༄༅།། འུག་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-23


        

        འུག་པ་ནི་མཚན་མོར་འཕུར་བའི་བྱ་ཞིག་སྟེ། མགོ་བྱི་ལ་དང་དབྱིབས་མཚུངས་པ་ཞིག་ཡིན། གཟུགས་གཞི་ཆེ་ཞིང་མགོ་ན་སྒྲོ་སྤུ་རིང་པོ་ཚོམ་བུ་གཉིས་ཡོད། མིག་འབྲས་ཆེ་ཞིང་ཁོག་སྟོད་ལ་ཐིག་ལེ་ཁམ་སེར་དང་ཁོག་སྨད་ཀྱི་ཁོག་མདོག་ཁམ་མདོག་དང་ཐོག་ཏུ་ཁམས་ནག་གི་ཐོག་ལེ་ཁྱབ་ཡོད། མིག་མཐའ་དཀར་པོ་དང་ངོ་གདོང་ཁམ་སྐྱ་ཡིན། མིག་གི་ཡ་ཐོད་དུ་ཐིག་ལེ་ནག་པོ་རེ་ཡོད། མཇུག་སྒྲོའི་སྣེ་མོ་ན་ཁམ་མདོག་གི་འཕྲེད་ཐིག་ཁ་ཤས་ཡོད་ལ་མོ་བྱའི་སྒྲོག་མདོག་ལ་ནག་ཞད་འདྲེས་ཡོད།

        འུག་པ་ནི་ནགས་ཁྲོད་དང་བདེ་ཐང་། རི་མཐོ་ས་དང་བྲག་ངོས་སུ་འདུག་ཅིང་ཉིན་དཀར་ངལ་གསོས་ཤིང་དགོང་མོ་འཕུར་བས་རང་རེའི་བོད་པ་རྣམས་ཀྱིས་འབྱུང་པོའི་བྱའམ་བྱ་ལོང་བ་ཡང་ཟེར། ཁ་ཟས་གཙོ་བོ་བྱི་བའི་རིགས་ཀྱི་ཤ་ཟ་བ་དང་བྱ་རིགས་ཆུང་གྲགས་དང་ཉ་སོགས་ཀྱང་བཟའ་བ་ཡིན། འུག་པ་ནི་གཤིས་ཀ་རྩུབ་ཅིང་ཁེར་འགྲོ་སྟེག་པའི་བྱ་རིགས་ཤིག་ཡིན། སྐྱེ་འཕེལ་དུས་རིམ་ནི་ཟླ་བ་བཞི་པ་ནས་ཟླ་བ་བདུན་པའི་བར་ཡིན་པ་དང་། སྤྱིར་བཏང་དུ་སྡོང་ཁུང་དང་བྲག་ངོས་གཟར་པོའི་བྲང་ཁུང་སོགས་སུ་ཚང་བཅའ་བ་ཡིན། ཚང་གི་ནང་དུ་ཅི་ཡང་བཏིང་མེད་པར་ཐ་ཐོར་གྱི་སྒྲོ་སྤུ་ཙམ་མ་གཏོགས་མེད། གཏོང་ང་གཏོང་དུས་ཚང་གི་ནང་དུ་གཏོང་བའམ་ཡང་ན་ཐད་ཀར་ས་དོང་ནང་དུ་གཏོང་བའང་ཡོད། ཐེངས་གཅིག་ལ་སྒོ་ང་གཉིས་ནས་ལྔ་གཏོང་བ་དང་སྒོ་ང་རུམ་པའི་འགན་ཨ་མས་ལེན། སྤྱིར་བཏང་དུ་སྒོ་ང་རུམ་པའི་དུས་ཡུན་ནི་ནི་ཉི་མ་སུམ་ཅུ་སོ་ལྔ་ཡིན་ཞིང་སྒོ་ང་གས་པ་ནས་ཕ་མ་གཉིས་ཀྱིས་གཉོར་སྐྱོང་བྱེད། སྒྲ་འབྱིན་པ་ན་འུག་སྒྲ་གྲགས་ཤིང་ཧ་ཅང་གསལ་ལ་འཚེར་བ་ཞིག་ཡིན། 

        འུག་པའི་ཁ་ཟས་གཙོ་བོ་བྱི་བའི་རིགས་ཡིན་པས་ལོ་ཏོག་ལ་གནོད་པ་དང་རྩྭ་ཐང་ལ་གནོད་ཆེ་བའི་སྲོག་ཆགས་དེའི་རིགས་ཀྱི་གཉན་པོ་ཡིན་ཞིང་། ཞིང་ལས་དང་ཕྱུགས་ལས། ནགས་ལས་སོགས་ལ་ཕན་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། མི་རྣམས་ཀྱིས་ནགས་ཚལ་གཅོད་དྲགས་པ་དང་མདོ་དབུས་མཐོ་སྒང་གི་ནམ་ཟླ་རྩུབ་པོ་ཡིན་པའི་ཁར་འབྲོག་པ་མང་ཚོགས་ཀྱིས་དུག་འཕངས་ནས་བྱི་བའི་རིགས་གསོད་པ་དང་འུག་པས་དེའི་ཤ་བཟས་པས་ཤི་བ་སོགས་ཀྱི་དབང་གིས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་པ་དང་ད་ལྟ་རྒྱུད་ཆད་ལ་ཉེ་བར་བྱས་ཡོད། འུག་པ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་སུ་གཏོགས་པ་དང་ང་ཚོས་གང་ལེགས་ཀྱིས་སྲུང་སྐྱོབ་བྱ་དགོས། 
 སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1