རྒྱུན་བསྲིང་འཕེལ་རྒྱས་ནི་དེང་རབས་ཀྱི་དགོས་མཁོ་སྐོང་བ་དང་འཚམ་ཞིང་། རྗེས་རབས་པ་རྣམས་ཀྱི་དགོས་མཁོ་སྐོང་པའི་ནུས་ཚད་ལའང་གནོད་འཚེ་མེད་པའི་འཕེལ་རྒྱས་ཀྱི་རིགས་ཤིག་ཡིན་ཞིང་། དེའི་ནང་ལ་གོ་དོན་གལ་ཆེན་གཉིས་ཡོད་དེ། གཅིག་ནི་དགོས་མཁོ་སྟེ། མིའི་རིགས་ཀྱི་རྩ་བའི་དགོས་མཁོ་སྐོང་བ་དང་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་གཏོང་བའི་དགོས་མཁོ་དེ་གཉིས་ཡིན་ཞིང་། དེའི་ནང་ནས་རྩ་བའི་དགོས་མཁོ་དེ་ཉིད་དམིགས་སུ་བཀར་ནས་སྔོན་དུ་འཕེལ་རྒྱས་གཏོང་རྒྱུར་བསམ་བློ་གཏོང་དགོས་པ་དང་། གཉིས་ནི་ཚད་འཛིན་ཏེ། མིའི་རིགས་ཀྱི་འཕེལ་རྒྱས་དང་དགོས་མཁོ་གཉིས་ཀྱིས་ངེས་པར་དུ་གོ་ལའི་ཐོག་གི་ཐོན་ཁུངས་ཀྱི་ཐེག་ནུས་དེ་ཚད་དུ་བཟུང་ནས་མིའི་རིགས་ཀྱི་ལག་རྩལ་ཡར་རྒྱས་དང་དོ་དམ་ལས་ཀ་ལ་བརྟེན་ཏེ། འཕེལ་རྒྱས་བྱ་བར་མཐུན་སྦྱོར་དང་ཚད་འཛིན་བྱེད་པ་དང་། རང་བྱུང་ཁོར་ཡུག་གི་ཤོང་ཚད་དང་འཕྲོད་པའི་ཆེད་དུ། མིག་སྔར་དང་འབྱུང་འགྱུར་དུ་ཁོར་ཡུག་གིས་དགོས་མཁོ་སྐོང་བའི་ནུས་པ་ལ་ཚད་འཛིན་བྱེད་དགོས་པའོ། སྐྱེ་ཁམས་རྒྱུན་བསྲིང་འཕེལ་རྒྱས་ཡོང་བ་ནི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་འགན་སྲུང་དང་། དཔལ་འབྱོར་རྒྱུན་བསྲིང་འཕེལ་རྒྱས་འགྲོ་བ་ནི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་བྱེད་ཐབས་དང་། སྤྱི་ཚོགས་རྒྱུན་བསྲིང་འཕེལ་རྒྱས་འགྲོ་བ་ནི་རྒྱུན་བསྲིང་འཕེལ་རྒྱས་ཀྱི་མཐར་ཐུག་གི་དམིགས་ཡུལ་བཅས་རེད། ཁོར་ཡུག་འབག་བསླད་ཀྱི་གནད་དོན་བྱུང་བ་དང་སྦྲགས། རྒྱུན་བསྲིང་འཕེལ་རྒྱས་དར་སྤེལ་བྱེད་རྒྱུའང་ཁ་ཚ་དགོས་གཏུགས་སུ་གྱུར། དེང་སང་གི་འཛམ་གླིང་ནི་མི་འབོར་དང་། ཐོན་ཁུངས། འཕེལ་རྒྱས་སོགས་ཀྱི་གནད་དོན་ཧ་ཅང་མང་པོ་ཞིག་དང་འཕྲད་ཅིང་། རྒྱུན་བསྲིང་འཕེལ་རྒྱས་ཟེར་བའི་རྟོག་དོན་དེའང་མིའི་རིགས་ཀྱིས་ཁོར་ཡུག་དང་ཐོན་ཁུངས་གཉིས་ཀྱི་རྒྱུན་བསྲིང་ནུས་ཚད་ལ་ངོས་འཛིན་གསལ་པོ་བྱུང་བའི་རྨང་གཞིའི་ཐོག་ཏུ་ཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་པ་ལ་དམིགས་ནས་གསར་ཏུ་བཏོན་པ་རེད། མིའི་རིགས་ནི་རང་བྱུང་ཁམས་ཀྱི་གྲུབ་ཆ་ཞིག་ཡིན་པ་དང་། མིའི་རིགས་དང་རང་བྱུང་ཁམས་གཉིས་ནི་གཏན་ནས་བྲལ་ཐབས་མེད་པའི་གོང་བུ་ཞིག་ཡིན་ཕྱིན། མིས་རང་བྱུང་ཁམས་དང་མཐུན་པོ་བྱས་ཚེ། ད་གཟོད་རྒྱུན་བསྲིང་འཚོ་གནས་བྱེད་ཐུབ། ཚུལ་མིན་གྱི་ཐོན་སྐྱེད་དང་འཚོ་སྟངས་ནི་མིག་སྔར་གོ་ལའི་ཁོར་ཡུག་ལ་བྱུང་བའི་ཧ་ཅང་ཚབས་ཆེ་བའི་གནད་དོན་གྱི་ནང་གསེས་ཤིག་རེད། བཟོ་ལས་གསར་བརྗེ་ཚུད་ཆད་དང་། ལྷག་པར་དུ་འཛམ་གླིང་གི་དམག་འཁྲུག་གཉིས་པའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དཔལ་འབྱོར་ཡོང་འབབ་མྱུར་འཕར་ཡོང་བར་སྐུལ་འདེད་དང་ཅུང་ཟད་ཚད་མཐོ་རུ་གྱུར་པའི་འཛད་སྤྱོད་ཀྱི་ཆུ་ཚད་བརྟན་སྲུང་བྱེད་རྒྱུའི་དགོས་པ་ལ་དམིགས་ཏེ། ཕན་ཚུན་འགྲན་རྩོད་ངང་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་གཏོང་ཐབས་སུ་སླར་སྐྱེས་མི་རུང་བའི་ཐོན་ཁུངས་འབོར་ཆེན་ཟད་གྲོན་དུ་གཏོང་བཞིན་ཡོད། བཟོ་ལས་ཐོན་སྐྱེད་ཀྱི་ཡོང་སྒོ་དེ་སྔར་དང་བསྡུར་ན་འཕར་སྣོན་ལྡབ་བཅུ་ཕྲག་ཁ་ཤས་ཞིག་བྱུང་ཡོད་མོད། འོན་ཀྱང་མི་འབོར་མང་དྲགས་པ་དང་། ཐོན་ཁུངས་ཉུང་དྲགས་པ། ཁོར་ཡུག་གི་ཆ་རྐྱེན་ཞན་དུ་འགྱུར་བ། སྐྱེ་ཁམས་ལ་གཏོར་བརླག་ཐེབས་པ། དབུལ་ཕོངས་ཀྱི་གནས་ཚུལ་ཚབས་ཆེན་དུ་ཕྱིན་པ། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་དོ་མི་སྙོམས་པ་བཅས་སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་ཀྱང་བྱུང་བཞིན་ཡོད། དེར་བརྟེན་དཔལ་འབྱོར་རྒྱུན་བསྲིང་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་བྱུང་དགོས་ན། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱུན་བསྲིང་འཕེལ་རྒྱས་དོན་འཁྱོལ་ཀྱི་འགག་རྩའི་བསམ་བློ་ཡིན་ཞིང་། དེ་ཉིད་མིའི་རིགས་ཀྱི་མ་འོངས་པ་དང་ལས་དབང་གཉིས་ལ་འབྲེལ་ཡོད་པར་མ་ཟད། འཕེལ་རྒྱས་ནི་ཟད་གྲོན་དང་འཕར་ཚད་ཆེ་རིགས་ཀྱི་འཛད་སྤྱོད་དཔལ་འབྱོར་ཀྱི་རྣམ་པ་ཞིག་ཡིན་པས། རང་བྱུང་ཁམས་ཀྱི་ཐེག་ནུས་ལ་བསམ་བློ་མི་བཏང་ནས་རང་བྱུང་ཐོན་ཁུངས་འབོར་ཆེན་ཟད་གྲོན་གྱིས་དཔལ་འབྱོར་གོང་དུ་སྤེལ་ན། མི་དང་རང་བྱུང་ཁམས་གཉིས་དོ་མི་མཉམ་པར་གྱུར། རྒྱུན་བསྲིང་འཕེལ་རྒྱས་ནི་རང་བྱུང་ཁམས་ལ་ཡོངས་ཁྱབ་ཏུ་གནས་པའི་དངོས་རྫསV་འཇིག་མེད་དང་ནུས་ཚད་གཏན་གནས་ཀྱི་ཆོས་ཉིད་དེ་སྐྱེ་ལྡན་གྱི་གོང་བུར་གྱུར་པའི་མི་དང་རང་བྱུང་ཁོར་ཡུག་གི་མ་ལག་ཁྲོད་དུ་བཀོལ་སྤྱོད་བྱེད་པ་དེ་རེད། མིའི་རིགས་ཀྱི་དགོས་མཁོ་སྐོང་རྒྱུ་ནི་སྤྱི་ཚོགས་འཕེལ་རྒྱས་ལས་ཀའི་ལྟེ་གནས་ཡིན་ཞིང་། མིའི་རིགས་ཀྱིས་ནུས་པ་གང་ཡོད་ཀྱིས་ཐོན་ཁུངས་གྲོན་ཆུང་བྱས་པའི་རྨང་གཞིའི་ཐོག་ཏུ་ཐོན་ཁུངས་བཀོལ་ཚད་ཇེ་ལེགས་སུ་གཏོང་བ་དང་། མ་རྩ་ཉུང་ངུ་ལས་ཐོན་འབོར་མང་བ་དང་། སླར་སྐྱེས་རུང་བའི་ཐོན་ཁུངས་འཕར་སྣོན་བྱུང་བར་སྐུལ་འདེད་བྱས་ཏེ། མ་ལག་ནང་ཁུལ་ཕན་ཚུན་མཐུན་སྦྱོར་ཡོང་བའི་གནས་ཚུལ་ཁྲོད་དངོས་རྫས་ནུས་ཚད་ཀྱི་འགྱུར་ཆོད་ཆེས་སྤུས་དག་གི་ཕན་འབྲས་ཏུ་ཟིན་ཐབས་ཀྱིས་མི་རྣམས་ཀྱི་དགོས་མཁོ་སྐོང་དགོས་པ་དང་། དུས་མཚུངས་སུ་རང་བྱུང་ཁམས་ཀྱི་ཁུར་པོ་ཡང་དུ་བཏང་སྟེ་མ་ལག་གི་གྲུབ་ཚུལ་དང་མཐུ་ནུས་གཉིས་སྔར་ལྟར་བརྟན་པོར་གནས་ཤིང་མིའི་རིགས་དང་རང་བྱུང་ཁོར་ཡུག་གཉིས་མཐུན་སྦྱོར་ངང་རྒྱུན་བསྲིང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཞིག་གྲུབ་ཆེད། མི་རྣམས་ཀྱིས་ནུས་པ་ཅི་ཡོད་ཀྱིས་བེད་སྤྱོད་མང་ཙམ་དང་འབག་བསླད་ཉུང་ཙམ་བྱེད་དགོས། །
● ཉམས་དགའ་བའི་མཐོ་སྒང་།
གཉིས་པ། ཁོར་ཡུག་གི་ནུས་པ་དང་ཁོར་ཡུག་གི་གནད་དོན།
མིའི་རིགས་ཀྱི་སྤྱི་ཚོགས་ནི་མཐར་སྐོར་གྱི་ཁོར་ཡུག་དང་བྲལ་ནས་ཁེར་རྐྱང་གི་སྒོ་ནས་འཕེལ་རྒྱས་འགྲོ་མི་སྲིད། ཁོར་ཡུག་ནི་རྒྱུན་ལྡན་སྤྱི་ཚོགས་འཕེལ་རྒྱས་ལ་ངེས་པར་ལྡན་དགོས་པའི་ཆ་རྐྱེན་གྱི་ནང་གསེས་ཤིག་སྟེ། སྤྱི་ཚོགས་འཕེལ་ཚད་མགྱོགས་བའམ་དལ་དུ་གཏོང་ཐབས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་སྐུལ་འདེད་དང་བཀག་འགོག་གི་བྱེད་ནུས་ནས། ཐོན་སྐྱེད་ནུས་ཤུགས་ཆེ་རུ་ཕྱིན་བ་དང་རང་བྱུང་ཐོན་ཁུངས་གསར་སྦོལ་བྱེད་པའི་ཐོག་ནས། སྤྱི་ཚོགས་དང་མཐར་སྐོར་ཁོར་ཡུག་བར་གྱི་འབྲེལ་བའང་ཉིན་ལྟར་དམ་ཟབ་ཏུ་ཕྱིན་གྱི་ཡོད་པ་གསལ་པོར་མཚོན་ཡོད། ཁོར་ཡུག་ནི་མིའི་རིགས་འཚོ་གནས་ཀྱི་རྟེན་གཞི་ཡིན་ལ། གསར་སྦོལ་དང་བེད་སྤྱོད་བྱ་ཡུལ་ཡང་ཡིན་ཞིང་། དེའི་ནུས་པ་གཙོ་བོར། ①མིའི་རིགས་ཀྱི་བྱ་བྱེད་ལ་མཁོ་ངེས་ཀྱི་རང་བྱུང་གི་ཆ་རྐྱེན་དང་ཐོན་ཁུངས་སྣ་ཚོགས་མཁོ་སྤྲོད་བྱེད་ཀྱི་ཡོད། ཁོར་ཡུག་ནི་མིའི་རིགས་ཀྱིས་ཐོན་སྐྱེད་བྱེད་ཡས་ཀྱི་དངོས་རྫས་དང་ནུས་ཁུངས་ཀྱི་འབྱུང་ཁུངས་ཡིན་ལ། སྐྱེ་དངོས་སྣ་ཚོགས་གནས་བྱེད་ཀྱི་གཞི་རྩའི་ཆ་རྐྱེན་གལ་ཆེན་ཡང་ཡིན། མིའི་རིགས་ཀྱིས་རང་བྱུང་གི་ས་ཁམས་ཁོར་ཡུག་ནས་རྡོ་སོལ་དང་། རྡོ་སྣུམ། རང་བྱུང་སོལ་རླངས་སོགས་སྔོག་འདོན་བྱེད་ཀྱི་ཡོད་པ་དང་། ས་ཞིང་ཐོན་ཁུངས་བེད་སྤྱོད་བྱས་ཏེ་འབྲུ་རིགས་རྨོ་བ་སོགས་ལ་བརྟེན་ནས་དཔལ་འབྱོར་གྱི་བྱ་བྱེད་སྣ་ཚོགས་ཀྱང་འབྱུང་བཞིན་ཡོད། དེའི་ཕྱིར་ཁོར་ཡུག་ཐོན་ཁུངས་ཀྱི་ཚད་མང་ཉུང་དང་། སྤུས་ཀ་ལེགས་ཞན་གྱིས་དཔལ་འབྱོར་བྱ་བྱེད་ཀྱི་གཞི་ཁྱོན་དང་མྱུར་ཚད་གཏན་འཁེལ་བྱེད་ཀྱི་ཡོད། མིའི་རིགས་ཀྱི་ཐོན་ཁུངས་འཚོལ་ལེན་བྱེད་ཚད་རང་བྱུང་ཁམས་ཀྱི་མཁོ་འདོན་ནུས་ཚད་ལས་བརྒལ་དུས། འཕེལ་རྒྱས་རྒྱུན་བསྲིང་དང་བརྟན་སྲུང་བྱེད་ཐབས་བྲལ། ②མིའི་རིགས་ཀྱི་བྱ་བྱེད་ལས་བྱུང་བའི་ཐོན་རྫས་སྣ་ཚོགས་སེལ་བསྡུ་དང་རང་འདྲར་རིགས་འགྱུར་བྱེད་པ་དང་། དུས་མཚུངས་སུ་སྐབས་ཐོག་ཏུ་བེད་སྤྱོད་མ་བྱས་པའི་ཞོར་གྱི་ཐོན་རྫས་ཁ་ཤས་ཀྱང་ཁོར་ཡུག་ཏུ་འདྲེན་ནས་བེད་མེད་སྙིགས་རྫས་ཏུ་འགྱུར་གྱི་ཡོད་པ་དང་། དེ་མ་ཟད་མིའི་རིགས་ཀྱི་རྙིང་ཚབ་གསར་བྱས་དང་འཛད་སྤྱོད་བྱ་བ་ལས་ཀྱང་བེད་མེད་ཀྱི་སྙིགས་རྫས་སྣ་ཚོགས་བྱུང་སྟེ་བསྐྱར་དུ་རང་བྱུང་ཁམས་ལ་ཕྱིར་འཇུག་བཞིན་ཡོད། བེད་མེད་སྙིགས་རྫས་ཕྱིར་གཏོང་ཚད་དེ་རང་བྱུང་ཁམས་ཀྱི་བཙོག་སེལ་ནུས་ཚད་ལས་བརྒལ་དུས་ཁོར་ཡུག་གི་སྤུས་ཀ་ཞན་དུ་ཕྱིན་པར་ངེས། ③མིའི་རིགས་འཚོ་གནས་བྱེད་ཡས་ཀྱི་བསམ་པའི་ལོངས་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ། མཛེས་ཤིང་སྐྱིད་པའི་འཚོ་སྐྱེལ་གྱི་ཁོར་ཡུག་གིས་མིའི་བྱང་ཚད་མཐོ་རུ་གཏོང་བ་དང་། ནུས་ལྡན་གྱིས་ལས་ཀ་བསྒྲུབས་ནས་སྤྱི་ཚོགས་དཔལ་འབྱོར་རྒྱུན་བསྲིང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐེབས། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་དམིགས་ཡུལ་ནི་སྤྱི་ཚོགས་དཔལ་འབྱོར་རྒྱུན་བསྲིང་འཕེལ་རྒྱས་བྱུང་བའི་ཆེད་དུ་ཡིན་པས། མིག་སྔར་འཕྲད་པའི་ཁོར་ཡུག་གི་གནད་དོན་མང་པོ་ཐག་གཅོད་ལེགས་པོ་བྱེད་ཆེད། ང་ཚོས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།ཁོར་ཡུག་གི་ཉེན་ཁ་ལ་མིའི་རིགས་སྤྱི་ཁྱབ་ནས་བློ་མི་བདེ་བ་དང་སེམས་ཁུར་རྒྱ་ཆེན་པོར་བྱེད་དོན་ནི། དེས་དེང་རབས་མི་རྣམས་ཀྱི་འཚོ་བའི་སྤུས་ཀར་གནོད་འཚེ་སྐྱེལ་གྱི་ཡོད་པར་མ་ཟད། རྗེས་རབས་པ་རྣམས་ཀྱི་འཚོ་གནས་བྱེད་རྒྱུ་ལའང་འཇིགས་སྣང་སྐུལ་བཞིན་ཡོད་པས། ངེས་པར་དུ་རྒྱུན་བསྲིང་འཕེལ་རྒྱས་དང་འབྲེལ་བ་བྱེད་དགོས། རྒྱུན་བསྲིང་འཕེལ་རྒྱས་ཀྱིས་དཔལ་འབྱོར་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་བྱས་ཏེ་དཔལ་འབྱོར་གྱི་ཡོང་སྒོ་འཕར་སྣོན་གྲངས་ཚད་ལ་མཐོང་ཆེན་བྱེད་པར་མ་ཟད། ད་དུང་སྤུས་ཀ་ཇེ་བཟང་དང་ཕན་འབྲས་ཆེར་གཏོང་བ་དང་། ནུས་ཁུངས་གྲོན་ཆུང་བྱེད་ཅིང་། བེད་མེད་སྙིགས་རྫས་ཕྱིར་གཏོང་ཚད་ཉུང་དུ་བྱས་ཏེ་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་དང་འཛད་སྤྱོད་བྱེད་སྟངས་གཉིས་ལེགས་འགྱུར་བྱས་ཏེ་ཉེན་མེད་ཀྱི་ཐོན་སྐྱེད་བྱེད་ཐབས་དང་ཡ་རབས་ཚུལ་ལྡན་གྱི་འཛད་སྤྱོད་བྱེད་ཐབས་གཉིས་ལག་བསྟར་བྱེད་རྒྱུའི་བླང་བྱ་འདོན་གྱིས་ཡོད། དེ་ནི་རང་བྱུང་ཁམས་སྲུང་སྐྱོབ་རྨང་གཞི་བྱས་ཏེ་ཁོར་ཡུག་འབག་བཙོག་གི་གནས་ཚུལ་ཚོད་འཛིན་དང་། ཁོར་ཡུག་གི་སྤུས་ཀ་ལེགས་བཅོས། སྐྱེ་ཁམས་གཏོར་བརླག་ཐེབས་ཚད་ཆུང་དུ་གཏོང་བ་དང་། གོ་ལའི་སྐྱེ་ཁམས་མ་ལག་གི་ཧྲིལ་བོའི་རང་བཞིན་བརྟན་སྲུང་བྱེད་པ་དང་། རྒྱུན་བསྲིང་ཐབས་ཤེས་ལ་བརྟེན་ཏེ་སླར་སྐྱེས་རུང་བའི་ཐོན་ཁུངས་བེད་སྤྱོད་བྱས་ནས་མིའི་རིགས་ཀྱི་འཕེལ་ཚད་གོ་ལའི་ཐེག་ནུས་ཀྱི་ནང་ཁོངས་སུ་ཚུད་པར་བྱེད་པ་དང་། དབུལ་ཕོངས་ཁྱད་དུ་སེལ་ནས་མིའི་རིགས་ཀྱི་འཚོ་བའི་སྤུས་ཀ་ལེགས་འགྱུར་དང་མཐོར་འདེགས་བྱེད་རྒྱུའི་དམིགས་ཡུལ་བཟུང་སྟེ་ངེས་པར་དུ་སྤྱི་ཚོགས་ཡར་རྒྱས་བྱུང་ཚད་དང་མཐུན་པོ་བྱེད་རྒྱུ་དེ་རེད། འབྱུང་འགྱུར་མི་རྣམས་ཀྱིས་བདེ་སྐྱིད་ལ་ཤེས་རྟོགས་བྱ་ཚུལ་དེ་ཕལ་ཆེར་ང་ཚོ་དང་གཅིག་མཚུངས་མིན་ནའང་སྲིད། འོན་ཀྱང་མི་ཞིག་བྱས་པའི་ཆ་ནས་ཁོ་ཚོའི་འཚོ་བའི་གཞི་རྩའི་དགོས་མཁོ་ཁ་ཤས་སྟེ་དཔེར་ན། མཁའ་དབུགས་གཙང་མ་དང་། བཏུང་ཆུ་གཙང་མ། ཉེན་མེད་དང་བརྟན་གནས་ཀྱི་སྐྱེ་ཁམས་མ་ལག་སོགས་དང་ཐོག་ཏུ་ཅིས་ཀྱང་སྐོང་དགོས་པར་བརྟེན། གོ་ལའི་ཐོག་གི་ཚད་ཡོད་ཀྱི་ཐོན་ཁུངས་བགོ་བཤའ་རྒྱག་དུས། ང་ཚོས་ངེས་པར་དུ་མི་རབས་འབྲེལ་བ་རིང་ལུགས་ཀྱི་རྩ་དོན་ལ་གཞིགས་ནས། དེང་རབས་དང་རྗེས་རབས་ཀྱི་མི་བར་གྱི་འབྲེལ་བ་ཐག་གཅོད་བྱེད་དགོས། ང་ཚོས་རྗེས་རབས་པ་རྣམས་ལ་སྔོན་ཐོན་གྱི་ཐོན་སྐྱེད་ལག་རྩལ་དང་གནད་སྨིན་འཐུས་ཚང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་ཀྱི་མ་དཔེ་ཞིག་ཤུལ་དུ་འཇོག་དགོས་པར་མ་ཟད། ད་དུང་ཁོ་ཚོར་བརྟན་བརླིང་དང་ཉེན་མེད་ཀྱི་སྐྱེ་ཁམས་ཀྱི་ཁོར་ཡུག་ཞིག་ཀྱང་ཤུལ་དུ་འཇོག་དགོས།
● ལྗང་མདོག་གི་འཇིག་རྟེན།
གསུམ་པ། ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་བསྲིང་འཕེལ་རྒྱས །ཤེས་རིག་ཞིག་གིས་གལ་སྲིད་རང་བྱུང་ཁམས་ཆེན་པོ་འཕྲོག་བཅོམ་དང་འདུལ་སྦྱོང་བྱེད་རྒྱུ་དེ་རང་གི་རིན་ཐང་མངོན་འགྱུར་བྱེད་ཐབས་ཏུ་འཛིན་ན། ཁོར་ཡུག་འབག་བཙོག་དང་སྐྱེ་ཁམས་ཉམས་ཉེན་གྱི་གནས་ཚུལ་བྱུང་བ་ནི་འགོག་ཐབས་མེད་པ་ཞིག་རེད། མིག་སྔར་མིའི་རིགས་ལ་དབང་བའི་ཚན་རིག་ལག་རྩལ་ནི་ཧ་ཅང་སྔོན་ཐོན་ཡིན་པ་དེ་བཤད་ཅི་དགོས། འོན་ཀྱང་ཁོར་ཡུག་ཉམས་ཉེན་གྱི་གནས་ཚུལ་ནི་ང་ཚོར་སྔོན་ལ་ཡོད་མ་མྱོང་བའི་ལག་རྩལ་གྱི་སྟོབས་ཤུགས་དེ་རིགས་ལྡན་པའི་གནས་ཚུལ་གྱི་ཁྲོད་ནས་བྱུང་བ་ཞིག་ཡིན་པས་ཁོར་ཡུག་གི་ཉེན་ཁ་ནི་ལག་རྩལ་གྱི་ཐབས་ཤེས་ཙམ་ལ་བརྟེན་ནས་དངོས་སུ་ཐག་གཅོད་བྱེད་ཆོག་པ་ཞིག་མིན། ཁོར་ཡུག་སྲུང་སྐྱོབ་བྱེད་པར་ལག་རྩལ་ཚད་ཡོད་རང་བཞིན་ལྡན་པར་ཁས་བླངས་དགོས་ཏེ། ཚན་རིག་ལག་རྩལ་གྱི་ཚད་ཡོད་རང་བཞིན་ཁས་ལེན་པ་ནི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ལ་ཡོད་པའི་གལ་ཆེའི་ནུས་པ་ལ་ཁས་མི་བླངས་པ་ཞིག་མིན་ཏེ། ང་ཚོས་ངེས་པར་དུ་བྱ་བ་མཐའ་དག་ལག་རྩལ་ནས་ཐག་ཆོད་པའི་གླེང་ཕྱོགས་ཀྱི་འཆིང་རྒྱ་ལས་གྲོལ་ཏེ་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་བསྲིང་འཕེལ་རྒྱས་གཉིས་ཤེས་རིག་བརྗེ་བསྒྱུར་དང་རིན་ཐང་བསྐྱར་སྐྲུན་གྱི་རྒྱབ་ལྗོངས་ཆེན་པོ་ཁྲོད་བཞག་ནས་བསམ་བློ་གཏོང་དགོས་ཤིང་། རང་བྱུང་ཁམས་ཀྱི་ནང་གནས་རིན་ཐང་ལ་ཁས་ལེན་བྱས་ནས་མི་དང་རང་བྱུང་ཁམས་གཉིས་ནི་འབྲེལ་བ་ཟབ་ཅིང་བྲལ་ཐབས་མེད་པའི་གོང་བུ་ཞིག་ཏུ་རྩིས་ནས་དེ་གཉིས་འཆམ་མཐུན་དུ་གནས་པར་བརྩོན་ལེན་བྱེད་དགོས་ལ། སྐྱེ་ཁམས་མ་ལག་གི་ཆ་ཚང་བ་དང་མཛེས་སྡུག་ལྡན་པ། བརྟན་པོར་གནས་པའི་རང་བཞིན་ལའང་བརྩི་བཀུར་དང་སྲུང་སྐྱོང་བྱེད་དགོས། གང་ལྟར་གོ་ལ་ཁྱོན་ཡོངས་ཀྱི་གནས་ཚུལ་ལམ་རང་རྒྱལ་གྱི་གནས་ཚུལ་དངོས་གང་ལ་ཆ་བཞག་ནས་བཤད་ནའང་། དེང་སང་མིའི་རིགས་ཀྱི་དཔལ་ཡོན་ནི་སྐྱེ་ཁམས་ཁོར་ཡུལ་སྲུང་སྐྱོབ་བྱེད་པའི་དུས་རིམ་ཐོག་ལ་སླེབས་འདུག མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་དུ་གནས་པར་འགན་ལེན་བྱེད་རྒྱུ་ནི་དཔལ་འབྱོར་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། མིའི་རིགས་ཀྱི་དཔལ་ཡོན་རྒྱུན་བསྲིང་ཐུབ་པའི་འགན་ལེན་ཡང་ཡིན། ཁོར་ཡུག་གི་གནད་དོན་དངོས་སུ་ཐག་གཅོད་བྱེད་དགོས་ན། དང་ཐོག་ངེས་པར་དུ་མིག་སྔའི་མིའི་རིགས་ཀྱིས་སྤྱོད་པའི་འཕེལ་རྒྱས་ཀྱི་མ་དཔེ་དང་ཐབས་ལམ་གཉིས་བསྒྱུར་བཅོས་བྱེད་དགོས། འཕེལ་རྒྱས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆིང་རྒྱ་རྐྱང་པའི་ནང་དུ་ཚུད་མི་རུང་ལ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་གཉིས་ཀྱང་ཁ་བྲལ་དུ་གཏོང་མི་རུང་། འཕེལ་རྒྱས་ནི་སྤྱི་ཚོགས་དང་། དཔལ་འབྱོར། མི་འབོར། ཐོན་ཁུངས། ཁོར་ཡུག་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་ཞིག་ཡིན་དགོས། གུ་དོག་པོའི་ཁོར་ཡུག་གི་ལྟ་བ་རྙིང་པའི་འཆིང་རྒྱ་ལས་གྲོལ་ཏེ་མི་འབོར་དང་། ཐོན་ཁུངས། ཁོར་ཡུག འཕེལ་རྒྱས་བཅས་བར་གྱི་འབྲེལ་བ་དམ་པོར་བྱས་ཏེ་མིའི་རིགས་དང་ཁོར་ཡུག འཕེལ་རྒྱས་དང་ཁོར་ཡུག་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་ན། ད་གཟོད་ཁྱོན་ཡོངས་ནས་ཁོར་ཡུག་གི་གནད་དོན་ཐག་གཅོད་ལེགས་པོར་བྱེད་ཐུབ། དེང་རབས་པ་ཕན་ཚུན་བར་དྲང་པོ་དྲང་གཞག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་མ་གནས་དང་ཁེ་ཕན་བགོ་བཤའ་རྒྱག་ཐུབ་མིན་དང་། མི་རྣམས་ཀྱི་འཁོར་སྲུང་གི་བྱ་བར་སྐུལ་སློང་གི་ནུས་པ་ལྡན་པའི་ལམ་ལུགས་ཆ་ཚང་ཞིག་བཀོད་སྒྲིག་བྱེད་ཐུབ་མིན་དེ་ནི་ཐད་ཀར་མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་དུ་གནས་པའི་དམིགས་ཡུལ་འགྲུབ་ཐུབ་མིན་ལ་རག་ལས་ཡོད་པར་བརྟེན། དེང་རབས་ཀྱི་ཐུན་མོང་གི་འབད་བརྩོན་དང་མི་གཤིས་དང་མཐུན་པའི་གདམ་གསེས་ནི་རྒྱུན་བསྲིང་འཕེལ་རྒྱས་མངོན་འགྱུར་བྱེད་ཡས་ཀྱི་འགག་རྩ་རེད། དབུལ་ཕོངས་ཀྱིས་འགྲོ་བ་མིའི་རྩ་བའི་དགོས་མཁོ་སྐོང་བའི་ཁེ་དབང་དེ་རྩ་མེད་དུ་བཏང་ཐོག་མཐར་མི་བྱས་པའི་རིན་ཐང་ཡང་མངོན་འགྱུར་ཡོང་མི་ཐུབ་པར་བྱེད་པ་དང་། དུས་མཚུངས་སུ་དབུལ་ཕོངས་དང་ཁོར་ཡུག་གཏོར་བརླག་ནི་རྒྱུན་པར་སྔར་རྐྱེན་ཕྱིར་འབྱུང་གི་རྒྱུ་འབྲས་ལྟར་ཆགས་ཡོད་པས། དབུལ་ཕོངས་ཁྱད་སེལ་དང་དབུལ་ཕྱུག་བར་གྱི་ཧེ་བག་ཇེ་ཆུང་དུ་གཏོང་རྒྱུ་ནི་མི་རབས་ནང་ཁུལ་འདྲ་མཉམ་ཡོང་བྱེད་ཀྱི་ནང་གནས་ཀྱི་བླང་བྱ་ཡིན་ལ། རྒྱུན་བསྲིང་འཕེལ་རྒྱས་མངོན་འགྱུར་བྱེད་ཡས་ཀྱི་རྨང་གཞིའང་ཡིན། མདོར་ན་མིའི་རིགས་དང་རང་བྱུང་ཁམས་གཉིས་མཐུན་སྦྱོར་ངང་གོང་དུ་འཕེལ་བ་དང་རྒྱུན་བསྲིང་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་དགོས་སོ། །