་སོང་ཚར་བའི་ལམ་བུ་དེ་སླར་ཡང་མིག་ཆུའི་གཙང་པོར་བསྙེགས་པའི་ཕྱིར་དྲན་གྱི་གྲུ་ཆུང་ཞིག་ལ་སྐྱབས་བཅོལ་བཞིན་འདི་སྐད་སྨྲས་བྱུང་།
    རེད་ཡ། སྐད་ཆ་འདི་དེ་ལྟར་རང་དགར་ལབ་ཆོག་པ་ཞིག་གང་ན་ཡིན། ཐ་ན་ངས་དུས་གང་ཞིག་ནས་འགོ་འཛུགས་དགོས་པའང་མི་ཤེས། དོན་དག་འདི་ང་ཁོ་ནར་བྱུང་བ་ཞིག་མ་ཡིན་པར་ལས་འདིའི་རིགས་གཉེར་མཁན་གྱི་བུ་མོ་ཕལ་ཆེ་བ་ཞིག་གི་གཏམ་རྒྱུད་དུའང་འགྲོ་ངེས། གལ་སྲིད་ཁྱོད་རང་ཉིད་ཀྱང་བུད་མེད་ཀྱི་ལུས་རྟེན་ཐོབ་ཡོད་མཁན་ཞིག་ཡིན་དུས། ད་གཟོད་ཁྱོད་ཀྱིས་ཡོད་ཚད་ཅིག་རྟོགས་ངེས། ལས་འདི་རིགས་གཉེར་མཁན་གྱི་བུད་མེད་དག་ནི་དམྱལ་བ་མི་ཡུལ་དུ་མྱོང་བའི་སྡུག་ལས་པ་དག་ཡིན་པས། ཁོ་ཚོ་རང་ངོས་ནས་བཏོན་པའི་འཚོ་བའི་མཇུག་འབྲས་མཐའ་དག་ནི་བདེ་སྐྱིད་ཀྱིས་ཕྱུག་པའི་འཚོ་བའམ་འཇིག་རྟེན་འདི་ལ་འགྲན་སློང་བའི་ཆོད་སེམས་ཙམ་གྱི་དམིགས་ཡུལ་ལས་གཞན་མེད་ཀྱང་སྲིད། ཡིན་ནའང་ལས་ངན་པའི་སེམས་ཅན་གང་ཞིག་ཇི་ལྟར་སྡོད་མི་བཟོད་པའི་དུས་སུ། ཐ་ན་ཁེར་རྐྱང་དང་སྐྱོ་སྡུག་སོགས་མིའི་རིགས་ལ་ལྡན་ངེས་ཀྱི་མཐའ་མཇུག་གི་འཚོ་བ་དེ་ཉིད་ལས་ལོགས་སུ་ཐ་དད་པའི་དུས་སུ། ཁྱོད་ཀྱིས་རང་ཉིད་ལ་གདམ་བྱ་གང་ཞིག་གིས་བསླུ་བྲིད་བྱེད་ཐུབ་བམ། དེ་ནི་རྩ་བ་དང་མཐུན་པའི་དམིགས་ཡུལ་གང་ཞིག་ཀྱང་མིན་ནའང་། ཁྱོད་ཀྱིས་རང་ཉིད་ལ་ཕྱོགས་གང་ནས་ཀྱང་སྡུག་བསྔལ་གྱི་ཁྲུན་ཐག་རེ་གཅོད་ངེས། འདི་ནི་མི་དེ་རིགས་ཀྱི་སྒེར་ལ་དབང་བའི་འཚོ་བ་ཉག་གཅིག་ཡིན། དེ་ལྟ་ནའང་ང་མི་དེ་ཚོ་དང་བསྡུར་ན་བར་ཁྱད་ཆེན་པོ་ཞིག་ཡོད། དེའི་རྒྱུ་མཚན་ནི་ངའི་ཕ་མ་གཉིས་ད་ལྟའང་འཇིག་རྟེན་འདི་ན་འཚོ་ཞིང་གཞེས་ལ། ཡུལ་མི་སྤུན་ཟླ་དང་བཅས་པའི་མི་མང་པོ་ཞིག་གིས་ང་རང་ཕ་ཡུལ་དུ་ལོག་པར་རེ་ཞིང་བསྒུགས་ཡོད་པས་ཡིན། འོན་ཀྱང་ང་ཕ་ཡུལ་དུ་འགྲོ་ཐུབ་པའི་བློ་སྤོབས་ཤིག་གང་ན་ཡོད།
    དེ་དུས། ང་ལོ་བཅོ་བརྒྱད་ཡིན་ཞིང་། མཐོ་འབྲིང་གི་འཚོ་བ་མཇུག་རྫོགས་ནས་སློབ་ཆེན་ལ་རྒྱུགས་སྤྲོད་པའི་དུས་ལ་བསླེབས། ང་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་སྦྱོང་ལ་འབད་པ་བྱེད་པའི་སྒང་དེར། ངའི་མི་ཚེ་ཡི་གཤིན་ས་གྱ་ནོམ་པར་གློ་བུར་མི་འདོད་པའི་སེར་བ་ཆེན་པོ་ཞིག་བབས། དེ་ནི་ངའི་རང་རྣམ་དུ་གཏོགས་ཀྱང་ལོ་རྒྱུས་ཀྱི་ཡིག་ཚགས་ལ་བྲི་མི་རུང་བའི་ནག་ཉེས་ཆེན་པོ་ཞིག་ཡིན། ཉིན་དེར་བདག་གིས་བསླབ་གཞིའི་དཔེ་ཆ་དག་མཆན་ལ་བཙུར་ནས་སྒོའི་ཕྱི་རོལ་དུ་རང་སྦྱོང་བྱེད་དུ་འགྲོ་དུས་མི་ཞིག་གིས་ངའི་རྒྱབ་ཕྱོགས་ནས་ངའི་མིང་ནས་འབོད་ཀྱིན་པ་ཐོས། ངས་མི་དེར་ཞིབ་ཏུ་བལྟས་ཚེ། དེ་ནི་ལོ་ངོ་དྲུག་ཙམ་ལ་འཛིན་གྲྭ་གཅིག་ཏུ་བསྡད་མྱོང་བའི་གྲོགས་མོ་སྒྲོལ་དཀར་རེད། མོའི་གཞུང་དྲང་གི་རང་གཤིས་ལས་འགྱུར་མེད་ཀྱི་སྙིང་སྟོབས་ཤིག་མངོན་ཡོད་ཅིང་། མིག་དཀྱུས་ཀྱི་འཛུམ་མདངས་ལས་ཀྱང་ཁོ་མོའི་ངག་ན་བདག་ལ་འཐོབ་འོས་པའི་སྐད་ཆ་ཁྱད་པར་བ་ཞིག་ཡོད་པ་རྟོགས་ཐུབ། ཁོ་མོ་ཅུང་ཉེ་སར་འབྱོར་དུས་ཧ་ཅང་གཟབ་ནན་གྱི་ངང་ཕར་ཚུར་ལ་མིག་བཤེར་ཞིག་བྱེད་བཞིན ཨེ། ཁྱོད་ཀྱིས་ཨེ་གོ བར་ལམ་ང་ཚོའི་རྫོང་མཁར་འདི་ན་ལྷའི་རྣམ་སྤྲུལ་དུ་ཡིད་ཆེས་རྙེད་པའི་མོ་བ་ཆེན་པོ་ཞིག་བསླེབས་ཡོད་ཅིང་། ཁོས་ངེད་ཅག་སློབ་མ་རྣམས་ཀྱི་རྒྱུགས་འཕྲོད་མིན་ལ་གདེང་ཚོད་ཡོད་པའི་ལུང་བསྟན་གནང་གིན་འདུག་ཟེར་ཞེས་ངོ་མཚར་གྱིས་བཤད། ང་ཡང་གནས་ཚུལ་དེ་ལ་ཅུང་ཡ་མཚར་བའམ་དོགས་པ་འདྲ་སྐྱེས་ནའང་རང་ཉིད་ཀྱི་སློབ་སྦྱོང་གི་འབྲས་བུ་དེ་ད་ལྟ་ཉིད་དུ་ཤེས་ན་འདོད་པའི་བློ་ཚུལ་གྱིས་ཁོ་མོ་དང་ལྷན་དུ་མོ་བའི་སར་བསྙེགས་པ་ཡིན། ངོ་མ་ཁོ་མོས་བརྗོད་པ་ནང་བཞིན་མོ་བ་དེའི་ལུང་བསྟན་གཉན་པའམ་ཡང་ན་ང་ལྟ་བུའི་རེ་འདོད་ཅན་མང་པོ་ཞིག་ཡོད་པ་གང་ཡིན་མི་ཤེས་མོད། མོ་བའི་སར་མི་རྣམས་ཀྱིས་འཚང་ཁ་རྒྱག་གིན་འདུག དུས་ཚོད་ཕྱེད་ཙམ་ལ་བསྒུགས་རྗེས་ངེད་གཉིས་ཀྱང་མོ་བའི་མདུན་དུ་བསླེབས་བྱུང་། ངོ་དབྱིབས་ཕྲ་བའི་མོ་བ་དེའི་མགོ་ལ་ར་ཐུམ་ནག་པོ་སླ་ང་འདྲ་ཞིག་བརྒྱབ་ཡོད་པ་དང་། གདོང་ངོས་ན་ཕྱིར་ཆེ་རུ་བུད་པའི་མིག་ཤེལ་ནག་པོ་དེས་གདོང་གི་ཕྱེད་ཀ་ཟིན་ཡོད་པས། བདག་གིས་མོ་བ་ཁོང་གི་ཝུ་བ་ཕྱིར་འཕྱུར་གྱིན་པའི་ཁ་སྤུ་སྟུག་པོ་དེའི་ནང་གི་མཆུ་སྒྲོས་མཐོང་བ་མིན་ན་འདི་ནི་མི་ཞིག་གི་ངོ་གདོང་ཡིན་སྙམ་པའི་བག་ཆགས་ཅི་ཡང་སྟེར་མ་ཐུབ།
    མོ་བ་དེའི་ལག་ཏུ་ཐོགས་པའི་མེ་ཤེལ་ཆེན་པོ་དེས་བདག་གི་ལག་མཐིལ་ལ་གསལ་བོར་ཐེངས་གཅིག་བལྟས་རྗེས།  ཨོ་རེད། ཁྱོད་རྒྱུགས་སྤྲོད་སློབ་མ་ཞིག་རེད་འདུག ཡིན་ན་ཡང་ཁྱོད་ལ་རྒྱུགས་འཕྲོད་རྒྱུའི་སྐལ་བ་མི་འདུག ཁྱོད་ཀྱི་ཁྲོལ་ཚགས་ལྟ་བུའི་ལག་མཐིལ་གྱི་ཤུར་མོ་འདི་དག་གིས་ཁྱོད་ཀྱི་འཚོ་བ་དེ་ཡུན་བརྟན་མེད་པའི་མཇུག་འབྲས་མཚོན་འདུག་ལ། ད་ལྟའི་བདེ་ཞིང་སྐྱིད་པའི་འཚོ་བ་འདི་ཡང་དགུང་གི་འཇའ་ཚོན་ནང་བཞིན་ཡལ་འགྲོ་ཞིང་། ཚེ་མཇུག་སྡུག་བསྔལ་གྱི་བག་ལ་ཞ་ངེས། འོན་ཀྱང་ཁྱོད་རང་འཚོ་བར་ཡིད་ཆེས་དགོས། དུས་ནམ་ཞིག་ལ་རང་གི་འདོད་བརྩེ་དང་མཐུན་པའི་སྐྱ་ཡ་ཞིག་རྙེད་ངེས་ཤིང་། དེ་དུས་ཁྱོད་ཀྱི་ཡོད་ཚད་ལ་འགྱུར་ལྡོག་འབྱུང་ངེས་ཡིན། དུས་རྒྱུན་དུ་རྟ་མགྲིན་གྱི་སྔགས་འདོན་རྒྱུ་མ་བརྗེད། གཉེན་འགྲིག བུ་ཡོད་ཅེས་གསུངས་བྱུང་བས། བདག་གི་གློ་སྙིང་དེ་ཨེན་ཙམ་མིན་ན་ཁ་ནང་ལ་ཐོན་པ་ཙམ་བཟོས། མི་ཚོགས་ལས་ཕྱིར་བུད་རྗེས་ངའི་རང་གི་གྲོགས་མོ་དེ་ཡང་གང་སར་གནས་པ་ངོས་མ་ཟིན་པར་སྡུག་བསྔལ་གྱི་གོམ་ཁ་རང་ཡུལ་ལ་བསྒྱུར་བ་ཡིན།
    སྐབས་དེ་ནས་བཟུང་བདག་ལ་སློབ་སྦྱོང་བྱེད་རྒྱུའི་འདུན་པ་ཨེན་ཙམ་ཡང་མེད་པར་སེམས་ཁྲལ་གྱི་ངང་ནས་ཉི་མ་རེ་རེ་བཞིན་ཕར་བསྐྱལ་ཅིང་། མཚན་མོའི་རྨི་ལམ་དུའང་རང་ཉིད་ཀྱིས་རྒྱུགས་མ་འཕྲོད་པའི་རྣམ་པ་དག་འཆར་གྱིན་འདུག ཡང་ལན་རེར་བདག་གི་སེམས་སུ། ལྷ་བ་མོ་བ་རྩིས་པ་གསུམ། འཇིག་རྟེན་ཁམས་ཀྱི་རྫུན་རྐྱལ་གསུམ་ཞེས་པའི་བཤད་ཚུལ་དེ་དྲན་བཞིན་ཅི་ནུས་ཀྱིས་སྔར་ཡོད་ཀྱི་སེམས་ཁྲལ་དག་ཞུ་དགོས་སྙམ་ནའང་། ནུས་མེད་ཀྱི་རེ་བའི་སྙིང་ཆུང་དེ་བུ་མོའི་སེམས་ཞེས་པའི་སྡུག་ཐུག་གི་ཐོབ་སྐལ་ཞིག་གིས་ཡོངས་སུ་བཅོམས་ཏེ་སྐྱི་གཡའ་བའི་རྨི་ལམ་ཞིག་སླར་ཡང་བདག་གི་སྔས་གོང་དུ་བབས་པས། ང་འདོགས་ཐག་དེ་ལས་འགྲོལ་ཐུབ་པའི་རེ་བའང་སྟོང་ཟད་དུ་གྱུར་སོང་། དེ་ལྟར་དེ་ལྟ་བུའི་སེམས་ཁྲལ་གྱི་འོག་ཏུ་ལོ་དེར་བདག་གིས་དངོས་སུ་སློབ་ཆེན་ལ་རྒྱུགས་མ་འཕྲོད་ཅིང་བསྟུད་མར་ལོ་གཉིས་ལ་སྤྲད་ཀྱང་རྒྱུགས་འཕྲོད་མ་སོང་། རྗེས་སུ་བདག་གི་སེམས་པར་རང་ཉིད་ནི་ཁྱིམ་རྒྱུད་ཀྱི་རྐང་འདྲེན་ལ་གཏོགས་ངེས་ན་ཅི་ནས་དབེན་པའི་གནས་ཤིག་ཏུ་རྣམ་དག་གི་བཙུན་མ་ཞིག་བྱ་དགོས་སྙམ་ནའང་། འདྲིས་ཆེ་བའི་ཇོ་དགོན་ཞིག་ཉེ་གམ་ན་མེད་པ་དང་། ཚུལ་དེ་ཡང་གློ་བུར་བའི་ཁོང་ཁྲོས་སྐྱེད་པའི་ཨུ་ཚུགས་ཙམ་གྱིས་རང་ཉིད་དངོས་སུ་བཙུན་མ་བྱེད་ག་ལ་ཐུབ། དེ་བཞིན་རིམ་འཕྲོས་ཀྱི་བྱ་བ་དེ་དག་བྱུང་བས་བདག་གི་སེམས་པ་སྐད་ཅིག་ཙམ་ཡང་སྡོད་མ་བཟོད་པར་རང་ཉིད་ལ་གཤོག་པ་ཞིག་ཡོད་ན་དམིགས་ཡུལ་མེད་པའི་ས་ཕྱོགས་ཤིག་ལ་འཕུར་རྒྱུ་བྱུང་ན་བསམ་ཡོད། 
    ངོ་མ་མི་ཡུལ་གྱི་བྱ་བ་མཐའ་དག་ནི་ལམ་ཁ་ལྡོག་ཕྱོགས་སུ་ནོར་འདུག་པ་དང་འདྲ་བར་འགྲོ་མི་རུང་བའི་གནས་དེར་ང་ཚོ་ཅི་ནས་ཀྱང་འགྲོ་དགོས་འདུག དེ་ལྟའི་སྡུག་བསྔལ་གྱི་སེམས་ཁྲལ་བདག་དང་ཉེ་བར་བཅར་དུས་ཤིག་ལ་ད་གཟོད་ངེད་ཚང་གི་བཟང་སར་གྱུར་ཡོད་པའི་བན་ལོག་དེ་ངའི་འཚོ་བའི་ལྡེབས་རིས་ངོས་ལ་སྨུག་པ་བཞིན་འཐིབ་བྱུང་། ཁོའི་དངོས་མིང་ལ་ཅི་ཞིག་ཟེར་བ་མི་ཤེས་ནའང་ཨ་ཕའི་ཉེ་མགྲོན་དུ་གྱུར་བའི་གྲྭ་བ་དེ་དག་བརྒྱུད་ཁོའང་ངེད་ཚང་གི་ནང་མི་ལྟ་བུར་གྱུར་ཡོད། 
   སྐབས་དེར་དམིགས་ཡུལ་ཅི་ཡང་མེད་པས་ཁོང་གི་སྐད་ཆ་ལ་དེ་ལྟའི་སྣང་འཇོག་ཆེར་བྱས་མེད་ནའང་། ཁོས་རྒྱུན་དུ་གླེང་བ་ནི་ནུས་ཐབས་ཟད་པའི་མི་མང་པོ་ཞིག་ལ་ཚེ་སྲོག་ལས་ལྷག་པའི་དགོས་ངེས་ཀྱི་འཚོ་བའི་རྨང་གཞི་བཙུགས་ཏེ་ལྷ་ས་དང་། ན་གོར་མོ། འགྲམ་སོགས་སུ་ཁེ་ལས་གཉེར་དུ་བཅུག་ཡོད་པའི་གཏམ་ཕྲན་བུ་རེ་ཐོས་མྱོང་བས། ངས་ཀྱང་རེ་བ་ཆེན་པོའི་ངང་ཁོང་ཉིད་ཕེབས་རྒྱུའི་རེ་ལྟོས་ངང་ཉི་མ་འཁྱོལ་ཐབས་བྱས་པ་ཡིན། 
   དེ་ལྟར་ལོ་ཕྱེད་ཙམ་འགོར་བའི་ཉིན་ཞིག་ལ་ཁོ་དངོས་སུ་བསླེབས་བྱུང་། བསླེབས་ནས་ཀྱང་བྱ་བ་བདེ་བླག་ངང་གྲུབ་སྟེ་ངེད་གཉིས་ནམ་ཕྱེད་དུ་ལམ་ལ་ཆས་བཞིན་ཐད་ཀར་གྲོང་ཁྱེར་འདིར་ཡོང་བ་ཡིན། ལོབས་འདྲིས་མེད་པའི་ཟང་ཟིང་གི་འཚོ་བ་དེས་ངའི་ཞེན་ཆགས་ཀྱི་སེམས་ངོར་བྲེལ་འཚུབ་ཀྱིས་ཁེངས་ནའང་། ཕ་ཡུལ་གྱི་གཉེན་ཉེ་དག་གི་སེམས་པ་དཀྲུགས་མ་དགོས་པས་རེ་ཞིག་ཡིད་སེམས་ལྷོད་ལ་བབས་བྱུང་། དེ་ལྟ་མོད་ཀྱི་རང་ཅག་གི་རྒྱུ་འབྲས་ལ་ཡེ་ཤེས་ཀྱི་སྤྱན་སྟོང་བཀོལ་བའི་ནམ་མཁའ་ཆེན་པོ་དེས་ངའི་བྱས་ཉེས་མཐའ་དག་དེ་ལྟར་རྒྱ་ཡན་དུ་གཏོང་ག་ལ་སྲིད། དེ་ནི་འགོ་བརྩམས་པ་ཙམ་རེད། རྗེས་སུ་བདག་ལ་མངལ་སྦྲུམ་ཞིང་འཚོ་བའི་རྨང་རྡོ་གཞི་ནས་ཉིལ་བའི་ནུས་མེད་ཀྱི་བློ་ཁ་དེ་ཅུང་ཙམ་ཇེ་བརྟན་ལ་བུད་སོང་སྙམ་མོད། བསམ་ཚུལ་དེ་ཡང་རྩ་བ་ནས་ནོར་འདུག བན་ལོག་གིས་བཤད་ན་ངེད་གཉིས་ད་དུང་ལོ་ན་ཆུང་ཞིང་ཁྱིམ་ཚང་གི་དགོས་མཁོའི་རྨང་གཞི་ངེས་ཅན་ཞིག་འདང་མེད་པས་ད་ལྟ་ཉིད་དུ་བུ་ཕྲུག་གསོ་བ་སྤྲང་པོའི་རྩམ་ཁུག་ནང་ལ། མི་དགོས་རླུང་འཚུབ་གཡུག་པའི་དཔེ་ལྟར་འོས་མེད་པས་ང་ལ་ངེས་པར་དུ་སྨན་བཏུང་སྟེ་སྦྲུམ་དེའི་སྲི་བཤིག་དགོས་པར་བསྐུལ།
རེད་ཡ། ངས་ཡར་སྔོན་བརྗོད་ཡོད་པ་ནང་བཞིན་དངོས་གནས་ཁྱེད་རང་ཉིད་བུད་མེད་ཀྱི་ལུས་རྟེན་ཐོབ་མཁན་ཞིག་ཡིན་དུས་ད་གཟོད་ཁྱོད་ཀྱིས་ཡོད་ཚད་ཅིག་རྟོགས་ངེས། ཁྱོད་ཀྱི་བསམ་ན་སྐབས་དེ་དུས་ཀྱི་བདག་གི་སེམས་ནི་ཇི་ལྟ་བུ་ཞིག་ཡིན་ངེས། རང་ཉིད་འཇིག་རྟེན་འདིའི་རྩ་དོན་དང་མཐུན་པའི་རླབས་ཆེན་གྱི་མ་ཡུམ་ཞིག་ནས་ཐད་ཀར་བུ་གསོད་ཀྱི་ལག་དམར་ཞིག་ཏུ་གྱུར་པའི་གོ་རིམ་འདི་ལ་བསམ་བློ་གཏོང་ཕོད་དམ། རྨ་ཁ་མེད་པའི་ཁྲག་བཏོན་གྱི་འཐབ་འཛིང་དེ་དེ་ལྟར་གོག་མ་ལངས་ཀྱིས་མཇུག་རྫོགས་ནས་ཤད་འཇོག་སའི་མཐའ་ལ་བསླེབས་དུས་བདག་གི་འཚོ་བའི་ས་མཚམས་དེ་སླར་ཡང་ངོ་བོ་གཞན་ཞིག་ཏུ་འགྱུར་སོང་། དུས་དེ་ནས་བཟུང་བདག་གི་འཚོ་བའི་ཁྲོད་བན་ལོག ཅེས་པའི་མིང་བརྡ་འདི་གཏན་བྲལ་བྱས་ཤིང་། ལ་ལ་ཞིག་གི་བརྗོད་ཚུལ་ལྟར་ན་ཁོ་བཙོན་ཁང་དུ་བཅུག་ཡོད་ཟེར་མོད། བདག་ལ་གལ་ཆེ་བ་ནི་ཁོ་བདག་ལ་ཆེས་དགོས་གལ་ཆེ་བའི་དུས་སུ་མི་མིན་དུད་འགྲོ་ཡི་ཚུལ་གྱིས་མི་སྣང་བར་གྱུར་སོང་བས་ན། ངས་ད་ལྟའང་ཁོ་དང་ལྷན་དུ་རོལ་བའི་འཚོ་བ་དེ་དག་ཡོངས་སུ་ནས་བརྗེད་སོང་ཟེར་ཐུབ།
    དེའི་རྗེས་སུ་རང་ཉིད་གཅིག་པུ་གཤོག་ཡ་ཆད་པའི་བྱེའུ་ཕྲུག་ལྟར་གྲོང་ཁྱེར་གྱི་འཚོ་བའི་དཀན་གཟར་ལ་ཐེབས་པས། ངའི་ཨུ་ཐུག་ཐབས་ཟད་ཀྱིས་སྨད་འཚོང་མའི་ལམ་འདི་བདམས་པ་ཡིན། ལམ་འདིས་རང་གི་ཁ་ཟས་ཙམ་གྱི་འཚོ་བ་ཐག་གཅོད་ཐུབ་པས་ད་ལྟ་ཉིན་རྒྱུན་ལས་འདི་གཉེར་མཁན་ཇེ་མང་ནས་ཇེ་མང་རེད། བུད་མེད་དེ་དག་ཚང་མ་ལའང་རང་གི་དཀའ་སྡུག་གི་འཚོ་བའི་བརྒྱུད་རིམ་རེ་དང་ཕན་ཚུན་ལ་སྡང་སེམས་སྐྱེས་པའི་ལས་དབང་གི་གཏམ་རྒྱུད་རེ་ཡོད་ངེས། བཤད་མཚམས་འདིར་བསླེབས་དུས་བདག་གི་གྲོགས་པོ་གཉིད་ལས་སད་བྱུང་། ཁོས་གཉིད་གུང་དུ་ཁོ་མོའི་སྐད་ཆ་དག་གསལ་བོར་ཐོས་ཡོད་ཚོད་འདུག་པས། ཧ་ཅང་ཁྲོས་མདོག་གིས།  ཁྱེད་ཅག་བུད་མེད་འདི་ཚོ་དངོས་གནས་སུན་པ་ལ་ཨང་། «མཚན་ཞག་སྟོང་དང་གཅིག་གི་གཏམ་རྒྱུད»དེ་ཡང་ཁྱོད་ལྟ་བུ་ཞིག་གིས་བཤད་པ་ཡིན་ཚོད་འདུག མི་འདྲ་མིན་སྣ་ཚོགས་ཀྱི་མདུན་དུ་སེམས་ཁམས་དང་བསྟུན་ནས་རང་གི་གཏམ་རྒྱུད་ཤོད་པ་ནི་ཁྱོད་ཀྱི་ཆེད་ལས་ཡིན་ནམ། ཡང་སྔོན་འདིར་ཁྱོད་ཀྱིས་ང་ལ་སྡོམ་པ་ལོག་པའི་གྲྭ་པ་དེས་རང་ཉིད་ལ་ལོག་གཡེམ་བྱས་པའི་གཏམ་རྒྱུད་དག་བརྗོད་པ་མ་ཡིན་ནམ། ཁྱོད་ཀྱིས་བཤད་པ་ནང་བཞིན་བན་ལོག་གི་གནས་ཚུལ་དག་བརྗེད་ཚར་ཡོད་ན། ང་ལ་བརྗོད་པ་དེ་ཁྱོད་ཀྱི་དྲན་ཤེས་འདས་ལོག་བྱས་པ་ཞིག་ཡིན་ནམ།  ཞེས་ཞེ་སྡང་གིས་བཤད་པས། བུ་མོ་དེ་ཡང་ཧ་ཅང་ངོ་ཚ་བའི་ཉམས་ཀྱིས་ཡར་ལངས་ཏེ། སྐྱེངས་པའི་བྱམས་དུང་གི་བརྩེ་བར་འདོད་བརྩེ་རུམ་གང་བསྣམས་པའི་དགའ་ཚུལ་གྱིས་བདག་ལ་འགྲམ་ལྕག་ཚ་བེར་བ་ཞིག་བརྒྱབ་རྗེས་ངུ་ལ་ཁད་ཀྱིས་སྒོའི་ཕྱི་རོལ་ཏུ་བྲོས་སོང་། ཁོ་མོའི་རྒྱབ་གཟུགས་དེ་ཤིན་ཏུ་ནས་འཇིགས་སུ་རུང་བའི་གཤིན་རྗེ་ལས་མཁན་ཞིག་དང་དབྱེར་མེད་པར་ངའི་རྣམ་ཤེས་ཀྱི་ཡོད་ཚད་ཕྲོགས་སོང་། ཕྱི་རོལ་ཏུ་ཆར་བ་འབབ་པའི་ཤག་སྒྲ་དེ་ཇེ་ཆེ་ནས་ཇེ་ཆེར་སོང་ཞིང་། སྟོན་རླུང་གིས་ཡོངས་སུ་ཁུར་བའི་ཆར་རྡོག་དག་གིས་ཤེལ་དྲའི་ངོས་ལ་ཐག་ཐག་རྡུང་བའི་སྒྲ་དེས་ངའི་སེམས་ཀྱི་རྔ་བོ་ཆེ་དྲག་ཏུ་བརྡུང་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1