(དེབ་གོང་མར་མཐུད།)
ལེའུ་གཉིས་པ།
མངའ་མཛད་བྱུང་བའི་དུས་རབས།
བཅུ་གཅིག་གངས་ཅན་བོད་ཡུལ་འདིར། །
རྒྱལ་ཕྲན་སིལ་མ་བཅུ་གཉིས་བྱུང་། །
བོད་ཁམས་སྤར་ཁ་ཆེ་བརྒྱད་ཟེར། །
སྔ་རྟགས་ཕྱག་དང་ཞེ་ས་དར། །
སྒྲུང་དང་ལྡེའུས་རིག་གནས་སྤེལ། །
སྤུ་བྲེགས་འཐག་བཏགས་ལག་རྩལ་གྱིས། །
མི་རྣམས་ཆས་གོས་གསར་དུ་མཛེས། །
མཆིམས་ཡུལ་ཞང་ཞུང་མྱོང་རོ་གནུབས། །
ཉང་རོ་ཀྱི་རི་ངམ་ཤོད་དང་། །
འོལ་ཕུ་སྲིབས་ཡུལ་དྭགས་ཀོང་ཉང་། །
རྒྱལ་ཕྲན་སིལ་མ་བཅུ་གཉིས་ཡིན། །
ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་23པ་ཙམ་ནས་དུས་རབས་12པའི་བར་ཙམ་ན་བོད་ཀྱི་ཡུལ་འདིར་དབང་བསྒྱུར་བྱེད་པའི་དུས་རབས་ལ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་ཞེས་ཟེར། ཡུལ་གྱི་མིང་ལ་བོད་ཁམས་སྤར་ཁ་ཆེ་བརྒྱད་ཟེར། བོན་དང་རིག་གནས་དར་རྒྱས་བྱུང་བས་ལུས་གུས་པས་ཕྱག་དང་།
ངག་གུས་པས་ཞེ་ས་འབོད་སྲོལ་བྱུང་ཞིང་། ཐོན་སྐྱེད་ལག་རྩལ་གཙོ་བོར་ནོར་དང་ར་ལུག་གི་སྤུ་རྩིད་པ་དང་ཁུ་ལུ། བལ་བཅས་ལས་བལ་གྱིས་སྣམ་བུ་འཐག་པ་དང་། རྩིད་པ་དང་ཁུ་ལུ་བཏགས་ཏེ་ཕྱ་ར་དང་སྦྲ་གུར་བྱེད་པའི་ལག་རྩལ་དར་ཁྱབ་ཆེན་པོ་བྱུང་ཡོད། སྐབས་དེར་བོད་ཀྱི་ཡུལ་གྲུ་འདིར་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཆགས་ཡོད་པ་སྟེ། 1. མཆིམས་ཡུལ་གྲུ་བཞི། 2. ཞང་ཞུང༌། 3. མྱོང་རོ་མྱོང་དཀར།① 4. གནུབས་ཡུལ་གླིང་དགུ། 5. ཉང་རོ་ཤམ་པོ། 6. ཀྱི་རི་ཀྱི་ལྗོན།② 7. ངམ་ཤོད་ཁྲ་སྣ། 8. འོལ་ཕུ་སྤང་མཁར། 9. སྲིབས་ཡུལ་རལ་གོང༌། 10. ཀོང་ཡུལ་བྲེ་སྣ། 11. ཉང་ཡུལ་རྣམ་གསུམ། 12. དྭགས་ཡུལ་གྲུ་བཞི་བཅས་སོ། དུས་དེར་ཡུལ་སྤྱིའི་མིང་ལ་བོད་ཁམས་སྤར་ཁ་ཆེ་བརྒྱད་ཅེས་ཟེར།
ཤིང་བྱིར་གངས་དཀར་ཏི་སེའི་མདུན། །
ཞང་ཞུང་འོལ་མོ་ལུང་རིང་ན། །
བོན་གྱི་སྟོན་པ་གཤེན་རབ་འཁྲུངས། །
རིག་པའི་གནས་ལ་མཁས་པར་སྦྱངས། །
སྨན་རྩིས་བོན་སོགས་གཞུང་མང་བརྩམས། །
རྒྱལ་ཕྲན་དེ་དག་གི་ནང་ནས་རིམ་བཞིན་སྟོབས་འབྱོར་མངའ་ཐང་ཆེ་ཤོས་ཏེ་ཞང་ཞུང་རྒྱལ་ཕྲན་ཆགས་པ་རེད། སྐབས་དེའི་ཞང་ཞུང་རྒྱལ་ཕྲན་ནི་དེང་དུས་མངའ་རིས་པུ་རངས་(དེང་དུས་སྤུ་ཧྲེང་ཞེས་བྲིས)ཀྱི་ཡུལ་འདིར་ཡིན་ཞིང༌། སྤྱི་ལོའི་སྔོན་གྱི་1917པ་ཤིང་བྱི་ལོར་གངས་ཏི་སེའི་མདུན། མཚོ་མ་ཕམ་གྱི་འགྲམ། ཞང་ཞུང་འོལ་མོ་ལུང་རིང་དུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་འཁྲུངས། ཁོང་ནི་དམུ་གཤེན་གྱི་གདུང་རབས་ཉི་ཤུ་པ་ཡིན་པར་བཤད། སྟོན་པ་གཤེན་རབ་ཀྱིས་བོད་ཡིག་རྣམས་དབྱངས་གསལ་སོ་བཞིའི་སྒོ་ནས་གཏན་ལ་ཕབ། བོན་ཆོས་དང་རིག་གནས་སྐོར་གྱི་དཔེ་ཆ་མང་པོ་བརྩམས། སྐབས་དེར་རྒྱལ་ཕྲན་རྣམས་རྟག་ཏུ་ཕན་ཚུན་འཁྲུག་རྩོད་དང་། འཕྲོག་བཅོམ་གྱི་དུས་འདའ་བ་ལ་ཞང་ཞུང་སྟོན་པ་གཤེན་རབ་ཀྱིས་རྒྱལ་ཕྲན་བཅུ་གཉིས་ཀྱི་ནང་ནས་འགའ་ཞིག་གི་སྲས་མོ་ཁབ་ཏུ་བཞེས་ནས་གཉེན་གྱི་འབྲེལ་ལམ་ཆགས་པས་གཤེན་རབ་ཀྱི་དབང་ཐང་དང་། སྟོབས་ཤུགས་ཇེ་རྒྱས་སུ་ཕྱིན། དེ་ལྟར་སྐུ་གཞོན་ནུའི་དུས་སུ་སྟོན་པ་གཤེན་རབ་ཀྱི་སྐུ་ཡི་རྣམ་པ་ཇི་ལྟར་ཞིག་ཡོད་པའི་སྐོར་ལ། བོན་གྱི་མདོས་ཆོག་སྲིད་པ་སྤྱི་མདོས་ལས་གསལ་བར་ལྟར་ན།
གཤེན་རབ་མི་བོ་ཆེ། །སྐུ་མདངས་དུང་ཟླ་འདྲ། །
འཛུམ་མདངས་མེ་རེ་རེ། །སྐུ་ལྟོས་རི་ལས་བརྗིད། །
མུ་ཐིང་རལ་པ་ནི། །མུ་འོད་ཁྱུགས་སེ་ཁྱུགས། །
སྐུ་ལ་ཅི་གསོལ་ན། །རྒོད་ཐུལ་ལྷམས་སེ་ལྷམས། །
ཞེས་གསུངས་པར་གཞིགས་ན་བོན་གྱི་སྟོན་པ་གཤེན་རབ་མི་བོ་དེ་སྐུ་གཞོན་ནུའི་སྐབས་སུ་བོད་ཡུལ་འབྲོག་པའི་ཕོ་གཞོན་མཛེས་སྡུག་དང་ལྡན་པའི་རྣམ་པ་ཞིག་ཡོད་པ་གསལ་བཤད་བྱས་ཡོད།
བདུད་རྒྱུད་ཀོང་པོའི་ཡུལ་དུ་གནས། །
བདུད་དམག་ཞང་ཞུང་ཡུལ་དུ་ཆས། །
ཆུ་བོ་བཞི་འདུས་མགོ་མཇུག་བར། །
དམག་དཔུང་འདྲེན་ཞིང་རྟ་ཇག་བཅད། །
གཤེན་རབ་རྟ་ཁྱུའི་ར་མདའི་ཆེད། །
ཀོང་པོར་ཕེབས་ཏེ་རྫུ་འཕྲུལ་གྱིས། །
བདུད་མོ་འདུལ་བས་ཀོང་རྗེ་དད། །
ཀོང་བཟའ་ཁྲི་ལྕམ་ཁབ་ཏུ་ཕུལ། །
ཀོང་པོ་བོན་རིའི་གནས་སྒོ་ཕྱེས། །
ཧོས་བཟའ་རྒྱ་བཟའ་ཀོང་བཟའ་སོགས། །
ཁབ་ཏུ་བཞེས་པས་རྒྱལ་ཕྲན་རྣམས། །
ཕལ་ཆེར་གཤེན་གྱི་གྲོགས་སུ་ཐོབ། །
བཙུན་མོ་དགུ་ལ་སྲས་བརྒྱད་འཁྲུངས། །
● སྟོན་པ་གཤེན་རབ་སྐུ་གཞོན་པའི་སྐབས།
སྐབས་ཤིག་ན། ཀོང་པོའི་ཡུལ་ནས་བདུད་དམག་ཆས་ཏེ། བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་འགོ་དེང་དུས་མངའ་རིས་ཡུལ་གྱི་གངས་ཏི་སེའི་ཉེ་སྐོར་བར་དམག་དྲངས་ནས་གཤེན་རབ་ལ་དོ་བརྡོས་ཤིང༌། གཤེན་གྱི་རྟ་ཁྱུ་གཅིག་བདུད་དམག་གི་ཇག་པས་དེད་ནས་ཀོང་ཡུལ་དུ་ལོག སྟོན་པ་གཤེན་རབ་རྫུ་འཕྲུལ་གྱིས་ར་མདར་③ཕེབས་པའི་ལམ་བར་ཀོང་པོར་འབྱོར་སྐབས། བདུད་དམག་གིས་རྫུ་འཕྲུལ་གྱིས་བདུད་རི་ནག་པོས་ལམ་བཀག སྟོན་པས་མཐེབ་ཆུང་གཡོན་པས་བདུད་རི་དེ་བླངས་ཏེ་སྒང་ཀ་སུམ་མདོར་བཞག མདུང་རྩེ་འདྲ་བའི་སྤྲུལ་པའི་རི་ཞིག་ལྷ་རི་གྱང་ཐོའི་ཟུར་ལ་བཞག་པས་མཚན་ཡང་བོན་རི་ཆེན་པོར་བཏགས་པ་དེ་དེང་སང་གི་ཀོང་བོན་རི་འདི་ཡིན་པར་བཤད། ཡང་དེ་ནས་མར་བྱོན་པ་ལ་བདུད་མོའི་རིགས་བུད་མེད་གཞོན་ནུ་མ་མཛེས་མ་མང་པོས་གསོལ་ཆས་ལ་དུག་སྦྱར་ཏེ་དྲངས་པ་ལ། སྟོན་པས་ཐལ་མོ་བརྡབས་པས་བདུད་མོ་རྣམས་མི་སྡུག་པའི་རྒན་མོ་སྲིན་མོ་བརྒྱ་རུ་སོང་བ་ལ་དེང་སང་ཡང་སྲིན་མོ་བོན་ཐང་དུ་གྲགས་པ་དང་། དེ་ནས་སྟོན་པ་ཀོང་ཡུལ་དུ་ཕེབས་པས་བདུད་རྗེ་འཁོར་བཅས་སྟོན་པ་ལ་དད་ནས་ཀོང་བཟའ་ཁྲི་ལྕམ་བཙུན་མོར་ཕུལ་བས་ཞང་བདུད་བར་དུ་གཉེན་གྱི་འབྲེལ་བ་ཆགས་པའི་ལོ་རྒྱུས་ཆགས་ཡོད།
སྟོན་པ་གཤེན་རབ་མི་བོ་ཆེས་རྒྱལ་ཕྲན་གཞན་རྣམས་དང་མཐུན་ལམ་བསྒྲིགས་པ་དང༌། བོན་དང་རིག་གནས་དར་ཁྱབ་ཆེན་པོ་གནང་བས་གཡུང་དྲུང་བོན་གྱི་སྲོལ་འབྱེད་ཀྱི་སློབ་དཔོན་ཆེན་པོར་གྱུར། དེ་ནས་བཟུང་སྒོ་བཞི་མཛོད་ལྔ་ལ་སོགས་བོན་ཆོས་ཀྱི་རིག་གཞུང་མང་པོ་བརྩམས་གནང་བ་མ་ཟད། བཟོ་དང༌། གསོ་རིག གཏོ་མདོས་སོགས་རིག་གནས་མང་པོ་དར་སྤེལ་གནང་ཞིང༌། དེ་དག་གི་གདམས་ངག་གི་རྒྱུན་འཛིན་པའི་ཆེད་དུ་སྲས་རྣམས་ལ་རང་རང་གི་འོས་འགན་རིག་གནས་སྣེ་རེ་སྤེལ་དགོས་པའི་བཀའ་སློབ་ཀྱང་གནང་བ་རེད།
སྟོན་པ་གཤེན་རབ་ཀྱིས་ཁབ་ཏུ་བཞེས་པའི་སྲས་མོ་དེ་དག་ལ་བསྡོམས་པས་སྲས་བརྒྱད་འཁྲུངས། དེ་དག་ལས་ཀོང་བཟའ་ཁྲི་ལྕམ་གྱི་སྲས་གཡུང་དྲུང་དབང་ལྡན་ནི་དམུ་གཤེན་གྱི་གདུང་རྒྱུད་འཛིན་མཁན་དང༌། ཧོས་བཟའ་རྒྱལ་མེའི་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་གསོ་བ་རིག་པའི་རྒྱུན་འཛིན་པ་དང༌། གཏོ་བུ་འབུམ་སངས་ཀྱིས་གཏོ་མདོས་སོགས་ཆོ་གའི་རྒྱུན་འཛིན་པ། དབོ་བཟའ་ཐང་མོའི་སྲས་ལུང་འདྲེན་གསལ་བས་མདོ་ལུགས་རྒྱུན་འཛིན་པ་། རྒྱུད་འདྲེན་སྒྲོན་མས་སྔགས་ལུགས་ཀྱི་རྒྱུན་འཛིན་པ། གསས་བཟའ་ངང་རིང་གི་སྲས་འོ་དྲུག་ཐང་པོས་ནི་སྐུ་མཁར་དང༌། སྐུ་བརྙན་སོགས་བཟོ་རིག་པའི་རྒྱུན་འཛིན་པ། རྒྱ་བཟའ་འཕྲུལ་སྒྱུར་གྱི་སྲས་འཕྲུལ་བུ་ཆུང་ངམ་ཟེའུ་ཀོང་འཕྲུལ་ཆུང་གིས་ནི་རྩིས་རིག་པའི་རྒྱུན་འཛིན་པ། ཕྱ་བཟའ་གུང་དྲུག་གི་སྲས་མུ་ཆོ་ལྡེམ་དྲུག་ནི་བོན་ཆོས་ཀྱི་གདུང་སོབ་ཏུ་གྱུར་པ་སོགས་སྲས་རྣམས་ལ་རང་རང་སོ་སོའི་འོས་འགན་སྤྲད་ནས་སྟོན་པ་གཤེན་རབ་གང་ཉིད་ཀྱིས་གཡུང་དྲུང་བོན་ཀྱི་སྟོན་པའི་སྐུར་བཞེངས་པ་རེད།
གདུང་སྲས་དཔྱད་བུ་ཁྲི་ཤེས་ལ། །
སྨན་གྱི་མན་ངག《འབུམ་བཞི》གནང་། །
གསོ་རིག་བསྟན་པའི་ཉི་མ་ཤར། །
འཕྲུལ་སྲས་ཟེའུ་ཀོང་འཕྲུལ་ཆུང་ལ། །
སྐར་འབྱུང་རྩིས་ཀྱི་གདམས་ངག་སྤེལ། །
འབྱུང་བ་དུས་ཀྱི་འཁོར་ལོ་བསྐོར། །
སྤྱི་ལོའི་སྔོན་གྱི་1897པ་ཤིང་སྤྲེལ་ལོར་གསོ་རིག་འབུམ་བཞིའི་རྩོམ་པ་པོ་དཔྱད་བུ་ཁྲི་ཤེས་འཁྲུངས། དེས་ཡབ་ཀྱི་གདམས་ངག་དང༌། སྤྱི་ཚོགས་ཀྱི་ཉམས་མྱོང༌། རྒྱལ་ཕྲན་སོ་སོའི་ཡུལ་དུ་བེད་སྤྱོད་དར་བའི་རྩྭ་སྨན་དང༌། ཤིང་སྨན། རྡོ་སྨན་སོགས་སྨན་སྣ་བརྒྱ་སྐོར་ཙམ་དང༌། བསྐུ་མཉེ་དང༌། ཧོར་གྱི་མེ་བཙའ། རྔུལ་དབྱུང་བ། གཏར་ཁ་དང༌། དུགས་དང༌། ལུམས་དང༌། བྱུག་པ་སོགས་ཀྱི་ལག་རྩལ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་གསོ་རིག་འབུམ་བཞི་ཕྱོགས་བསྒྲིགས་མཛད། དེ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཐོག་གསོ་བ་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་བྱུང་ཞིང་། ནད་རིགས་ཡང་བ་ལ་སྨན་སྐོམ་གྱིས་བཅོས་པ། དེས་མ་འཆོས་ན་སྤྱོད་ལམ་དོགས་ཟོན་བྱས་ཏེ་བཅོས་པ། དེས་ཀྱང་བཅོས་མ་ཐུབ་ན་སྨན་བསྡུས་སྦྱོར་བྱས་ཏེ་བཅོས་པ། དེས་ཀྱང་བཅོས་དཀའ་བའི་རིགས་ལ་མེ་སྲེག་པ་དང༌། ཁྲག་གཏར་བ། དུགས་བྱེད་པ། ལུམས་བཙོ་བ་སོགས་དཔྱད་རིགས་སྣ་ཚོགས་ཀྱིས་བཅོས་པའི་ལག་ལེན་དང༌། མན་ངག་རྣམས་བྱུང་།
སྤྱི་ལོའི་སྔོན་གྱི་1893པ་ས་བྱི་ལོར་རྩིས་རིག་མཁས་པ་ཟེའུ་ཀོང་འཕྲུལ་ཆུང་འཁྲུངས། དེ་ལ་ཡབ་སྟོན་པ་གཤེན་རབ་མི་བོ་ཆེས་སྣང་མཐོང་རྩིས་ཀྱི་རིག་པ། གབ་རྩེ་འཕྲུལ་གྱི་མེ་ལོང༌། སྤར་ཁ་སྨེ་བའི་གླིང་སྐོར། འབྱུང་བ་དུས་ཀྱི་འཁོར་ལོ། ཇུ་ཞག་རྟེན་འབྲེལ་ལས་རྩིས་རྣམས་རང་གི་སྲས་འཕྲུལ་བུ་ཆུང་སོགས་ཀྱིས་ཞུས་པའི་ངོར་གསུངས།
● སྨན་པས་རྩ་དང་ཆུ་ལ་རྟོག་པ།
དེ་ཡང་སྣང་མཐོང་རྩིས་ཀྱི་རིག་པ་ཞེས་པ་ནི། གཤེན་རབ་མི་བོ་ཆེས་སྣོད་བཅུད་ཀྱི་ཁམས་རྣམས་ལ་བརྟགས་ནས་དངོས་པོ་ཐམས་ཅད་སྐྱེད་བྱེད་ཀྱི་རྒྱུའི་གཙོ་བོ་གཟུགས་ཀྱི་ཆུང་ཐ་ཕྲ་རབ་ཀྱི་རྡུལ་ཡོད་པ་ཤེས་རྟོགས་བྱུང་སྟེ། དེ་ལ་བྱེད་ལས་ཀྱི་ཆ་ནས་འབྱུང་བ་ཞེས་པ་དང༌། རིགས་མི་འདྲ་བ་དབྱེ་བའི་ཆ་ནས་ས་ཆུ་མེ་རླུང་ཞེས་མིང་བཏགས། དེའང་འབྱུང་བ་སོ་སོའི་བྱེད་ལས་ལ་བརྟགས་ནས། ས་ཡི་ཁམས་ཀྱིས་འགྲུབ་བྱེད་ཀྱི་རྒྱུ་བྱེད་པ་དང༌། ཆུ་ཡི་ཁམས་ཀྱིས་གཅིག་ཏུ་སྡུད་པར་བྱེད་པ། མེ་ཡི་ཁམས་ཀྱིས་སྨིན་པར་བྱེད་པ། རླུང་གི་ཁམས་ཀྱིས་འཕེལ་བར་བྱེད་པ། འབྱུང་བ་དེ་དག་ཕན་ཚུན་ཆ་སྙོམས་ཤིང་རྣམ་པ་ལུགས་འབྱུང་གི་ཚུལ་དུ་བྱུང་བ་ན། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྐྱེད་བྱེད་ཀྱི་རྒྱུ་དང༌། ནམ་ཞིག་འབྱུང་བའི་རྫས་དེ་དག་ཕན་ཚུན་འགལ་འཕྲོད་ཀྱི་དབང་གིས་ཆ་མ་སྙོམས་ཤིང་རྣམ་པ་ལུགས་ལྡོག་གི་ཚུལ་དུ་རྒྱུ་བའི་ཚེ་དངོས་པོ་ཐམས་ཅད་འཇིག་པའི་རྒྱུ་ཆགས་ཤིང་ཡོད་པའི་གནས་ལུགས་ཤིག་རྙེད་ནས་རང་གི་སློབ་མ་རྣམས་ལ་བསྟན་ཡོད་པ་རེད།
གབ་རྩེ་འཕྲུལ་གྱི་མེ་ལོང་ནི། ལོ་གཅིག་ལ་དབང་བའི་ལོ་ཟླ་ཞག་དུས་ལ་དབང་བྱེད་པའི་ལྷ་ཀླུ་ས་བདག་ལ་སོགས་པ་ཐུན་མོང་གི་སྣང་ངོར་མངོན་དུ་མ་གྱུར་པ་རྣམས། གནས་པའི་ཡུལ། བགྲོད་པའི་ལམ། རྒྱུ་བའི་དུས་ལ་སོགས་པའི་གནད་གསང་རྣམས་གསལ་བར་སྟོན་པར་བྱེད་པའི་རྩིས་ཀྱི་རིག་པ་དེ་དག་ལ་ཟེར།
སྤར་ཁ་སྨེ་བའི་གླིང་སྐོར་ཞེས་པ་ནི། སྲིད་པ་འཇིག་རྟེན་འདི་ཉིད་མཚོན་བྱེད་དུ་ལིང་ཚེ་དགུའི་ཁོངས་སུ་སྨེ་བ་དགུ་བཀོད་པ་དང༌། ཕྱོགས་མཚམས་བརྒྱད་དུ་སྤར་ཁ་བརྒྱད་བཀོད་དེ་ལོ་ཟླ་ཞག་དུས་དང༌། བརྩི་བྱའི་ཁམས་རྣམས་ཕན་ཚུན་སྦྱར་ཏེ་ལེགས་ཉེས་བླང་དོར་གྱི་འབྲས་བུ་སྟོན་པའི་རིག་པ་ཞིག་ལ་ཟེར།
འབྱུང་བ་དུས་ཀྱི་འཁོར་ལོ་ཞེས་པ་ནི། འབྱུང་བའི་ཁམས་དང་འབྲེལ་བའི་ལོ་སྐོར་བཅུ་གཉིས་དང༌། ནམ་ཟླ་དུས་བཞི། གཟའ་སྐར་གྱི་གནས་སྟངས་སོགས་ལ་བརྟགས་ནས་ཕྱི་རོལ་ཡུལ་གྱི་འགྱུར་བ་རྣམས་རྟོགས་པར་བྱེད་ཅིང་དེ་ལ་བརྟེན་ནས་སོ་ནམ་གྱི་ལས་བྱེད་པ་དང༌། ནང་བཅུད་སེམས་ཅན་གྱི་ཁམས་ལ་འདུ་བ་འཕེལ་ཟད་འཁྲུགས་ཀྱི་ཚུལ་རྣམས་རྟོགས་པར་བྱེད་ཅིང་དེ་ལ་བརྟེན་ནས་གསོ་བར་བྱེད་པའི་གཉེན་པོའི་ཐབས་སྟོན་པ་སྟེ། མདོར་ན་སྣོད་བཅུད་ཀྱི་འབྱུང་ཁམས་རྣམས་ཕན་ཚུན་འཕྲོད་སྦྱོར་མི་འདྲ་བའི་དབང་གིས་ལེགས་ཉེས་ཀྱི་འབྲས་བུ་ཅི་རིགས་ཤིག་འབྱིན་ཐུབ་ཀྱི་ཡོད་པ་སྟོན་པའི་ཤེས་རིག་ཅིག་རེད།
● ཀོང་ཙེ་འཕྲུལ་རྒྱལ།
ཇུ་ཞག་རྟེན་འབྲེལ་གྱི་རྩིས་ཞེས་པ་ནི། མི་རྣམས་ཐོག་མར་འཇིག་རྟེན་འདིར་སྐྱེ་བའི་སྐབས་ཀྱི་ལོ་ཟླ་ཞག་དུས་ཀྱི་འབྱུང་ཁམས་སོ་སོའི་གནས་ལུགས་དེ་ལ་བརྟེན་ནས་ཚེ་འདིར་ལེགས་ཉེས་ཀྱི་རྐྱེན་ཅི་དང་ཅི་ཞིག་ཡོད་པ་སྟོན་པ་སྟེ་ཚེ་རབས་ལས་རྩིས་དང༌། སོ་སོའི་འབྱུང་ཁམས་དང་ལོ་རེ་བཞིན་གྱི་གནམ་ལོའི་འབྱུང་ཁམས་གཉིས་འཕྲོད་སྦྱོར་ལ་བརྟེན་ནས་ལོ་གཅིག་གི་རིང་ལ་ལེགས་ཉེས་ཅི་དང་ཅི་ཡོད་པར་སྟོན་པ་སྟེ་ཀེགས་རྩིས་དང༌། ཕོ་མོ་གཉིས་ཀྱི་སྲོག་ལུས་དབང་ཀླུང་སོགས་ཀྱི་འབྱུང་ཁམས་རྣམས་ཕན་ཚུན་འཕྲོད་སྦྱོར་ལ་བརྟེན་ནས་ལེགས་ཉེས་ཅི་དང་ཅི་ཞིག་ཡོད་པར་སྟོན་པ་བག་གཉེན་གྱི་རྩིས་དང༌། གཤིན་པོའི་ཁམས་དང་ཤི་དུས་ཀྱི་ལོ་ཟླ་ཞག་དུས་གཟའ་སྐར་སོགས་ཀྱི་འབྱུང་ཁམས་འཕྲོད་སྦྱོར་ལ་བརྟེན་ནས་ལེགས་ཉེས་ཅི་དང་ཅི་ཞིག་ཡོད་པར་སྟོན་པ་གཤིན་རྩིས་བཅས་ལ་ཟེར།
ཤིང་བྱི་གངས་དཀར་ཏི་སེའི་ནུབ། །
རྒོད་རྗེ་ཀོང་ཙེ་རྒྱ་ཡུལ་དུ། །
ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་བལྟམས། །
གཏོ་མདོས་ཡས་གླུད་ཆོ་གའི་རིགས། །
གཏོ་རྒྱུད་སུམ་བརྒྱ་དྲུག་ཅུ་བརྩམས། །
རི་ལྷ་ཆུ་ལྷ་ཤིང་ལྷ་སོགས། །
ཁོར་ཡུག་སྲུང་བའི་ཆོ་ག་དང་། །
ཕྱི་སྣོད་ནང་བཅུད་ཐམས་ཅད་ཀྱི། །
འབྱུང་བཞི་མཐུན་པའི་སྦྱོར་བ་བརྩམས། །
● གངས་ཏི་སེའི་ནུབ་ཕྱོགས་སུ་ཡོད་པའི་རྒྱ་ལག་འོད་མའི་གླིང་གི་གྲོང་སྡེར། ཀོང་ཙེ་འཕྲུལ་རྒྱལ་གྱིས་མདོས་ཆོག་བཤོམ་ཞིང་ཆོ་ག་འདོན་བཞིན་པ།
སྤྱི་ལོའི་སྔོན་གྱི་1557པ་ཤིང་བྱི་ལོར། གངས་ཏི་སེའི་ནུབ་ཕྱོགས་རྒོད་རྗེ་ཀོང་ཙེ་རྒྱའི་ཡུལ་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་འཁྲུངས། དེས་འབྱུང་རྩིས་རིག་པ་ལ་བརྟེན་ནས་ཕྱི་སྣོད་འཇིག་རྟེན་དང༌། ནང་བཅུད་སེམས་ཅན་འབྱུང་བ་ཆ་སྙོམ་པར་བྱེད་པའི་ཐབས་སུ་གཏོ་དང༌། མདོས། ཡས། གླུད་བཅས་ཀྱི་ཆོ་ག་མང་པོ་བརྩམས། དེ་དག་ལག་ལེན་བྱེད་ཐབས་དང༌། འདོན་ཆོག་སྐོར་གྱི་དཔེ་ཆ་མང་པོ་བརྩམས་པ་ལ་ཀོང་ཙེའི་གཏོ་ཆོག་སུམ་བརྒྱ་དྲུག་ཅུ་ཟེར། ཆོས་དང་རིག་གནས་ལ་ཡར་རྒྱས་ཆེན་པོ་བྱུང་སྟབས། མི་རྣམས་ཀྱིས་རྒན་པོ་དང་ཡོན་ཏན་ཅན་ལ་གུས་བཀུར་ཆེན་པོ་བྱེད་སྲོལ་དར། །
དེ་ནས་རིམ་བཞིན་རྒྱལ་ཕྲན་རྣམས། །
དབང་ཤུགས་ཉམས་པས་ཡུལ་སྡེ་ཐོར། །
རྒྱལ་ཕྲན་སིལ་མ་བཞི་བཅུ་བྱུང་། །
ཡུལ་མིང་བོད་ཁམས་གླིང་དགུ་ཟེར། །
ལྷ་རྟེན་བརྩིགས་ཤིང་རྟེན་གསུམ་བཞེངས། །
བོན་ལ་སྐྱབས་གསོལ་ཐར་པ་བསྒྲུབས། །
བྲག་དགོན་རི་ཁྲོད་ཤིང་དྲུང་སོགས། །
བཀའ་ཐུབ་ཅན་གྱི་དྲང་སྲོང་བྱུང་། །
རྨ་ལོ་གཡུ་ལོ་མུ་ཆོ་སོགས། །
ཉམས་ལེན་ཅན་གྱི་བོན་པོ་བྱུང་། །
ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཉིས་པ་ཙམ་ནས་བོད་གངས་ཅན་གྱི་ཡུལ་འདིར་དབང་བསྒྱུར་བྱེད་མཁན་རྒྱལ་ཕྲན་སིལ་མ་བཞི་བཅུ་བྱུང་ཡོད། སྔོན་གྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་པོ་དེ་དག་གི་ནུས་པ་ཉམས་ནས་རིམ་བཞིན་ཐོར་ཏེ། རྒྱལ་ཕྲན་སིལ་མ་བཞི་བཅུར་ཆགས། སྐབས་དེར་ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུ་ཟེར།
སྤྱི་ལོའི་སྔོན་གྱི་1228པ་ལྕགས་སྟག་ལོར་མཁས་པ་ཏ་པི་ཧྲི་ཙ་ཡིས་གཙུག་གཤེན་རྒྱལ་དང༌། དྲང་སྲོང་རྒྱལ། རྨ་ལོ། གཡུ་ལོ། མུ་ཆོ་ལྡེམ་དྲུག་བཅས་ལ་དྲང་སྲོང་གི་སྡོམ་པ་གནང༌། དེ་ནས་བཟུང་མི་ལོ་སུམ་བརྒྱ་ཉེར་ལྔའི་བར་ཞང་ཞུང་གི་ཡུལ་དུ་བྲག་དགོན་པ་དང༌། རི་ཁྲོད་དང༌། ཤིང་དྲུང་སོགས་ལ་དཀའ་ཐུབ་ཀྱིས་ཉམས་ལེན་བྱེད་མཁན་དང༌། ལྷ་རྟེན་བཞེངས་མཁན་མང་པོ་བྱུང༌།
སྤྱི་ལོའི་སྔོན་གྱི་904པ་མེ་སྦྲུལ་ལོར་ག་ཅུ་གཙུག་ཕུད་རྒྱལ་བ་དང༌། དེའི་སློབ་མ་ཡ་གོང་ཡེ་ཤེས་རྒྱལ་བ། ཕམ་ཤིན་དཔལ་གྱི་དབང་ཕྱུག་རྣམས་ཀྱིས་སོ་ཐར་གྱི་སྡེ་པ་བཙུགས་ཤིང་འདུལ་བསྟན་སྤེལ་ཞིང་ལྷ་ཁང་ཡང་བཞེངས་པར་བཤད།
རྒྱལ་ཕྲན་བཞི་བཅུ་དེ་དག་ནི། །
གསོད་གཅོད་དགའ་ཞིང་འཁྲུག་རྩོད་བྱེད། །
འབངས་ལ་བཀྱོན་འབེབས་བཙོན་རར་བཙུད། །
དུས་དེར་བོད་ལ་དགྲ་ཇག་མང་། །
ཕྱོགས་བཞིར་རྒྱལ་པོས་རྟག་ཏུ་འཚེར། །
འཐབ་ན་མི་ཐུབ་དམག་གྲངས་ཉུང་། །
ཕྱོགས་གཞན་བྲོས་ན་དཔོན་གྱིས་བཀག །
ཐང་ལ་མི་ཆགས་རི་བྲག་ལ། །
ཁང་ཁྱིམ་བཟུང་ཞིང་བཙན་ས་འཛིན། །
བཟའ་བཏུང་མི་རྙེད་བཀྲེས་སྐོམ་མནར། །
བོད་ཡུལ་མི་རྣམས་སྡུག་བསྔལ་ཆེ། །
མངའ་མཛད་བཅུ་གཉིས་བྱུང་ཚུལ་གྱི་ལེའུ་གཉིས་པའོ། །
སྤྱིར་བཏང་གནའ་བོའི་དུས་ཀྱི་མངའ་མཛད་ཐོག་མར་བྱུང་བ་ནས་རིམ་བཞིན་དུས་རྟག་ཏུ་དགྲ་ཇག་དམག་འཁྲུག་གི་ལས་བྱེད་ཅིང༌། རྒྱལ་ཕྲན་གཞན་གྱི་འབངས་དང་དམག་རྣམས་ལག་ཏུ་ཟིན་ཚེ་བྲན་གཡོག་བྱེད་དུ་འཇུག དེ་ལྟར་བྲན་གཡོག་གི་མི་འབོར་ཆེས་ཆེར་སོང་བ་དང༌། རྗེ་བོ་དང་རྒྱལ་ཕྲན་དག་གིས་སོ་སོའི་ཐོབ་ཐང་དང་བསྟུན་པའི་བྲན་དུ་བཀོལ་བ་དང༌། འབངས་མི་རྣམས་བཙན་ཤེད་ཀྱིས་བྲན་དུ་བཀོལ་ཏེ་གྱེན་ལྡོག་བྱེད་མཁན་བྱུང་ན་སྲོག་ཆད་གཅོད་པ་སོགས་འབངས་མི་རྣམས་ལ་རང་དབང་ཏིལ་འབྲུ་ཙམ་ཡང་མེད་པའི་འཚོ་བ་སྤྱོད་པའི་དུས་དེར། མཐའ་འཁོར་གྱི་ཕྱོགས་བཞི་ན་ཤར་དུ་རྒྱ་ནག་རྒྱལ་པོ། ལྷོར་རྒྱ་གར་རྒྱལ་པོ། ནུབ་ཏུ་ཏ་ཟིག་ནོར་གྱི་རྒྱལ་པོ།(དེང་སང་ཨ་རབ་ཁ་ཆེའི་ཡུལ)བྱང་དུ་ཁྲོམ་གེ་སར་དམག་གི་རྒྱལ་པོ་(དེང་སང་ལི་ཡུལ་གྱི་ཡུ་གུར་རིགས་ཀྱི་ལུང་པ)བཅས་ནས་རྒྱལ་ཕྲན་སིལ་བུར་ཐོར་བའི་སྐབས་དང་བསྟུན་ནས་རང་གི་ས་མཚམས་ཀྱི་རྒྱལ་ཕྲན་དེ་དག་གིས་རྟག་པར་བཙན་འཛུལ་བྱས་ཏེ་འཕྲོག་བཅོམ་བྱས་ནའང༌། བོད་ཀྱི་ཡུལ་སྡེ་རྣམས་རང་ལ་དམག་གྲངས་ཤིན་ཏུ་ཉུང་ཞིང་ཉེ་འཁོར་གྱི་རྒྱལ་ཕྲན་རྣམས་དང་འཐབ་མི་ཐུབ་ཅིང༌། འོག་གི་འབངས་མི་རྣམས་ས་གནས་གཞན་དུ་བྲོས་བྱོལ་བྱེད་སྙམ་ན་ཡང་རང་གི་དཔོན་གྱི་རྒྱལ་ཕྲན་དེ་དག་གིས་བདག་ཏུ་བཟུང་ནས་འགྲོ་རུ་མི་སྟེར། ཞིང་འབྲོག་གི་ལས་ཀ་བྱས་ནས་ཡུལ་དུ་སྡོད་ཚེ་རྟག་པར་ཕྱི་ཡི་དགྲ་ཇག་གིས་གཙེས་ཏེ་རི་བྲག་སོགས་སུ་བཙན་ས་བཟུང་ནས་བསྡད་དགོས་ཀྱི་ཡོད་སྟབས། བཟའ་བཏུང་གི་རིགས་ཆད་དེ་བཀྲེས་སྐོམ་གྱི་སྡུག་བསྔལ་ཚད་མེད་པ་ཞིག་མྱང་དགོས་བྱུང་བའི་སྐབས་དེར། བོད་ཀྱི་རྒྱལ་པོའི་སྔ་བ་གཉའ་ཁྲི་བཙན་པོ་བྱོན་ནས་དེ་དག་ཕལ་ཆེར་གཅིག་གྱུར་བྱས་པས་སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་ཞེས་པ་བྱུང་བ་དང་། དུས་མཚུངས་སུ་ཞང་ཞུང་རྒྱལ་པོས་མངའ་རིས་བསྐོར་གསུམ་གྱི་རྒྱལ་ཕྲན་རྣམས་དབང་དུ་་བསྡུས་ནས་གཅིག་གྱུར་བྱས་པས་ཞང་ཞུང་རྒྱལ་ཁམས་ཞེས་པ་བྱུང་ཞིང་། དེ་ནས་བཟུང་རྒྱལ་ཕྲན་དེ་དག་བོད་ཞང་གཉིས་ཀྱི་མངའ་ཁོངས་སུ་གྱུར་པ་རེད།( 4 ) མུ་མཐུད་འགོད་རྒྱུར།
● ལྷ་རྟེན་བཞེངས་པ་དང་། སྒྲུབ་པ་བྱེད་པའི་བོན་པོ་བྱུང་། དགྲ་ཇག་དང་དམག་འཁྲུག་རྒོད་པའི་བྲན་གཡོག་ལམ་ལུགས་ཀྱི་དུས་རབས་ཡིན།
① མྱོང་རོ་མྱོང་དཀར། མཁས་པའི་དགའ་སྟོན་སོགས་ལོ་རྒྱུས་ཡིག་ཆ་རྣམས་ལས། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན་འདུག་ཀྱང་། དེང་ཡུལ་གང་དུ་ངོས་འཛིན་དགོས་ད་བར་ཐག་ཆོད་མ་སོང་།
② ཀྱི་རི་ཀྱི་ལྗོན། མཁས་པའི་དགའ་སྟོན་སོགས་ལོ་རྒྱུས་ཡིག་ཆ་རྣམས་ལས། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན་འདུག་ཀྱང་། དེང་ཡུལ་གང་དུ་ངོས་འཛིན་དགོས་ད་བར་ཐག་ཆོད་མ་སོང་།
③ ར་མདའ། རྗེས་འདེད།