མེ་ལོང་དང་ངོ་གདོང་།

དཀར་མཛེས། ཨ་སྐྱབས་དར་རྒྱས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-22


    ཁྱོད་ཀྱིས་བལྟས་ན་ང་སྒོམ་འཁྲུལ་ལ་སོང་འདུག་གམ། ང་གཏན་ནས་སྒོམ་འཁྲུལ་ལ་སོང་མེད། མཁན་པོ་ཤེས་རབ་སྙི་ཡི་གཡག་མགོ་དཀར་པོའི་སྒྲུབ་ཕུག་ཏུ་མཚམས་ལ་བཞུགས་སྐབས། ཁོང་གིས་ཧ་ཅང་གཟབ་ནན་དང་རེ་ཞུ་བྱེད་པའི་ཚུལ་གྱིས་མི་རྣམས་ལ་དེ་ལྟར་གསུངས་མོད། སེམས་སྐྱོ་བ་ཞིག་ལ། ཁོང་ལ་ཡིད་ཆེས་པའི་མི་ཞིག་གཏན་ནས་མེད་པ་འདྲ།
    དོན་ངོ་མ་སུ་ཞིག་སྨྱོན་པར་གྱུར་སོང་བ་ཡིན་ནམ། ངས་དྲི་བ་འདི་ལ་ལན་གསལ་ཐག་ཆོད་པ་ཞིག་ཤེས་འདོད་ནས་ཆེད་དུ་ལྷ་ལུང་སྡེ་བར་ཕྱིན། ལྷ་ལུང་སྡེ་བ་ནི་སྙི་གཞོང་རིང་མོར་ཆགས་འདུག སྙི་ཡི་གཡག་མགོ་དཀར་པོའི་སྒྲུབ་ཕུག་ཏུ། མཁན་པོ་ཤེས་རབ་ཀྱི་སྐུ་གདུང་མཆོད་རྟེན་ཡོད་པ་ཐོས། མཁན་པོ་ཤེས་རབ་ནི་ལྷ་ལུང་སྡེ་བའི་མི་ཡིན་པས་ང་ཐོག་མར་གཡང་ལུང་སྡེ་བ་ནས་ལམ་དུ་ཆས། ལྷ་ལུང་སྡེ་བ་ནི་སྙི་ཆུ་སྔོན་མོའི་ཕ་རོལ་དུ་ཡོད་ལ་ཚུལ་རོལ་ནི་གཡང་ལུང་སྡེ་བ་ཡིན།
    ད་ལྟ་ཕྱིར་དྲན་བྱས་ན། མི་ལོ་གསུམ་གྱི་ཡར་སྔོན་ཞིག་ལ། ང་ནི་གཡང་ལུང་སྡེ་བ་ནས་སྙི་ཆུ་སྔོན་མོའི་ཕ་རོལ་གྱི་ལྷ་ལུང་སྡེ་བར་རྐང་ཐང་དུ་ཡོང་། ང་ལམ་བར་ནས་ཐོག་མར་ལྷ་ལུང་སྡེ་བའི་རྒན་པོ་ཆོས་འགྲུབ་ལ་ཐུག ཁོས་ལག་ཟུང་ཐལ་མོ་སྦྱར་ནས་ཐོད་པའི་གཉེར་མའི་མཚམས་ལ་བཞག་ཏེ།
    གསར་བུ་ལོ་ལོ། མཁན་པོ་ཤེས་རབ་མཇལ་འདོད་པ་ཡིན་ནམ། སྐྱབས་སུ་མཆིའོ་བཤད་རུང་ནི་མ་རེད། གོ་ཐོས་སུ་ཁོང་སྒོམ་འཁྲུལ་ལ་སོང་འདུག་ཟེར། ཁོང་གི་དབུ་སྐྲ་སྐྱེས་ནས་ས་ཐོག་ཏུ་ལྟེབ་འདུག་ལ། སྨྲ་ར་སྐྱེས་ནས་བྲང་ཐོག་ཏུ་སླེབས་འདུག་ཀྱང་ཁ་ཡ་མི་བྱེད། སྐུ་མདུན་དུ་སོང་བའི་གྲྭ་བ་ཚོས་བཤད་པ་ལྟར་ན། བཟའ་བཏུང་ཡང་ཏོག་ཙམ་རེ་ལས་མི་བྱེད་པས། ཁྱོད་འགྲོ་ན་རོགས་པ་ཞིག་ཁྲིད་ན་བཟང་མ་གཏོགས་ཁོང་སྒོམ་འཁྲུལ་ལ་སོང་བ་ཡིན་ན་རྡུང་གཤེད་བྱེད་ན་ལ་ཐང་མེད།
    རྒན་པོ་ཆོས་འགྲུབ་འཁར་བ་ལ་ཁེན་ཏེ་ཅུང་ཟད་དོགས་མི་བདེ་བའི་ཉམས་ཀྱིས་དེ་ལྟར་དྲང་གཏམ་བཤད། ངས་ཨ་ཁུ་ལོ་ལོ། བཀའ་དྲིན་ཆེ། ང་ཆེད་དུ་ཁོང་གི་སྐུ་མདུན་ལ་ཡོང་བ་ཡིན་པས་དེ་རིང་ཅིས་ཀྱང་ཁོང་གི་སྐུ་མདུན་འགྲོ་ཐབས་བྱ་དགོས་ཞེས་བཤད་ཞོར་རྒྱབ་ཁུག་ལས་བཏུང་ཁུ་དང་གོ་རེ་བླངས་ཏེ་ཁོ་ལ་སྟེར་ཞོར། ངེད་གཉིས་མཉམ་དུ་ཉམས་དགའ་བའི་སྤང་ཁུག་ཅིག་ཏུ་བསྡད་དེ་ཁ་བརྡ་བྱས། ཞོགས་པའི་ཉི་འོད་དྲོན་པོ་སྙི་ཡི་གཡག་མགོ་དཀར་པོའི་རི་སྐེད་ཀྱི་ན་བུན་ཀློང་ན་ག་ལེར་འཕྲོས་ཤིང་། ལྷག་ཏུ་སྤང་ཁུག་དེ་རུ་མེ་ཏོག་སེར་ཆེན་གསེར་གྱི་ཐང་མ་བརྡལ་བ་བཞིན་སེར་ལམ་ལམ་བྱེད་པ་དང་། ཞོགས་རླུང་འཇམ་པོའི་མཁའ་དབུགས་ཀྱི་ཁྲོད་དུ། མེ་ཏོག་གི་དྲི་ཞིམ་དེ་གང་སར་འཐུལ་ཡོང་།
    རྒན་པོ་ཆོས་འགྲུབ་ཀྱིས་ལག་རྟེན་ས་ཐོག་ཏུ་བཞག་པ་དང་། སྤོ་ཐོ་ཞིག་ལ་ཁེན་ནས་མཁན་པོ་ཤེས་རབ་ཀྱི་གནས་ཚུལ་བཤད།
    ང་དེ་དུས་ལོ་ཉི་ཤུ་ཡིན། དེ་ནི་ལྷ་ལུང་སྡེ་བ་བཅིངས་འགྲོལ་བྱས་པའི་རྗེས་རེད། ལྷ་ལུང་སྡེ་བར་མཉམ་ལས་ཁང་བཙུགས་ཡོད། ང་མཉམ་ལས་ཁང་གི་དྲུང་ཡིག་ཡིན། དེ་དུས་ཤེས་རབ་ནི་སློག་ཧྲལ་གྱོན་པའི་བྱིས་པ་པྲ་ཆལ་ཞིག་ཡིན། ཁོང་གི་ཁྱིམ་ཚང་ནི་འབྱོར་མེད་གྲལ་རིམ་ཡིན་པས། ཁོས་མཉམ་ལས་ཁང་གི་བེའུ་རྫི་བྱས་ཡོད། ཡ་མཚན་པ་ཞིག་ལ། ཁོ་ནམ་རྒྱུན་ངའི་གམ་དུ་ཡོང་ཏེ་གཞོང་པའི་ནང་དུ་ཐལ་བ་བླུགས་ཤིང་། དེ་ནས་ཤིང་ཐུར་ཞིག་བླངས་ཏེ་ལྷ་ལུང་སྡེ་མི་ཡོངས་ཀྱི་རུས་མིང་རེ་རེ་བཞིན་འབྲི་ཤེས་པ་རེད། དེ་དུས་ཁོའི་ཡི་གེ་ཀ་ཙམ་ཡང་སྦྱང་མྱོང་མེད་པས། ང་ཧ་ལས་ནས་མཉམ་ལས་ཁང་གི་མི་ཚོར་ལྟོས་དང་བྱིས་པ་འདིས་ཡི་གེ་འབྲི་ཤེས་ཀྱི་འདུག་ཅེས་ལབ་པ་ན། མཉམ་ལས་ཁང་གི་འགོ་བས་ཅི་མི་སྙམ་པར་དེ་ལ་ཡ་མཚན་རྒྱུ་ཅི་ཡོད། ཁྱོད་ཀྱིས་ནམ་རྒྱུན་སྡེ་བ་ཡོངས་ཀྱི་རུས་མིང་འབྲི་བཞིན་ཡོད་པས་བྱིས་པ་འདིས་ཁྱོད་ལ་ལད་མོ་བྱས་པ་རེད་ཟེར། གང་ལྟར་ང་དང་འདྲ་བའི་མཉམ་ལས་ཁང་གི་མི་མང་པོས་ཁོ་རང་ག་བའི་བྱིས་པ་ཞིག་མ་རེད་ཅེས་ལབ་མཁན་ཤིན་ཏུ་མང་། རྗེས་སུ་ང་ཚོས་བཤད་པ་ནང་བཞིན་ཁོང་ལྷ་ལུང་དགོན་པའི་མཁན་པོ་ཐོག་མར་གྱུར། རྒན་པོ་ཆོས་འགྲུབ་སྐབས་དེར་ཁོང་ཚོས་ཚོད་དཔག་བྱས་པ་དོན་དངོས་སུ་གྱུར་བར་སྤྲོ་ཉམས་ཀྱིས་ཁེངས་ནས་དེ་ལྟར་བཤད་པ། དུས་ད་ལྟ་ཡང་ངའི་ཡིད་ལ་གསལ་ལྷང་ངེར་འདུག
    དུས་ཚོད་ནི་ཆུ་བོ་བཞིན་ཚོར་མེད་དུ་བཞུར། ལོ་གསུམ་འགོར་བའི་དེ་རིང་། ང་ཡང་བསྐྱར་སྙི་ཡི་གཡག་མགོ་དཀར་པོའི་མཁན་ཤེས་རབ་ཚང་གི་སྒྲུབ་ཕུག་མཇལ་དུ་འགྲོ་སའི་རྐང་ལམ་ཕྲ་མོ་དེར་ཞུགས།
    ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་དེ་ལྷ་ལུང་སྡེ་བ་ནས་སྙི་ཡི་གཡག་མགོ་དཀར་པོའི་སྒྲུབ་ཕུག་ཏུ་བརྐྱངས་འདུག རྐང་ལམ་ཕྲ་མོའི་ལམ་སྐེད་ནས་ཕར་བལྟས་ན། ལྷ་ལུང་དགོན་པ་མེ་ལོང་དུ་བལྟས་པ་བཞིན་ཁྲ་ལམ་མེར་མིག་ལམ་དུ་མངོན་ཡོང་།
    ལྷ་ལུང་དགོན་པ་ནི་སྤྲུལ་སྐུ་ཀུན་ཕན་ཚང་གིས་སླར་གསོ་བྱས་པའི་དགོན་པ་ཞིག་ཡིན། དགོན་པ་འདིའི་འདུ་ཁང་ཆེན་མོ་དང་མཆོད་རྟེན་ཆ་བརྒྱད་སོགས་སྤྲུལ་སྐུ་ཀུན་ཕན་ཚང་སྐུ་དངོས་ཕེབས་ནས་བཞེངས་པ་ཤ་སྟག་རེད།
    ལོ་གསུམ་གྱི་ཡར་སྔོན་ཞིག་ལ། ང་མཁན་པོ་ཤེས་རབ་ཀྱི་སྐུ་མདུན་དུ་སོང་། སྐབས་དེར། ལྷ་ལུང་དགོན་པའི་ནང་དུ། ཚང་མས་མཁན་པོ་ཤེས་རབ་ཚང་མཁྱེན་ཞེས་འདི་ཕྱིའི་སྐྱབས་གནས་སུ་བཟུང་ཡོད་མོད། ཉེ་བའི་ལོ་ཤས་རིང་། ཁོང་གིས་ཉིན་མཚན་དབྱེར་མེད་དུ་དཔེ་ཆ་ལ་ལྟ་བའི་བརྩོན་པ་ཇེ་ཆེར་སོང་ལ། སྒོམ་རྒྱག་པའི་དུས་ཡུན་ཡང་རིང་དུ་སོང་བས་མི་མང་པོ་ཞིག་ཁོང་གི་སྐུ་མདུན་ལ་ཡང་འགྲོ་ཐུབ་མི་འདུག ཁོང་གིས་ལྷ་ལུང་དགོན་པའི་ནང་དུ་། ལོ་ཉེར་ལྔའི་རིང་ལ་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་རླབས་ཆེན་སྤེལ། དགུང་ལོ་ཉེར་ལྔ་ལོན་པའི་དུས་ལྷ་ལུང་དགོན་པའི་ནང་དུ་མཁན་པོའི་ཐོབ་ཐང་བླངས།
    ལྷགས་རླུང་གི་ཁ་ཤུ་འདེབས་པའི་དགུན་ཁའི་ཉིན་མོ་དེར། ལྷ་ལུང་དགོན་པའི་ནང་དུ་དགུན་ཆོས་འཚོགས་ཡོད།
   ཆོས་ཚོགས་གྲོལ་རྗེས། མི་ཁ་ཤས་ཀྱི་དགོན་པའི་འདུ་ཁང་ཆེན་མོར་བསྐོར་བ་བྱེད་བཞིན་པའི་དུས། མཁན་པོ་ཤེས་རབ་གློ་བུར་དུ་མཚམས་ཁང་གི་སྒོར་བུད་དེ། ཁྱོད་ཚོ་སྨྱོས་སོང་བ་ཡིན་ནམ། གྱང་ཁང་ཞིག་ལ་སྐོར་བ་བྱས་ན་དགེ་བ་ཅི་ཡང་མེད། ཁྱོད་ཚོའི་ལྷམ་རལ་སྤྱད་རེད། ཆོས་དེ་ལྟར་བསྒྲུབ་རྒྱུ་མ་རེད་ཅེས་གཤེ་གཤེ་བཏང་།
   དེ་དུས། སྐོར་བ་བྱེད་མཁན་གྱི་མི་ཚོས་ཁོང་སྨྱོས་འདུག འདུ་ཁང་ཆེན་མོའི་ནང་དུ་སྐུ་གསུང་ཐུགས་རྟེན་མང་བས། དེ་བསྐོར་བའི་དགེ་བ་མེད་ཟེར་ན་དེ་ནི་སྨྱོན་གཏམ་རེད་ཟེར་ནས་ཚང་མས་སྣ་དགོད་བྱེད་ཀྱིན་འདུག
   ལྷ་ལུང་དགོན་པའི་རྒྱབ་རི་ན། དར་ལྕོག་ཟད་པོ་དེ་རླུང་གིས་ལྷབ་ལྷུབ་སྐྱོད་བཞིན་འདུག ཙག་རླུང་ཅི་འདྲ་ཆེ་ཡང་ལྷ་ལུང་སྡེ་བའི་མི་ཚོ་ཆོས་སྒྲུབ་པར་ཤིན་ཏུ་དགའ། སྤྲུལ་སྐུ་ཀུན་ཕན་ཚང་གི་ཆོས་འཚོགས་སུ་མི་མང་པོ་ཞིག་སླེབས་ཡོད། སྤྲུལ་སྐུ་ཀུན་ཕན་ཚང་གི་ཆོས་འཚོགས་ཐོག དེ་རིང་འདིར་ཕེབས་པའི་སྐལ་ལྡན་ལས་འཕྲོ་ཅན་རྣམ་པ། ཁྱོད་ཚོར་ལོ་གསུམ་གྱི་ནང་དུ། ཚེ་སྲོག་ལ་བར་ཆད་མེད་པ་ངས་ཁག་ཐེག་བྱས་པ་ཡིན། གལ་ཏེ་ལོ་གསུམ་གྱི་རིང་ལ་དེ་རིང་འདིར་ཡོང་བའི་རྒན་གཞོན་སུ་ཞིག་གི་སྲོག་ལ་བར་ཆད་བྱུང་ཚེ། ཁྱོད་ཚོས་ང་ལ་བླ་རྫུན་ཞེས་འབོད་ཆོག་ཅེས་གསུང་སྐད་མཐོན་པོས་དམ་བཅས། འདུ་ཁང་ཆེན་མོར་ཉིན་དེར་ཆེས་མ་མཐའ་ཡང་མི་སུམ་བརྒྱ་ལྷག་འདུས་ཡོད། ཚང་མའི་ཡིད་མོས་གུས་ཀྱིས་གདུང་བའི་དད་པའི་མཆི་མ་རབ་ཏུ་འཁྲུགས་ཤིང་། ལྷག་ཏུ་ལོ་ལོན་ཚོས་དད་འདུན་གྱི་བ་སྤུ་གཡོས་ཏེ་གྲངས་ཀྱི་མི་ལངས་བའི་ཕྱག་འཚལ་བ་དང་སྐྱབས་འཇུག་ཞུས།
   དེ་ནས་བཟུང་། ལྷ་ལུང་སྡེ་བ་ཧྲིལ་བོར་སྤྲུལ་སྐུ་ཀུན་ཕན་ཟེར་ན་ཁོང་ལྟ་བུ་ཞིག་ལོས་ཡིན་ཞེས་ཡིད་ཆེས་ཀྱི་དད་པ་དང་བསྟོད་ཚིག་གི་མེ་ཏོག་འཐོར།
   ཕྱི་དྲོར། ཆོས་འཚོགས་ལ་ཞུགས་པའི་མི་ཚོ་དགོན་པའི་འདུ་ཁང་ཆེན་མོའི་ཕྱི་རོལ་དུ་ཐོན།
   མཁན་པོ་ཤེས་རབ་ཚང་གི་ཁོག་སྟོད་གཅེར་བུ་བྱས་ཏེ་མཚམས་ཁང་གི་སྒོར་བུད་ནས། དགོན་པ་ནི་ཕོ་སྐྱ་མོ་ཉོག་འདུ་སའི་གནས་མ་རེད། འཆི་རྐྱེན་ངེས་མེད་དང་ནམ་འཆི་ཆ་མེད་ཡིན། ཆོས་རྣམ་དག་ནི་སྐོར་རྒྱུ་དང་འདོན་རྒྱུ་ཞིག་མ་རེད་ཅེས་གཤེ་གཤེ་བཏང་བ་དང་། རྡོ་རྡུང་བྱས་པ་ན་མི་ཚང་མས་མཁན་པོ་ཤེས་རབ་སྨྱོས་འདུག་ཟེར། གྲྭ་བ་དང་ལོ་ལོན་ཁ་ཤས་ཀྱིས་ཁོང་སྨྱོས་འདུག་ཟེར་མི་ཕོད་པར་ཁོང་སྒོམ་འཁྲུལ་ལ་སོང་འདུག་ཟེར།
   ལྷ་ལུང་སྡེ་བའི་ནང་དུ། མཁན་ཤེས་རབ་སྨྱོས་འདུག་ཟེར་བའི་སྐད་ཆ་གཅིག་གིས་གཅིག་ལ་བཤད་དེ། ཟླ་བ་ཁ་ཤས་འགོར་སོང་།
   ཉིན་ཞིག ལྷ་ལུང་སྡེ་བའི་ཤོག་དཔོན་ཚོ་དང་ལྷ་ལུང་དགོན་པའི་སྤྲུལ་སྐུ་ཀུན་ཕན་ནང་གྲོས་བྱས་ཏེ། མཁན་པོ་ཤེས་རབ་དགོན་པའི་ནང་ནས་བཙན་གྱིས་ཁྲིད་དེ། ལྷ་ལུང་སྡེ་བའི་མི་མེད་ལུང་སྟོང་གི་གནས་ཏེ། སྙི་ཡི་གཡག་མགོ་དཀར་པོའི་བྲག་ཕུག་ཞིག་གི་ནང་མཚམས་བྲོ་འོས་འཚམས་ཤིག་སྤྲད་དེ་སྒོམ་སྒྲུབ་བྱེད་དུ་བཅུག མཁན་པོ་ཤེས་རབ་སྙི་ཡི་གཡག་མགོ་དཀར་པོའི་བྲག་ཕུག་ནས་མཚམས་ལ་བཞུགས་ཏེ་ལོ་གསུམ་ལྷག་འགོར་སོང་ཡང་། 

ལྷ་ལུང་སྡེ་བའི་མི་ཚོས་ཁོང་ནི་ད་རུང་སྒོམ་འཁྲུལ་ལ་བུད་སོང་བའི་སྨྱོན་པ་ཞིག་ཡིན་པར་འདོད་ཀྱིན་ཡོད།  

   ད་ལྟ། ལྷ་ལུང་སྡེ་བར་མཁན་པོ་ཤེས་རབ་ཀྱི་གནས་ཚུལ་ཤེས་མཁན་ནི་དགོན་པའི་དཔེ་ཆ་ལ་དགའ་བའི་གྲྭ་གཞོན་ཁ་ཤས་རེད། ཁོ་ཚོ་ཡང་ལྐོག་ནས་ཁོང་གི་སྐུ་མདུན་དུ་འགྲོ་བཞིན་ཡོད། གལ་ཏེ་མངོན་དུ་སོང་ན་ཁོ་ཡང་སྨྱོན་པ་ཞིག་ཆགས་འདོད་པ་ཡིན་ནམ་ཞེས་པའི་མི་ཁ་ལ་སྐྲག་རྒྱུ་ཡོད་པ་འདྲ། དེ་བས། ལྷ་ལུང་སྡེ་བའི་དད་ལྡན་ཕོ་མོ་ཚོས་སྤྲུལ་སྐུ་ཀུན་ཕན་ཚང་ལ་སྔར་ལས་ཡིད་ཆེས་དང་དད་པ་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཉེ་བའི་ལོ་འགའི་རིང་། སྤྲུལ་སྐུ་ཀུན་ཕན་ཚང་གི་བལྟས་བལྟས་རིག་རིག་ལ། ལྷ་ལུང་དགོན་པའི་ནང་དུ་མཆོད་རྟེན་དང་། ལྷ་ཁང་། སྒེར་བཙུགས་སློབ་གྲྭ་སོགས་བཙུགས། ད་རུང་སྒོར་ཁྲི་སུམ་བརྒྱ་ལྷག་གི་འགྲོ་སོང་བཏང་ནས་དགོན་པའི་འདུ་ཁང་ཆེན་མོ་བསྐྱར་བཞེངས་བྱེད་པའི་ལས་འགན་རླབས་ཆེན་ཕྲག་ཏུ་བཞེས་ཡོད་པས། ལྷ་ལུང་སྡེ་བའི་མི་ཚོས་སྔར་ལས་དགའ་མགུ་ཡི་རངས་བྱེད་ཀྱིན་ཡོད། དེ་དང་མཉམ་དུ་སྙི་ཡི་གཡག་མགོའི་དཀར་པོའི་བྲག་ཕུག་ན། སྒོམ་སྒྲུབ་ལ་རྩེ་གཅིག་གཞོལ་བའི་མཁན་ཤེས་རབ་ཚང་མི་ཚོས་སྔར་ནས་བརྗེད་ཟིན།
   ང་མཁན་པོ་ཤེས་རབ་ཚང་གི་སྒྲུབ་ཕུག་ལ་མཇལ་དུ་འགྲོ་བའི་ཉིན་དེར། ཏག་ཏག་ལྷ་ལུང་སྡེ་བའི་སྤྲུལ་སྐུ་ཀུན་ཕན་ཚང་ཡོན་བདག་འཁོར་དང་བཅས་པ་རྒྱ་ཡུལ་ནས་དགོན་པར་ཕེབས་པའི་གདན་འདྲེན་བྱེད་པའི་ཉིན་མོར་ཁེལ་འདུག
   ལྷ་ལུང་སྡེ་བ་ནས་ལྷ་ལུང་དགོན་པའི་ལམ་བར་གྱི་སྤྱི་ལེ་ལྔ་རེའི་མཚམས་ལ་བསང་ཁྲི་རེ་བརྩིགས་འདུག་པ་དང་། བསང་དུད་སྔོ་ལྷོག་ལྷོག་སྙི་ཡི་གཡག་མགོ་དཀར་པོའི་རྒྱབ་ཕྱོགས་སུ་འགྲོ་བཞིན་འདུག དེ་རིང་ནི་ལྷ་ལུང་དགོན་པའི་འདུ་ཁང་ཆེན་མོ་གསར་བཞེངས་ལེགས་འགྲུབ་བྱུང་བའི་རྟེན་འབྲེལ་མཛད་སྒོའི་ཉིན་མོ་ཡང་རེད། དགོན་པའི་འདུ་ཁང་ཆེན་མོའི་སྒོ་འགྲམ་ནས་མཆོད་རྟེན་ཆ་བརྒྱད་བར་དུ་དགོན་པའི་གྲྭ་བ་ཚོ་སྟར་འཕྲེང་བསྒྲིགས་ཤིང་རྔ་བརྡུང་རོལ་མོ་དང་དར་འཕེན་དུང་འབུད་བྱས་ཏེ་བསུ་བ་བྱེད་ཀྱིན་ཡོད། ལྷ་ལུང་དགོན་པར་འཛུལ་བའི་སྒོ་ཆེན་ནས་ལྷ་ལུང་སྡེ་བའི་ཕོ་གསར་ཚོས་འཕྲུལ་རྟའི་མགོ་ལ་ཁ་དོག་སེར་གསུམ་གྱི་དར་ཁ་བཏགས་ཏེ་འཕྲེང་བསྒྲིགས་ནས་བསུ་བ་བྱེད་ཀྱིན་འདུག འདི་ལྟར་གོ་རིམ་ལྡན་ལ་ཚགས་སུ་ཆུད་པའི་བྱ་བ་བསྒྲུབས་ལུགས་བལྟས་ན། འདི་ནི་ཐེངས་གཅིག་མིན་པར་ནམ་རྒྱུན་སྤྲུལ་སྐུ་ཀུན་ཕན་ཚང་དང་ཡོན་བདག་ཆེན་པོ་སླེབས་དུས་ཆིབས་བསུ་དང་གྲ་སྒྲིག་གྱ་ནོམ་པ་དགོས་པས་ཡུལ་དགོན་གྱི་མང་ཚོགས་བྱང་ཆུབ་པར་གྱུར་འདུག ད་རུང་ཁོང་གི་གྲྭ་བ་ཞིག་གིས་བརྙན་ལེན་གྱི་མཆུ་ཏོ་མི་ཚོགས་མང་པོས་སྤྲུལ་སྐུ་ཀུན་ཕན་ཚང་ལ་ཁ་བཏགས་འཕེན་པའི་གནས་སུ་གཏད་བྱུང་། སྤྲུལ་སྐུ་ཀུན་ཕན་ཚང་གིས་ཧཱན་མཱ་རྟགས་ཅན་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱག་དབང་འཇོག་བཞིན་པའི་གོ་རིམ་ཆ་ཚང་བ་བརྙན་ལེན་བྱས་སོང་། ངས་ལྟད་མོ་ལྟ་ཞོར་། ཡང་བསྐྱར་གོམ་པའི་འདེགས་འཇོག་མཁན་པོ་ཤེས་རབ་ཚང་གི་སྒྲུབ་ཕུག་གི་ཕྱོགས་སུ་བསྒྱུར།
   སྐབས་དེར། ངའི་རྒྱབ་ཕྱོགས་སུ་རྒན་པོ་མགོ་དཀར་ཞིག་འཚང་ཁ་ཤིག་ཤིག་བྱེད་པའི་མི་ཚོགས་ཀྱི་ཁྲོད་ནས་ཁ་བཏགས་ཤིག་སྤྲུལ་སྐུ་ཀུན་ཕན་ཚང་གི་རླངས་འཁོར་ཐོག་ཏུ་འཕངས། དེ་ནས་སྤྲུལ་སྐུ་ཀུན་ཕན་བཞུགས་སའི་རླངས་འཁོར་གྱི་སྒེའུ་ཁུང་ལ་ཐོད་པ་གཏུག་གཏུག་ཙམ་བྱས་ཏེ། སླར་ཡང་བྲེལ་བྲེལ་ངང་ངའི་ཕྱོགས་སུ་བརྒྱུགས་ཡོང་ཏེ་ཨ་རོགས། ཁྱོད་གང་དུ་འགྲོ། རྐང་ལམ་ཕྲ་མོ་འདི་སྙི་ཡི་གཡག་མགོ་དཀར་པོའི་བྲག་ཕུག་ལ་ཐུག་ཡོད། ལས་ངན་འདིས་སངས་རྒྱས་གསོན་པོ་མདུན་དུ་བཞག་ནས། ད་རུང་གཞན་པ་ཞིག་མཇལ་གི་འགྲོ་བཞིན་འདུག ཁོ་སྨྱོན་པ་ཞིག་རེད་ཟེར།
   ངས་སེམས་སུ་དོན་ངོ་མ་སྨྱོན་པ་སུ་རེད་ཅེས་རང་གིས་རང་ལ་དྲི་བ་འདོན་དགོས་བྱུང་།
   ཉིན་དེར། ངས་ཡུལ་སྐོར་པའི་གོན་པ་ཆ་ཚང་ཞིག་གྱོན་ཡོད་། ལག་ཏུ་པར་ཆས་ཐོགས་ཡོད་པས་ང་རྒྱ་མི་ཡུལ་སྐོར་བ་ཞིག་རེད་འདོད་པ་ཡིན་ནམ། ཨ་ཙི། ལྷགས་རླུང་གི་རྒྱུ་ཕྱོགས་ལས་ཁྱེར་ཡོང་བའི་སྐད་ཆ་དེ་བདེན་པ་ཡིན་ནམ།

   དོན་ངོ་མ་སུ་ཞིག་སྨྱོས་སོང་བ་ཡིན། ངའི་ཤུགས་ཀྱིས་ཁེངས་བའི་གོམ་པ་ལྗིད་ཏིག་གེར་མདུན་དུ་སྤོས།

ལྷ་ལུང་དགོན་པའི་འདུ་ཁང་ཆེན་མོ་གསར་བཞེངས་ཀྱི་དགའ་སྟོན་རྟེན་འབྲེལ་བྱས་ཏེ་ཉིན་ཁ་ཤས་འགོར་སོང་། སྤྲུལ་སྐུ་ཀུན་ཕན་ཚང་དང་ཀྲང་ཚོང་དཔོན་ཟེར་བའི་རྒྱ་མོ་ཡོན་བདག་འཁོར་དང་བཅས་པ་གྲོང་ཁྱེར་ཧྲིན་ཀྲིན་ལ་མཚོ་གཏེར་ལེན་དུ་ཕྱིན།
   ཁོང་གིས་རྒྱལ་ནང་གི་སྐུ་དྲིན་ཆེ་བའི་སྦྱིན་བདག་ཚོར་ད་ལོའི་རྒྱ་ཟླ་དྲུག་པའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་ཞིག་ལ། ཁོང་གིས་མཚོ་གཏེར་ལེན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། སྤྲུལ་སྐུ་ཚང་གི་རེ་བ་ལྟར་ན། སྐབས་དེར་སྦྱིན་བདག་ཀྲང་རྒྱ་མོ་གཙོ་བྱས་པའི་ལྟད་མོ་བ་ཇི་ལྟར་མང་ན་དེ་ལྟར་བཟང་བ་དང་། སྐད་གྲགས་ཆེ་བའི་གསར་འགོད་པ་རེ་ཡོད་ན་དེ་བས་བཟང་ཞེས་གསུངས་ཡོད།
   ཁོང་གི་མཚོ་གཏེར་ལེན་པའི་ཉིན་དེར། ཀྲང་རྒྱ་མོ་གཙོ་བྱས་པའི་ལྟད་མོ་བ་ཚོས་རྩ་བའི་བླ་མས་བོད་ཡུལ་དུ་སྐད་གྲགས་ཆེ་བའི་མཚོ་གཏེར་ཞེས་པ་དངོས་སུ་ཁོ་ཚོའི་མིག་མདུན་ནས་ལེན་རྒྱུ་ཡིན་པས། ཚང་མའི་སྣང་བ་དགའ་ཡ་ལེ། མིག་རིག་རིག་དང། རྣ་བ་ཀྲོང་ཀྲོང་བྱས་ནས་སྤྲུལ་སྐུ་ཀུན་ཕན་ཚང་གི་མཚོ་གཏེར་ལེན་པར་བལྟས་འདུག སྤྲུལ་སྐུ་ཀུན་ཕན་ཚང་ཐོག་མར་མཚོ་འགྲམ་དུ་སྐྱིལ་ཀྲུང་བཅས་ནས་བཞུགས་པ་དང་། 
   དུས་ཚོད་ཕྱེད་ཙམ་གྱི་རིང་ལ་སྤྱན་ཟུང་ནམ་མཁར་གཏད་ནས་ལྷ་འབོད་ཀླུ་བཅོལ་བྱས། དེ་ནས་གཟན་ཤམ་མནབས་ཏེ་མཚོ་གཏེར་ལེན་པར་ཕེབས། ཁོང་མཚོ་མཐའ་ནས་ནང་དུ་གོམ་པ་བཅུ་ལྷག་སོང་ཏེ་ཆུ་རྐྱལ་བྱེད་འགོ་ཚུགས། དུས་ཚོད་ཕྱེད་ཙམ་འགོར་རུང་། སྤྲུལ་སྐུ་ཚང་ཕེབས་སའི་མཚོ་ནང་དུ་བསྟུན་མར་རླབས་རིས་འགའ་བྱུང་བ་ལས་ཁོང་གི་གྲིབ་མ་ཙམ་ཡང་མ་མཐོང་། 

འོན་ཀྱང་དད་ལྡན་གྱི་སྦྱིན་བདག་དང་ལྟད་མོ་བ་ཚོས་ཁོང་སངས་རྒྱས་གསོན་པོ་ཡིན་པས་སྐྱོན་ཡོད་ནི་མ་རེད་ཟེར་བཞིན་རེ་བའི་མིག་ཟུང་སླར་ཡང་མཚོ་ནང་དུ་གཏད།

དུས་ཚོད་གཅིག་ལྷག་འགོར་སོང་། སྤྲུལ་སྐུ་ཀུན་ཕན་ཚང་གི་གཟན་ཤམ་དམར་པོ་དེ་མཚོ་ཁར་སྐབས་འགར་གཡེང་ཙམ་གཡེང་ཙམ་བྱས་པས། ཀྲང་རྒྱ་མོ་གཙོ་བྱས་པའི་སྦྱིན་བདག་ཚོ་བྲེལ་འཚུབ་ལངས་ཏེ་མྱུར་སྐྱོབ་མཚོ་གྲུ་བཏང་ནས་སྤྲུལ་སྐུ་བཙལ་དུ་བཅུག
   གསར་འགྱུར་འདི་ཚགས་པར་དང་བརྙན་འཕྲིན་ལེ་ཚན་བརྒྱུད་ནས་ལྷ་ལུང་སྡེ་བའི་མི་ཚོའི་སྙན་ལམ་དུ་བརྒྱུད། ལྷ་ལུང་སྡེ་བའི་མི་ཚོས་ད་རུང་ཡིད་ཆེས་བྱེད་ཀྱིན་མི་འདུག
   ལྷ་ལུང་སྡེ་བའི་ནང་དུ་ཡང་བསྐྱར་གསར་འགྱུར་གཞན་པ་ཞིག་བྱུང་། དེ་ནི་སྙི་ཡི་གཡག་མགོ་དཀར་པོའི་བྲག་ཕུག་ཏུ་མཚམས་ལ་བཞུགས་པའི་མཁན་པོ་ཤེས་རབ་སྐུ་གཤེགས་སོང་བ་དེ་རེད། ལྷ་ལུང་སྡེ་བའི་གྲྭ་བ་ཁ་ཤས་དང་གཉེན་ཉེ་འགའ་མཉམ་དུ་མཁན་ཤེས་རབ་ཚང་གི་སྐུ་གདུང་ལ་བདག་གཉེར་བྱེད་དུ་སོང་། ཁོང་ཚོ་མཁན་ཤེས་རབ་ཚང་གི་མཚམས་ཁང་གི་འགྲམ་དུ་སླེབས་དུས། མཚམས་ཁང་ཧྲིལ་བོ་འཇའ་འོད་ཀྱིས་གུར་ཁང་ལྟ་ན་སྡུག་པ་ཞིག་གིས་གཡོགས་འདུག ནང་དུ་འཛུལ་བ་ན་ཁོང་གི་སྐུ་གདུང་ལག་མཐིལ་དུ་འཇོག་རྒྱུ་ཙམ་ལས་མེད་པ་དང། དེ་ཡང་རིམ་གྱིས་འཇའ་ལུས་སུ་གྱུར་ཏེ། མཇུག་མཐར་དབུ་སྐྲ་དང་སེན་མོ་ཐར་ཐོར་ལས་ཅི་ཡང་མི་འདུག
   ཉིན་དེར། སྙི་ཡི་གཡག་མགོ་དཀར་པོའི་རི་སྟེང་དུ་འདབ་མ་བརྒྱད་ལྡན་གྱི་ཁ་བའི་མེ་ཏོག་འབབ་བཞིན་པ་མི་མང་པོས་མཐོང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1