ལོ་རེའི་སྤྱི་ཟླ་4བའི་ཟླ་མཇུག་ནས་6པའི་ཟླ་མཇུག་བར་རྒྱལ་རོང་འབར་ཁམས་ས་ཁུལ་དུའང་དབྱར་རྩྭ་དགུན་འབུ་བརྐོ་དུས་དང་ཉོ་འཚོང་བྲིན་དུས་ཡིན། དབྱར་རྩྭ་དགུན་འབུ་ནི་རྒྱལ་རོང་གི་མང་ཚོགས་ཚོའི་དཔལ་འབྱོར་ཡོང་སྒོའི་འབྱུང་ཁུངས་གཙོ་ཤོས་སུ་གྱུར་བཞིན་ཡོད། དེ་ནི་རྔ་བ་ཁུལ་གྱི་རྔ་བ་རྫོང་དང་ཧུང་ཡོན་རྫོང་སོགས་འབྲོག་རྫོང་དག་ལས་ཅུང་སྔ་བར་འདུག དུས་སྐབས་འདིར་འབར་ཁམས་གྲོང་ཁྱེར་གྱིས་ཆེད་དུ་རྐང་བགྲོད་སྲང་ལམ་དུ་དབྱར་རྩྭ་གནས་སྐབས་ཉོ་འཚོང་བྱེད་ས་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད་ལ། དུས་སྐབས་འདིར་སྲང་ལམ་ཆུང་ཆུང་འདིར་ཡར་མར་བགྲོད་པའང་ཅུང་དཀའ་ངལ་ཡོད་པ་ལྟ་བུའི་མི་ཚོགས་ཀྱི་འཚང་ཁ་ཆེ། དེར་དབྱར་རྩྭ་དགུན་འབུ་ཉོ་འཚོང་བྱེད་མཁན་ལ་རྒྱལ་རོང་ས་ཆའི་བོད་རིགས་གཙོ་བོ་ལས་གཞན་རྒྱ་རིགས་དང་མཚོ་སྔོན་མགོ་ལོག་ཕྱོགས་ཀྱི་བོད་རིགས་ཀྱང་ཡོད།
དབྱར་རྩྭ་དགུན་འབུ་ཚོང་རར་དབྱར་རྩྭ་ཉོ་བར་བྲེལ་བཞིན་པའི་ཨ་ཁུ་དོན་འགྲུབ་ཀྱིས་གསར་འགོད་པར། ང་འབར་ཁམས་ད་ཚང་ནས་ཡིན་ལ་འདིར་ཡོང་ནས་དབྱར་རྩྭ་ཉོ་འཚོང་བྱས་ཏེ་ལོ་བཅུ་ལྷག་འགོར་ཟིན། ངེད་ཚང་ལ་བུ་སྤུན་བཞི་ཡོད་པ་ཚང་མས་ས་ཆ་སོ་སོར་དབྱར་རྩྭའི་ཚོང་ལས་གཉེར་བཞིན་ཡོད་ལ། ལོ་རེའི་དབྱར་རྩྭའི་ཉོ་འཚོང་གི་ཡོང་སྒོ་སྒོར་ཁྲི་10ལྷག་ཡོད། མཚོ་སྔོན་རྫ་སྟོད་དང་མགོ་ལོག་གི་དབྱར་རྩྭ་དགུན་འབུ་ནི་དབྱར་རྩྭ་ཡོངས་ཀྱི་རྒྱུ་སྤུས་ཆེས་ལེགས་ཤོས་དང་ཆེ་གྲས་དེ་ཡིན་ལ། རྒྱལ་རོང་ས་ཁུལ་གྱི་དབྱར་རྩྭ་ཡང་ཧུང་ཡོན་ཕྱོགས་ཀྱི་དབྱར་རྩྭ་ལས་ཅུང་ཆེ་ལ་ལེགས་ཤོས་ཡིན། ད་ལོའི་དབྱར་རྩྭ་དགུན་འབུའི་རིན་གོང་ལོ་སྔོན་མ་ལས་ཆ་སྙོམས་སྒོར་བཅུ་ཙམ་མཐོ་རུ་སོང་ཡོད། སྤུས་ཀ་ལེགས་ཤོས་དང་ཆེ་ཤོས་རྐང་རེ་ལ་སྒོར་50་ལྷག་དང་། སྤུས་ཀ་ཆེས་ཞན་པ་དང་རིན་གོང་ཆེས་དམའ་བའི་དབྱར་རྩྭ་རྐང་རེར་སྒོར་10ཡན་ཡིན་ལ། ན་ནིང་ལོར་ཆེས་བཟང་བའི་དབྱར་རྩྭ་རྐང་རེར་སྒོར་40ལྷག་དང་ཆེས་ཞན་པར་སྒོར་4ནས་8བར་ཡང་ཡོད་ཟེར།
དབྱར་རྩྭ་དགུན་འབུའི་ཉོ་འཚོང་ཚོང་རར་རིན་གོང་ཡར་འདྲི་མར་འདྲི་བྱེད་བཞིན་པའི་བསོད་ནམས་ཀྱིས་གསར་འགོད་པར་ང་ནི་འབར་ཁམས་འབྲོང་རྫོང་གི་ཡིན་ལ། ངེད་ཚང་གི་མི་བཞི་ཡིས་དབྱར་རྩྭ་རྐོ་བའི་དུས་ཚིགས་ཧྲིལ་བོར་དབྱར་རྩྭ་རྐོ་བཞིན་ཡོད་ལ། ལོ་རེར་ཕལ་ཆེར་དམངས་སྒོར་ཁྲི་2ནས་3བར་གྱི་ཡོང་སྒོ་ཡོད། དེ་ནི་ངེད་ཚང་གི་ལོ་གཅིག་གི་དཔལ་འབྱོར་ཡོང་འབབ་གཙོ་བོ་ཡིན་ཟེར། སྒྲོལ་མ་ནི་འབར་གྲོང་གྲོང་ཁྱེར་དུ་གཏན་སྡོད་བྱས་ཡོད་ལ་དུས་རྒྱུན་འབར་ཁམས་སུ་དབྱར་རྩྭ་ཉོ་འཚོང་བྱེད་མཁན་གྱི་ཚོང་པ་ཞིག་རེད། མོས་བཤད་རྒྱུར་ང་ཚོའི་ས་འདིའི་དབྱར་རྩྭའི་རིན་གོང་དེ་འདྲ་མི་མཐོ་ལ་རྒྱུ་སྤུས་ཀྱང་མི་ཆོག་རྒྱུ་མེད་མོད། ད་ལོར་དབྱར་རྩྭའི་རིན་གོང་ཡར་འཕར་བས་དབྱར་རྩྭ་ཉོ་མཁན་ཉུང་ལ། འཚོང་མཁན་ཉུང་བས། དུས་རྒྱུན་ལོ་རེར་ཡོང་སྒོ་སྒོར་ཁྲི་10ཡས་མས་ཡོད་མོད་ད་ལོའི་ཡོང་སྒོ་སྒོར་ཁྲི་4ནས་5བར་ཡིན་རྒྱུ་རེད། འབར་ཁམས་ས་ཁུལ་གྱི་ས་ཆ་སོ་སོར་དབྱར་རྩྭ་ཐར་ཐོར་ཡོད་མོད་དེ་དག་ལས་འབྲོང་རྫོང་ཡུལ་ཚོའི་དབྱར་རྩྭ་ནི་ཆེས་ལེགས་ཤོས་ཡིན་ཟེར། དེ་མིན་འབར་ཁམས་སུ་དབྱར་རྩྭ་དགུན་འབུའི་ཚོང་བ་དག་གིས་དབྱར་རྩྭ་ཚུར་ཉོ་བ་དང་ཕར་འཚོང་བ་གཉིས་དུས་མཉམ་དུ་བྱེད་བཞིན་འདུག་པས། ཚོང་པ་རེ་རེ་དབྱར་རྩྭ་ཚུར་ཉོ་མཁན་ཡིན་ལ་ཕར་འཚོང་མཁན་ཡང་ཡིན།
དེ་མིན་དབྱར་རྩྭ་དགུན་འབུ་ནི་གནའ་དུས་ནས་ཡོད་པའི་སྨན་རྩྭ་ཞིག་ཡིན་ཡང་། ཉེ་བའི་ལོ་འགའི་རིང་རྒྱལ་རོང་འབར་ཁམས་ས་ཁུལ་གྱི་སྤྱི་ཚོགས་ཚོང་རའི་སྟེང་དར་ཆེ་བའི་དཔལ་འབྱོར་གྱི་རིན་ཐང་ལྡན་པའི་ཚོང་རྫས་རིགས་ཤིག་ཀྱང་ཡིན་ལ། འབར་ཁམས་ས་ཁུལ་དུ་དབྱར་རྩྭ་ཉོ་འཚོང་བྱེད་མཁན་ལོ་རེ་ནས་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག དེ་ནི་མཚོ་བོད་མཐོ་སྒང་དུ་འཚོ་བའི་བོད་རིགས་རོང་འབྲོག་མང་ཚོགས་ཚོའི་ལོ་རེའི་དཔལ་འབྱོར་ཡོང་སྒོ་གཙོ་གྲས་ཤིག་ཏུ་གྱུར་ཡོད། ལོ་ལྟར་ཕྱི་ཟླ་4པ་ནས་7པའི་བར་ལ་བོད་རིགས་རོང་འབྲོག་མང་ཚོགས་ཚོས་རི་ཀླུང་དང་། སྤང་གཤོང་སོགས་སུ་ཉིན་མཚན་མེད་པར་ཟླ་བ་ཁ་ཤས་རིང་རྩ་ཆེན་སྨན་རྩྭ་འདི་རྐོ་རུ་འབད་ཀྱིན་ཡོད་པ་དང་། ཁྱིམ་ཚང་འགའ་ཤས་ཀྱི་ཁྱིམ་མི་ཚང་མ་དབྱར་རྩྭ་དགུན་འབུ་བརྐོ་རུ་འགྲོ་བཞིན་ཡོད་ལ། དབྱར་རྩ་དགུན་འབུ་བརྐོ་བ་དང་དེའི་ཉོ་འཚོང་ལ་བརྟེན་ནས་བོད་རིགས་འབྱོར་ལྡན་དུ་ཆགས་མཁན་ཡང་གང་མང་ཡོད།
དབྱར་རྩྭ་དགུན་འབུ་ཞེས་པ་ནི་རིན་ཐང་ཆེ་བའི་སྨན་རྫས་རྩ་ཆེན་གྱི་རིགས་ཤིག་ཡིན་ཞིང་། ས་མཐོའི་བོད་དང་རི་བོ་ཧི་མ་ལ་ཡའི་རི་རྒྱུད་བལ་ཡུལ་དང་འབྲས་ལྗོངས་སོགས་ཀྱི་རི་མགོ་སྤང་ལྗོངས་དང་འབྲོག་ས་སོགས་སུ་སྐྱེ་ཡོད། སྨན་རྩྭ་འདི་མང་ཆེ་བ་མཐོ་སྒང་དུ་སྐྱེ་ཞིང་། དེ་ཡང་སའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་2700ཡས་མས་ཡོད་པའི་རྒྱལ་རོང་ས་ཁུལ་དུའང་སྐྱེ་ཡོད། དབྱར་རྩྭ་དགུན་འབུ་ནི་དོན་དངོས་ཐོག་དབྱར་ཁ་རྩྭ་དང་དགུན་ཁ་སྲོག་ལྡན་འབུ་ཞིག་ཡིན་ཞིང་། ལོ་གཅིག་ལ་སྐྱེ་བའི་རྩྭ་རིགས་ཏེ་ཐོག་མར་དགུན་དུས་འབུ་མེ་ལྕེབ་ཕྱེ་ལེབ་རིགས་ཀྱི་འབུ་ཕྲུག་སའི་གཏིང་དུ་ཡོད་པའི་ལུས་ལ་འབུ་ཕྲ་ཞུགས་ནས་ཤི་བའི་ལུས་སླར་ཡང་སྐྱེ་དངོས་ཀྱི་རྩྭ་རུ་གྱུར་ནས་སྐྱེས་པ་ཡིན་པས། ཤ་རྒྱུའི་རྩ་བ་ཕྱི་སེར་ལ་ནང་དཀར་བ་འཕྲེད་གཉེར་དང་ལྡན་པ། མགོ་དང་ཁ་ཡོད་པར་མ་ཟད། ལྟོ་བར་རྐང་ལག་ཆ་བརྒྱད་ཡོད་པ་སོགས་འབུ་ཡི་ལུས་ལྟ་བུའི་ལྟག་རྒྱུད་དུ་སྤུ་ཐུང་ནག་ཞིབ་ཐར་ཐོར་ཡོད་པ། ལུས་ཚད་ཕལ་ཆེར་སྨི་0.05ནས་0.06ཙམ་ཟིན་པ་སའི་ནང་ཐད་ཀར་ཟུག་པ་དང་། ལོ་རེའི་སྤྱི་ཟླ་4ནས་ཟླ་6པའི་ནང་ས་ངོས་སུ་སྡོང་པོ་བུ་སྨུག་གམ་ཁམ་ནག་སྟོད་སྦོམ་ཞིང་སྨད་ཕྲ་བ་ནང་ཤ་དཀར་པོ་ཅན། ཁོག་སྟོད་ཀྱི་རིང་ཚད་སྨི་0.03ནས་0.06ཙམ་ཟིན་པ་ས་སྟེང་དུ་ཕྱིར་མངོན་པ་དེ་འབུ་ལ་རྭ་སྐྱེས་པ་དང་འདྲ། དེ་རིམ་བཞིན་ཆེ་རུ་རྒྱས་པ་དང་། རྩ་བའི་བཅུད་དམ་ནུས་པ་ཞན་དུ་ཕྱིན་ནས་སྤྱི་ཟླ་7པ་ཙམ་ནས་ཕལ་ཆེར་རྩ་བ་རུལ་ཏེ་མེད་པར་འགྲོ་བ་རེད།