བུ་ཆེ་བས་ཆུང་དུས་ནས་སྒྲ་ཅིའང་ཐོས་མི་ཐུབ་ལ། ལོ་གཉིས་གསུམ་ལ་ལོན་སྐབས་སྨན་པས་བརྟགས་རྗེས་འོན་ལྐུགས་ཤིག་རེད་ཟེར། དེ་ནས་བུ་མོ་ཞིག་དང་བུ་ཆུང་བ་སྐྱེས། རིམ་བཞིན་འཚར་ལོངས་བྱུང་དུས། དེ་གཉིས་ཀྱང་འོན་ལྐུགས་རེད། ཧོ་མིང་ཚའེ་ཡིས་བུ་ཕྲུག་དག་གི་འདྲ་པར་ལ་ལྟ་ཞོར་མིག་མཐའ་མཆི་མས་བཀང་བ་དང་། སྐད་ཀྱང་འགག་སོང་།
ལོ་49ལ་ལོན་པའི་ཧོ་མིང་ཚའེ་ནི་གཟི་རྩ་སྡེ་དགུ་རྫོང་ཚའོ་ཏི་ཡུལ་ཚོའི་ཚའོ་ཏི་སྡེ་བའི་ཡིན་ལ། ཁྱིམ་ཚང་གི་དཀའ་ངལ་དང་གནོན་ཤུགས་ཀྱི་མདུན་དུ་ཁོས་ཕྱིར་གཤོལ་གཏན་ནས་མ་བྱས། བུ་ཕྲུག་ཚང་མ་འོན་པ་དང་ལྐུགས་པ་ང་ཚོས་ངེས་པར་དུ་དང་ལེན་བྱེད་དགོས་ལ། ངས་ངེས་པར་དུ་ཁོ་ཚོར་ཤེས་བྱ་སྦྱོང་དུ་འཇུག་པ། རྗེས་སུ་སྤྱི་ཚོགས་སུ་གཞི་ཚུགས་ཐུབ་པ་དང་འཚོ་ཐུབ་ཅེས་བཤད། བུ་ཕྲུག་ཚོར་སྨན་བཅོས་དང་། ཁོ་ཚོ་སློབ་གྲྭར་སྐྱེལ་ཆེད། ཧོ་མིང་ཚའེ་དུས་ཡུན་རིང་བོར་ཕྱི་ན་འདུར་བཞིན་ཡོད་ལ། དུས་ཚོད་དང་སེམས་ཤུགས་དང་སྒོར་མོ་ཚང་མ་བུ་ཕྲུག་དག་ལ་གཏོང་བཞིན་ཡོད།
དེང་སང་། ལོ་25ལ་ལོན་པའི་བུ་ཆེ་བས་ཀོང་ཏུང་དུ་ཞོར་ལས་བྱེད་བཞིན་ཡོད་ལ། རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱས་ཏེ། ཝུན་ཁྲོན་རྫོང་གི་དམིགས་བསལ་སློབ་གསོའི་སློབ་གྲྭར་བུ་མོ་དང་བུ་ཆུང་བས་དཔེ་ཀློག་བྱེད་བཞིན་ཡོད། ཁོའི་བུ་ཕྲུག་ཚོར་རིག་གནས་ཤེས་བྱ་སྦྱོང་དུ་འཇུག་པའི་རེ་བ་མངོན་དུ་གྱུར། དེ་བས་ཧོ་མིང་ཚའེ་ཡིས་བློ་སེམས་རྩེ་གཅིག་གིས་དབུལ་སྒྲོལ་ཕྱུག་སྒྱུར་ལ་འབད་པ་རེད།
ཚའོ་ཏི་ཡུལ་ཚོའི་རི་མཐོ་ནགས་ཚལ་ཁྲོད་དུ་གནས་པས་རྩྭ་སྨན་ཁྲུང་ལོའུ་དང་ཐེན་མ་སོགས་མང་བོ་སྐྱེས་ཡོད། ཧོ་མིང་ཚའེ་དང་ཆུང་མས་ལོ་མང་བོར་རི་སྐྱེས་སྨན་རྩྭ་ལ་བརྟེན་ནས་ཁྱིམ་ཚང་གང་གི་འཚོ་བའི་འགྲོ་སོང་འཚོལ་བཞིན་ཡོད། ལོ་འདི་གཉིས་ཀྱི་རིང་། རྩྭ་སྨན་ཁྲུང་ལོའུ་སོགས་རི་སྐྱེས་རྩྭ་སྨན་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་དང་། འདི་ལྟར་བརྐོས་ནས་སོང་ན་འགྲིག་རྒྱུ་མ་རེད། ངས་མིའི་ཐབས་ཀྱིས་འདེབས་འཛུགས་ཐུབ་མིན་ལ་བསམ་བློ་བཏང་། དེ་ནས་ཧོ་མིང་ཚའེ་གཡག་རྔ་དང་མེན་དབྱང་སོགས་སུ་འདེབས་འཛུགས་ལག་རྩལ་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་དུ་སོང་། ཕྱིར་ལོག་རྗེས། ཁོ་དང་ཆུང་མས་རི་མགོ་ནས་བརྐོས་པའི་ཁྲུང་ལོའུ་མིའི་ཐབས་ཀྱིས་མུའུ་4ལ་ཚོད་ལྟ་སྒོས་བཏབ་ཡོད།
སྡེ་མི་ཚོས་རྩྭ་སྨན་ཁྲུང་ལོའུ་ཚོད་འདེབས་ལེགས་གྲུབ་བྱུང་བ་མཐོང་རྗེས། གཅིག་རྗེས་གཉིས་མཐུད་དུ་འདེབས་འཛུགས་ལག་རྩལ་སྦྱོང་དུ་ཐོན། རྡེའུ་ཚང་མ་རྒུམ་རྗེས། ས་འདམ་ཞིབ་མོར་འཐག་ནས་རྩ་བར་གཏོར་ནས་བརྟན་པོར་གནོན་པ། འདེབས་འཛུགས་ཀྱི་ལོ་དང་པོར་ལུད་རྒྱག་མི་རུང་། དེ་ལྟར་ཧོ་མིང་ཚའེ་ཡིས་སྡེ་མི་རྣམས་ལ་འདེབས་འཛུགས་ལག་རྩལ་ཁྲིད། འདེབས་འཛུགས་ཉམས་མྱོང་བཤད་ཅིང་ལག་རྩལ་ཁྲིད་པར་སྡེ་མི་ཡོངས་ཀྱི་དགའ་བསུ་ཆེན་མོ་ཐོབ།
ད་ལོའི་ལོ་སྟོད་དུ། སྡེ་བ་རིམ་པའི་སྐབས་བརྗེའི་འདེམས་བསྐོའི་སྐབས་སུ། དབུལ་བོ་ཧོ་མིང་ཚའེ་ལ་འདེམས་ཤོག་མང་བོ་འཕངས་ནས་ཚའོ་ཏི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བསྐོས། ཧོ་མིང་ཚའེ་ལ་བསམ་བློ་དང་ནུས་པ་ལྡན་ལ། དཀའ་སྤྱད་སྡུག་རུས་ཆེ། ཁོས་ང་ཚོ་ཁྲིད་ནས་དབུལ་སྒྲོལ་ཕྱུག་སྒྱུར་ཐུབ་པར་ཡིད་ཆེས་ཡོད་ཅེས་སྡེ་མི་རྣམས་ཀྱིས་ཧོ་མིང་ཚའེ་ལ་ཡིད་ཆེས་ཟབ་མོ་འཆང་འདུག
ཚང་མས་ང་སྡེ་བའི་ཀྲུའུ་རེན་ལ་བདམས། ང་ལ་ཡིད་ཆེས་པའི་རྟགས་ཡིན། ད་ལོ་རང་ཉིད་དབུལ་ཕོངས་ལས་ཐར་བར་བྱ་རྒྱུ་དང་། ད་དུང་དབུལ་ཁྱིམ་གཞན་པ་བཞི་དབུལ་ཕོངས་ལས་ཐར་བར་བྱ་རྒྱུ་ཡིན། ཞུགས་ཕྱོགས། ངས་སྡེ་མི་ཡོངས་ལ་སྣེ་ཁྲིད་ནས་ཕྱུག་སྒྱུར་དང་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་འགན་ཁུར་ངེས་ཞེས་ཧོ་མིང་ཚའེ་ཡིས་བཤད། རྩྭ་སྨན་འདེབས་གསོ་འཕེལ་རྒྱས་སུ་གཏོང་བ་ནི་ཚའོ་ཏི་ཡུལ་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་གདམ་གསེས་ཐོག་མ་ཡིན།
ཧྲང་ཚའོ་ཏི་སྡེ་བས་ཐུན་མོང་དུ་གཟི་རྩ་སྡེ་དགུ་རྫོང་ཚའོ་ཏི་ཡུལ་ཚོའི་གྲོང་གསེབ་ཀྱི་ཡུལ་སྐོར་མཉམ་ལས་ཁང་བཙུགས་པ་དང་། ན་ནིང་། གཡེར་སྡོང་རྐང་300 ལྷག་ཙམ་དང་སྤྲུ་ནག་མུའུ་7བཏབ་ཡོད། ཧོ་མིང་ཚའེ་ཡིས་བཤད་རྒྱུར། ཕན་འབྲས་ཐོབ་རྗེས། ཐུན་མོང་གིས་དོ་དམ་གྲོན་དངུལ་5%དང་སྡེ་བའི་སྤྱི་ཕན་མ་དངུལ་5%དང་། སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་10% དང་ཁེ་ཕན་ཁེ་སྤོགས་བགོ་བ་80% དང་། སྡེ་བ་ཡོངས་ཀྱི་སྡེ་མིའི་མི་གྲངས་ལྟར་ཆ་སྙོམས་སུ་བགོ་བཤའ་རྒྱག་དགོས། ད་ལོར། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་གོང་འཕེལ་གཏོང་ཆེད། སྡེ་མི་ཚོས་མགྲོན་ཁང་ལ་སྒྱུར་བཀོད་བྱེད་མགོ་བརྩམས་ལ། ཇ་ཁང་དང་གསང་སྤྱོད་སྒྱུར་བཀོད་བྱས། དུད་ཚང་རེར་སྲིད་གཞུང་གིས་ཞིང་སྡེའི་དཔལ་འབྱོར་གྱི་ཁ་གསབ་སྒོར་5000 སྟེར་ཡོད།
མིག་སྔར། སྡེ་བ་ཡོངས་ཀྱིས་རྩྭ་སྨན་ཁྲུང་ལོའུ་རྒྱ་ཁྱོན་མུའུ་20ལྷག་བཏབ་ཡོད་ལ། ལོ་གསུམ་གྱི་རྗེས་སུ་འབྲས་བུ་སྨིན་སྲིད། སྐབས་དེར་ཡོང་འབབ་ཧ་ཅང་བཟང་ངེས། ད་ལོར། ཧོ་མིང་ཚའེ་ཡིས་སྡེ་མི་རྣམས་ཁྲིད་ནས་ལས་ཀ་ཧུར་ཐག་གིས་བསྒྲུབ་རྒྱུ་རེད།