༄༅།། རྗེ་བཙུན་རེད་མདའ་བས་ཐུབ་བསྟན་ལྟ་གྲུབ་དག་ཐེར་མཛད་ཚུལ་ལ་དཔྱད་པ།

ཚེ་རིང་མགོན་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-18


ཚེ་རིང་མགོན་པོ།

གཅིག དབུ་མའི་ལྟ་བར་དག་ཐེར་མཛད་ཚུལ།
ཀརྨ་པ་དཀོན་གཞོན་གྱིས“དེང་སང་གངས་རིའི་ཁྲོད་ན་མཁས་པ་དང་། བླུན་པོ་ཀུན་དགའ། དབུ་མ་སྣ(རྣ)། དབུ་མ་ཁ་ཟེར་བ་འདི་རེད་མདའ་བའི་དྲིན་ཡིན། དེ་གོང་དུ་ཐང་སག་ན་དབུ་མ་ཤི་རོ་གཅིག་འདུག་ཟེར།( སངས་རྒྱས་རྩེ་མོ། དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ཞེས་བྱ་བ་བཞུགས་སོ། ། p283)བ་ཇི་བཞིན། རྗེ་བཙུན་རེད་མདའ་བ་འཚོ་བཞུགས་བྱེད་པའི་དུས་དེར་ཐུབ་པའི་བསྟན་པ་ཡི་ལྟ་བའི་གནད་གཙོ་བོ་མཐའ་བྲལ་དབུ་མའི་ལམ་དེ་ནི་ཅུང་ཉམས་དམས་སུ་གྱུར་ནས་ཡོད་ཅིང་ཁོང་གི་རྣམ་ཐར་དུ་ཡང“དེ་ནས་བདག་ཉིད་ཆེན་པོ་དེས། སྙིང་པོའི་དོན་གཙོ་བོར་སྟོན་པ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་མངའ་ནས་མཛད་པ། དབུ་མ་རིག་པའི་ཚོགས་ལ་གཟིགས་པར་བཞེད་ནའང་། དེ་དུས་སུ་གངས་རིའི་ཁྲོད་ན་བཀའ་མ་ཆད་ཙམ་མ་གཏོག་པ་འཆད་ཉན་གྱིས་གཏན་ལ་འབེབས་པ་དང་། སྒོམ་སྒྲུབ་ཀྱིས་ཉམས་སུ་ལེན་པའི་སྲོལ་ཉམས་པར་གྱུར་ནས། ཐུགས་ཤིན་ཏུ་ཆད་པར་གྱུར(སངས་རྒྱས་རྩེ་མོ། དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ཞེས་བྱ་བ་བཞུགས་སོ། ། p273)ཞེས་བྲིས་ཡོད་པ་ནང་བཞིན། དབུ་མ་ཐན་ཐུན་རེ་བཤད་བཞིན་ཡོད་པ་ཡང་རང་རྒྱུད་པའི་ལུགས་ལྟར་བཤད་བཞིན་ཡོད་དེ་ཐ་སྙད་ལ་རང་གི་ངོ་བོས་གྲུབ་པའི་རང་མཚན་ཡོད་པར་འཇོག་པ་སོགས་དང་། ཡང་འགའ་རེ་ཆད་ལྟར་ལྷུང་ནས་ཡོད་པ་རྗེ་ཙོང་ཁ་པས་འཇམ་པའི་དབྱངས་ལ་དྲི་རྟོག་མཛད་པའི་ཚེ་ཁོང་ཉིད་ལ་བོད་སྔ་རབས་ཀྱི་ལྟ་བའི་ཤན་་ཞུགས་པ་དྲགས་པས་ཆད་ལྟ་ལ་ཅུང་ཙམ་གཞོལ་བར་འདུག་ཅེས་གསུངས་པ་ལས་ཤེས་ཐུབ། རེད་མདའ་བ་ཁོང་གི་ངག་ནས་ཀྱང་གངས་ཅན་གྱི་ཁྲོད་འདིར་དབུ་མའི་བཤད་སྲོལ་དར་ཞིང་རྒྱས་པར་གྱུར་ཀྱང་ཕལ་ཆེར་རང་རྒྱུད་ཀྱི་ལྟ་བའི་ཐོག་ན་གནས་ཤིང་། ཐལ་འགྱུར་གྱི་ལྟ་བ་ཐུགས་སུ་ཆུད་པ་ཙམ་མ་འབྱུང་འདུག་སྟེ། འདི་ཙམ་ཡང་དགའ་མོ་ཡིན། ང་དང་པོར་སློབ་གཉེར་བྱེད་དུས། ས་སྐྱ་སོགས་ན་དབུ་མའི་དཔེ་ཆ་གཅིག་འདུག་ཟེར་ནས། ནོར་མི་ཆེར་བྱེད་པ་འདུག དེང་སང་དབུ་མའི་དཔེ་ཆ་ལ་རྩིས་སུ་བྱེད་པ་འདི་ཡང་ཁོ་བོས་བསྟན་པ་ལ་བྱ་བ་བྱས་པ་ཡིན་(སངས་རྒྱས་རྩེ་མོ། དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ཞེས་བྱ་བ་བཞུགས་སོ། །
p283)ཞེས་གསུངས་པ་ཡང་བདེན་པར་གྲུབ་པ་རེད། དབུ་མའི་ལྟ་བ་དེ་ལྟ་སྤྱོད་སྒོམ་གསུམ་གྱི་གོམ་པ་རེ་རེ་ལ་ཟེགས་ནས་ཡོད་པས། སྤྱོད་པ་དང་སྒོམ་པའི་གོ་རིམ་དུ་ཡང་ཁོང་ཉིད་ཀྱིས་ལྟ་བ་འདི་ཁྱད་མཚར་གྱིས་བཀྲལ་ནས“ལྟ་བས་སྤྱོད་པ་ལ་ཁྱད་མེད་དུ་བསད་ནས། བག་མེད་པའི་སྤྱོད་པ་ལ་ལྷུར་ལེན་པ་ལས་ཆད་པར་ལྟ་བ་གཞན་མེད་( སངས་རྒྱས་རྩེ་མོ། དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ཞེས་བྱ་བ་བཞུགས་སོ། །p297)ཅེས་སྤྱོད་པ་ལ་དགག་ཡོད་ལ། སྲིད་ཞི་འབྱོངས་པར་ལྟ་བའི་ཤེས་རབ་དང་། མཁའ་མཉམ་འགྲོ་ལ་དམིགས་པའི་སྙིང་རྗེ་གཉིས། ། རེས་འགའ་རེས་འཇོག་རེས་འགའ་ཟུང་འཇུག་བསྒོམ། །(སངས་རྒྱས་རྩེ་མོ། དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ཞེས་བྱ་བ་བཞུགས་སོ། །p271)ཞེས་སྒོམ་པ་ལ་གདམས་ཡོད་པར་མ་ཟད། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འདུག་པ་( སངས་རྒྱས་རྩེ་མོ། དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ཞེས་བྱ་བ་བཞུགས་སོ། ། p320)སོགས་ཐོལ་བརྒལ་ཅན་གྱི་བསམ་བློ་མང་པོ་བཏོན་ཡོད།
གཉིས། ཞར་བྱུང་གི་དོག་སེལ།
ཁོང་གི་དབུ་མའི་ལྟ་གྲུབ་དེས་ཙོང་ཁ་པ་གཙོ་བྱས་པའི་བོད་ཀྱི་ཕྱིས་བྱུང་གི་མཁས་པ་མང་པོ་ཞིག་ལ་ཤན་ཤུགས་གང་མང་ཐེབས་ཡོད་མོད། འགའ་རེས་ཁོང་གཉིས་ཀྱི་ལྟ་བ་མི་མཐུན་པར་ཡང་བཞེད། དེ་ལ་ཨ་ལག་དུང་དཀར་གྱིས་རྗེ་ཙོང་ཁ་པའི་དགུང་ལོ་བཞི་བཅུ་ཞེ་གཅིག་ཡན་ཆད་ཀྱི་གསུང་རྩོམ་ནང་ལ་བོད་སྔ་རབས་ཀྱི་ལྟ་བ་དང་མཐུན་པ་མང་པོ་གསུངས་ཡོད། བཞི་བཅུ་ཞེ་གཅིག་མན་ཆད་ཀྱི་གསུང་རྩོམ་ནང་རྗེ་བཙུན་རེད་མདའ་བའི་ལྟ་བ་ལ་ཆུ་དང་འོ་མ་འདྲེས་པ་བཞིན་རེད།(དུང་དཀར་བློ་བཟང་འཕྲིན་ལས། རྟོགས་གཞིགས་གསར་བའི་འདུ་ཤེས་ཀྱི་ཡོ་ལང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། p242)ཅེས་གསུངས་འདུག་པ་དོན་དུ་སྨན་ལ། ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ཐུའུ་བཀན་བློ་བཟང་ཆོས་ཀྱི་ཉི་མ་སོགས་ཀྱིས་རྗེ་རིན་པོ་ཆེས་སྣང་བས་ཡོད་མཐའ་སེལ་བ་དང་སྟོང་བས་མེད་མཐའ་སེལ་ནས་སྟོང་ཉིད་རྒྱུ་འབྲས་སུ་འཆར་ཚུལ་རེད་མདའ་བ་དང་མི་མཚུངས་སོགས་གསུངས་པ་དོན་དུ་མ་གྲུབ་ལ། རེད་མདའ་བའི་ཞལ་སྔ་ནས“སྣང་དུས་ཉིད་ན་སྟོང་པར་རྟོགས་པ་དང་། །སྟོང་པར་རྟོགས་ཚེ་སྣང་བ་མི་འགོག་པའི། །ཟུག(ཟུང་)འཇུག་ཚུལ་ལ་ངེས་པ་ནམ་སྐྱེས་པ། །དེ་ཚེ་རྒྱལ་བའི་དགོངས་པ་རྟོགས་པ་ཡིན། །( རཏྣ་སམ་བྷ་ཝ། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་བཞུགས། p254)ཞེས་གསུངས་པ་དེ་རྗེས་སུ་རྗེ་རིན་པོ་ཆེས་དགོངས་རྒྱན་གྱི་ཚུལ་དུ་གསལ་ཁ་བཏོན་ནས་ལམ་གཙོ་རྣམ་གསུམ་དུ་གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་བ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོགས་པར་མི་འགྱུར་རོ། ཞེས་ཁོང་ཉིད་ཀྱིས་ཉམས་སུ་བླངས་ནས་བརྡར་ཤ་ཆོད་དེ་བསྒྱུར་འབྲི་བྱས་ཡོད་པ་འདི་ལས་ཀྱང་ཤེས་ཐུབ། གཞན་བླ་སློབ་གཉིས་ཀྱི་རྟེན་འབྲེལ་སྟོང་ཉིད་དུ་འཆར་ཚུལ་དང་དབུ་མ་ཟུང་འབྲེལ་གྱིས་སྒོམ་ཚུལ་སོགས་ཀྱང་ཧ་ཅང་མཚུངས་པ་རེད་མདའ་བའི་ཞལ་ནས་རྒྱུ་འབྲས་བསླུ་བ་མེད་པའི་ཡིད་ཆེས་དང་། །རྟེན་འབྲེལ་སྟོང་པར་རྟོགས་པའི་ཤེས་རབ་གཉིས། །འབྲལ་མེད་ཟུང་དུ་ཆུད་པར་ནམ་གྱུར་པ། །དེ་ཚེ་མཐའ་བྲལ་དབུ་མའི་ལམ་ལ་ཞུགས། །( རཏྣ་སམ་བྷ་ཝ། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་བཞུགས། p254)ཞེས་དང་། ཡང་རྗེ་ཙོང་ཁ་པས་ལམ་གཙོ་རྣམ་སུམ་དུ“སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་པ་སོགས་ཆ་ཡོངས་སུ་མཐུན་པས་ཀྱང་མཐོང་ཐུབ་ཅིང་། རྗེ་ཙོང་ཁ་པ་ནས་ཀྱང་ཁོང་ལ་ཀླུ་སྒྲུབ་ཐོག་མེད་གཉིད་ནི་བཞེད་པའི་ལུགས། །ཇི་བཞིན་ཐུགས་སུ་ཆུད་ནས་བརྩེ་བ་ཡིས། ། སྐྱོན་བྲལ་གསུང་གི་ལེགས་བཤད་ལེགས་འདོམས་པས། །བསྟན་པའི་གནད་ལ་ངེས་པ་སྟེར་བ་འདི། །ཁྱོད་ཀྱི་རྗེས་སུ་བསྟན་ལས་གཞན་སུ་ཞིག །( སངས་རྒྱས་རྩེ་མོ། དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ཞེས་བྱ་བ་བཞུགས་སོ། །p274)ཅེས་བསྟོད་རྩོམ་ཕུལ་ལས་ཀྱང་ཤེས་ཐུབ་པར་སྣང་མོད། རྗེས་ཀྱི་མི་འགའ་རེས་དཔྱད་འཇོག་གང་ལེགས་མི་བྱེད་པར་རྗེ་ཙོང་ཁ་པ་ཁོང་ཉིད་ཀྱི་ལྟ་བ་ལས་ཀྱང་རིང་དུ་བརྒལ་ནས་ལོགས་སུ་བཤད་པ་འདི་ནི་དམིགས་ཅན་འགའ་རེའི་གཏམ་དུ་ཟད་དོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1