དཀར་མཛེས་ཁུལ་གྱིས《ཆེས་མ་མཐའི་འཚོ་བའི་འགན་སྲུང་ལག་བསྟར་བྱེད་ཐབས།》པར་འགྲེམ་བྱས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-18
ཉེ་ལམ། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས《ཆེས་མ་མཐའི་འཚོ་བའི་འགན་སྲུང་ལག་བསྟར་བྱེད་ཐབས།》པར་འགྲེམ་བྱས་ཤིང་། 《བྱེད་ཐབས།》ལས་ཞིང་སྡེའི་ཆེས་མ་མཐའི་འཚོ་བའི་འགན་སྲུང་གི་ཁས་ལེན་ཆ་རྐྱེན་དང་རེ་ཞུ། ཁྱིམ་ཐོ་ཞིབ་བཤེར། དམངས་གཙོ་དཔྱད་འཇོག ཞིབ་དཔྱད་མཆན་བཀོད། སྤྱི་བསྒྲགས། ཐོབ་ཐང་འགན་ལེན། མ་དངུལ་ཡིག་ཚགས་ཀྱི་དོ་དམ་སོགས་ཀྱི་ཐད་ནས་ཞིབ་ཆ་ལྡན་པར་གཏན་འབེབས་བྱས་ཏེ། གོམ་གང་མདུན་སྤོས་སྒོས་ཕྱོགས་སོ་སོའི་འོས་འགན་ཞིབ་བཀོད་བྱས་པར་གྲོང་རྡལ་དང་ཞིང་གྲོང་གི་དབུལ་ཕོངས་སྡོད་དམངས་གཞི་རྩའི་འཚོ་བའི་འགན་དབང་འགན་སྲུང་བྱེད་པར་ཕན་ནུས་ལྡན་པ་རེད།
《བྱེད་ཐབས།》ལས་བསྟན་དོན། ཆེས་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་ནི་ཁུལ་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་ནོར་སྲིད་དང་འཕེལ་བསྒྱུར། བསྡོམས་རྩིས་སོགས་སྡེ་ཁག་དང་མཉམ་དུ་ཕྱོགས་བསྡུས་སྒོས་འཚོ་སྡོད་ཀྱི་མ་མཐའི་ངེས་མཁོ་སྟེ་གྱོན་པ་དང་བཟའ་ཆས། སྡོད་གནས། གློག ཆུ་སོགས་ཀྱི་རིན་པར་ཚན་རིག་དང་མཐུན་པར་གཏན་འབེབས་བྱས་པར་བསམ་བློ་གཏོང་བ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཞིང་ཆེན་རིམ་པའི་དམངས་སྲིད་སྡེ་ཁག་ལ་སྙན་ཞུ་བྱས་རྗེས་ཁྱབ་བསྒྲགས་ལག་བསྟར་བྱ་དགོས་པ་རེད།
《བྱེད་ཐབས།》ལས་ཆེས་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་རེ་ཞུ་དང་རྟོག་ཞིབ། དམངས་གཙོ་དཔྱད་འཇོག ཞིབ་དཔྱད་མཆན་བཀོད་སོགས་ཞིབ་ཕྲའི་གོ་རིམ་དང་མཁོ་སྤྲོད་བྱ་དགོས་པའི་ཡིག་ཆ་གསལ་བར་བསྟན་པ་མ་ཟད། ཡོང་འབབ་རིགས་ལྔ་དེ་ཁྱིམ་ཚང་གི་ཡོང་འབབ་ཀྱི་ཁོངས་སུ་གཏོགས་པ་དང་། ཡོང་འབབ་རིགས་བརྒྱད་དེ་ཁྱིམ་ཚང་གི་ཡོང་འབབ་གྲས་སུ་མི་གཏོགས་པ་དེ་འགན་སྲུང་བྱ་ཡུལ་ལ་རྟོག་ཞིབ་བྱེད་པའི་དཔྱད་གཞིར་གཏན་འཁེལ་བྱས་པ་རེད།