བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-25


(དེབ་གོང་མར་མཐུད།)
ལེའུ་གསུམ་པ། སྤུ་རྒྱལ་གྱི་དུས་རབས།
དེ་ནས་བོད་ཀྱི་ལོ་རྒྱུས་ལས། །
རྒྱལ་པོ་ཐོག་མར་བྱུང་ཚུལ་ནི། །
རྒྱལ་ཕྲན་སིལ་མ་བཞི་བཅུའི་སྐབས། །
སྡེ་དཔོན་འཁྲུག་ཅིང་དགྲ་ཇག་རྒོད ། །
བྲན་རྣམས་གསོད་གཅོད་རྡུང་རྫོག་དང་། །
འཁྱགས་ལྟོགས་སྡུག་བསྔལ་གཙེར་བའི་དུས། །
སྤུ་བོའི་①ཡུལ་ནས་མང་སྙའི་བུ། །
ཨུ་བེ་ར་ཡིས་འགོ་ཁྲིད་ནས། །
བྲན་གཡོག་ཚོ་པས་ཡུལ་དཔོན་ལ། །
གྱེན་ལོག་བྱས་མཐར་ཡར་ཀླུང་བྲོས། །


རྒྱལ་པོ་གནམ་གྱི་ཁྲི་བདུན་གྱི་དུས་རབས།

   དེ་ལྟར་བོད་ཀྱི་ཡུལ་འདིར་རྒྱལ་པོ་ཐོག་མར་བྱུང་ཚུལ་ནི། ཡུལ་འདིར་རྒྱལ་ཕྲན་སིལ་མ་བཞི་བཅུས་བཟུང་ཞིང་། སྡེ་འབངས་རྣམས་ཕྱིའི་དགྲ་དང་ནང་གི་དཔོན་གྱིས་འཕྲོག་བཅོམ་དང་མནར་གཅོད་དྲག་པོའི་སྡུག་བསྔལ་མྱོང་བཞིན་པའི་སྐབས་དེར། ཤར་ཕྱོགས་སྤུ་བོའི་ཡུལ་ནས་དཔའ་རྩལ་དང་སྙིང་སྟོབས་ལྡན་པའི་ཕོ་གཞོན་མང་སྙ་ཨུ་བེ་ར་ཞེས་པ་ཞིག་བྱུང་ཞིང་། དེས་ཡུལ་དཔོན་གྱི་གདུག་རྩུབ་ལ་གྱེན་ལོག་བྱེད་ཅིང་ཡུལ་ཡར་ཀླུང་དུ་བྲོས། ཡར་ཀླུང་གི་བྲན་གཡོག་རྣམས་དང་ལྷན་ཅིག་ཏུ་ཡར་ཀླུང་སྡེ་དཔོན་གྱི་དབང་ཤུགས་ཕྲོགས། ཐོག་མར་ཨུ་བེ་རས་ཡར་ཀླུང་གི་རྒྱལ་པོ་བྱས་ཤིང་། དེ་ནས་རིམ་བཞིན་སྤུ་བོ་དང། དྭགས་པོ། ཀོང་པོ་སོགས་ཀྱི་བྲན་གཡོག་བདག་པོ་རྣམས་དབང་དུ་བསྡུས་ནས་སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་ཞེས་པ་དེ་དབུ་བརྙེས་པ་རེད།
   སྐབས་དེར་བོད་ཀྱི་ཡུལ་འདིར་རྒྱལ་ཕྲན་སིལ་མ་བཞི་བཅུར་ཐོར་ནས་གནས་ཡོད་ཅིང༌། ཁོང་འཁྲུངས་པའི་ཡུལ་འདིར་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་ཕྲན་ནི་སྤུ་བོ་སྡེ་པའི་འགོ་དཔོན་ཡིན། ཐེའུ་རང་མང་སྙ་ཨུ་བེ་རའི་ཁྱིམ་ཚང་དེ་བུ་སྤུན་མང་བ་དང༌། ཆུང་ཐ་ཨུ་བེ་ར་ནི་རང་གཤིས་གྱོང་སྟབས། ཁོས་རྟག་པར་ཡུལ་དཔོན་གྱི་བཀའ་ལ་གྱེན་ལྡོག་བྱེད་པ་མ་ཟད། ཡུལ་གྱི་མི་སེར་རྣམས་ལ་ཡུལ་དཔོན་གྱིས་གཉའ་གནོན་དང་མནར་གཅོད་བྱེད་སྐབས་ཁོས་ཡུལ་མི་ཚོ་ལ་རོགས་པ་བྱས་ནས་ཡུལ་དཔོན་ལ་འགོག་རྒོལ་བྱེད་ཀྱི་ཡོད་པ་རེད།

   ཐེའུ་རང་མང་སྙ་ཚང་གི་བུ་སྤུན་ཚོས་ཡུལ་གྱི་འགོ་པའི་བཀའ་ལ་རྟག་པར་གྱེན་ལྡོག་དང་འཐབ་རྩོད་མུ་མཐུད་བྱས་ཀྱང༌། ཡུལ་དཔོན་ལ་དམག་མང་པོ་ཡོད་སྟབས་མཐར་མང་སྣ་ཉུང་གིས་མ་བརྟན་པར་ཨུ་བེ་ར་སྤུ་བོ་ནས་ཐོན་ཏེ་བོད་ཡུལ་ཡར་ཀླུང་ཕྱོགས་སུ་ཡུལ་བྱོལ་དུ་འགྲོ་བའི་ལམ་བར་བྱང་ལམ་གཡའ་ལེ་གོང་གི་རི་འགོར་སླེབས་སྐབས། ཡར་ཀླུང་གི་འགོ་དཔོན་གྱི་མནར་གཅོད་འོག་ནས་བྲོས་བྱོལ་ཡོང་བའི་བྲན་གཡོག་ཚོ་པ་གཅིག་དང་འཕྲད། བཞིན་གྱི་མདངས་མཛེས་ཤིང༌། ལུས་སྟོབས་རྩལ་དང་ལྡན་པའི་ཕོ་གཞོན་དེ་ཉིད་ཡར་ཀླུང་གི་བྲན་གཡོག་ཚོས་མཐོང་བ་དང་ཁོ་ཚོས་ཡིད་སྨོན་དང་བཅས་པའི་སྒོ་ནས་“ཁྱོད་སུ་ཡིན། ཡུལ་གང་ནས་འོངས། ད་གང་དུ་འགྲོ”ཞེས་དྲིས་པར། ཨུ་བེ་ར་ན་རེ། “ང་ཐེའུ་རང་མང་སྙའི་བུ་ཡིན། སྤུ་བོའི་ཡུལ་ནས་འོངས། ད་བོད་ལ་འགྲོ”བྱས། དེ་ནས་ཁོ་ཚོས། “འོ་ན་ཁྱོད་ལ་ནུས་པ་ཅི་ཡོད”དྲིས་པར། “ང་ཕོ་རྒོད་པས་ཡུལ་དཔོན་ལ་གྱེན་ལོག་བྱས་ནས་ཡུལ་བྱོལ་དུ་འོང་བ་ཡིན”ཟེར། དེ་ནས་ཡར་ཀླུང་གི་བྲན་གཡོག་ཚོས“འོ་ན་ཁྱོད་ཀྱིས་ང་ཚོའི་རྒྱལ་པོ་བྱེད་པར་ཞུ”ཟེར་ནས་གུས་བཀུར་དང་བཅས་ཏེ་གཉའ་བར་བཏེགས་ནས་ཡར་ཀླུང་གི་ཕྱོགས་སུ་ཕྱིན།

གཡའ་ལེ་གོང་དུ་ཡར་ཀླུང་གི །
བྲན་གཡོག་ཁྱུ་དང་ལྷན་གཅིག་འདུས། །
དེ་རྣམས་བགྲོས་པས་ཨུ་བེ་ལ། །
དཔོན་དུ་བཅོལ་ནས་ཡར་ཀླུང་ཕྱིན། །
ཀུན་གྱིས་བཀུར་བས་རྒྱལ་པོར་གྱུར། །
མཚན་ལ་གཉའ་ཁྲི་བཙན་པོ་གསོལ། །
ཕོ་བྲང་ཡུམ་བུ་བླ་སྒང་བཞེངས། །
   དེ་ནས་ཨུ་བེ་ར་འཁོར་དང་བཅས་པ་ཡར་ཀླུང་ཕྱོགས་སུ་སླེབས་པ་དང༌། ཐོག་མར་ཡར་ཀླུང་གི་བྲན་གཡོག་བདག་པོ་ལ་རྒོལ་ལན་བསློགས་ཏེ་བོད་ཀྱི་རྒྱལ་ཕྲན་དེ་ཉིད་དབང་དུ་བསྡུས། ཡུལ་སྡེ་ཐམས་ཅད་ཀྱིས་གོང་དུ་བཀུར་ནས་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་ཐོགས། ཁོང་གི་བཞུགས་གནས་ལ་ཕོ་བྲང་གི་ཐོག་མ་ཡུམ་བུ་བླ་སྒང་བཞེངས། དེ་ནས་སྤུ་བོ་དང༌། ཀོང་པོ། དྭགས་པོ་སོགས་ཐམས་ཅད་དབང་དུ་བསྡུས། སྔར་གྱི་དགྲ་བོ་ཐམས་ཅད་འབངས་སུ་བཀུག དེ་རྗེས་རིམ་བཞིན་དབུས་གཙང་དང༌། མདོ་ཁམས་ཕྱོགས་སུ་གནས་པའི་རྒྱལ་ཕྲན་ཐམས་ཅད་དབང་དུ་བསྡུས། སྤྱི་ལོའི་སྔོན་གྱི་ལོ་360ཙམ་ན་ཞང་ཞུང་ཕུད་པའི་བོད་ཁམས་ཡོངས་ཀྱི་བདག་པོར་གྱུར།
   དེ་དང་དུས་མཚུངས་སུ་ཞང་ཞུང་རྒྱལ་པོས་མངའ་རིས་བསྐོར་གསུམ་དུ་གནས་པའི་རྒྱལ་ཕྲན་རྣམས་དབང་དུ་བསྡུས་ནས་ཞང་ཞུང་རྒྱལ་ཁམས་ཞེས་པ་དེ་བྱུང༌། སྐབས་དེའི་ཞང་ཞུང་གི་རྒྱལ་ས་དེ་གངས་ཏི་སེའི་ཞོལ་དང་། མཚོ་མ་ཕམ་གྱི་འགྲམ་དུ་ཡོད་པར་གྲགས་པས་དེང་མངའ་རིས་པུ་རངས་ཀྱི་ཡུལ་འདི་ཡིན།
ཕྱིང་བ་སྟག་རྩེར་འདུ་གནས་བཟུང་། །
ཆད་གཉིས་བཞེད་ལྔའི་ཁྲིམས་སྲོལ་བསྒྲགས། །
གསང་གྲོས་རྣམ་གསུམ་སྒྲིག་གཞི་བཙུགས། །
དཔའ་ཚན་བརྒྱད་ཀྱི་གཟེངས་རྟགས་དང་། །
ཡིག་ཚང་སྡེ་དགུའི་གོ་གནས་བཟོས། །
མདོ་དབུས་ཁམས་ཀྱི་རྒྱལ་ཕྲན་རྣམས། །
གཅིག་བསྡུས་བོད་ཀྱི་རྒྱལ་ཁམས་དང་། །
སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཞེས། །
བོད་ཀྱི་རྒྱལ་པོ་ཐོག་མར་བྱུང་། །
ཡུལ་ཁམས་བདེ་ཞིང་འབངས་རྣམས་སྐྱིད། །
   བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོས་བོད་ཁམས་དབང་དུ་བསྡུས་པ་དང༌། རང་གི་མཆན་ཁེབ་དཔུང་རོགས་ལ་ཡིད་ཆེས་པའི་མི་གཉིས་བསྐོ་གཞག་གིས“ཕྱག་ཚང”ཞེས་པའི་གོ་གནས་གནང༌། དེ་ནས་རྒྱལ་སྲིད་སྐྱོང་བ་ལ་མེད་དུ་མི་རུང་བའི་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཅའ་བའི་དགོས་པར་གཟིགས་ནས་རང་གི་ནང་བློན་ཆེ་རྒུ་རྣམས་དང་ལྷན་ཅིག་ཏུ་ཕྱིང་བ་སྟག་རྩེར་ཕེབས། ཕྱིང་པའི་གུར་ནང་དུ་བློན་ཆེན་ཆེ་རྒུ་རྣམས་འཚོགས་ཤིང༌། ཕྱི་ནས་སྐུ་སྲུང་དང༌། བྱ་ར་བ་རིམ་པ་མང་པོས་བསྐོར་ནས་བོད་ཀྱི་རྒྱལ་སྲིད་སྐྱོང་ཐབས་ཀྱི་ཁྲིམས་དང་ལས་ཀའི་ཁྲིམས་རྣམས་གཏན་འབེབས་གནང༌།
   ལས་ཁུངས་ཀྱི་སྒྲིག་གཞིའི་སྐོར་ལ། སྲིད་ཀྱི་ཇུས་གཞི་བཀོད་པའི་སྒྲིག་གཞི་མཐོ་ཤོས་ལ“གསང་གྲོས་རྣམ་གསུམ”ཟེར། དེའི་ལས་འགན་གཙོ་བོ་ནི་རྒྱལ་ཁམས་ཡོངས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན། ཆོས་ལུགས། རིག་གནས་བཅས་ཀྱི་ཐད་ལ་འགྱུར་བ་གལ་ཆེན་བྱུང་ཚེ། དེ་ལ་དཔྱད་པ་དང་གྲོས་མོལ་གནང་ཞིང་གནས་ལུགས་གཏན་ལ་ཕབ་སྟེ་ཕྱི་ནང་གི་དམིགས་དབྱེ། དེའང་གནད་དོན་གྱི་ངོ་བོ་གལ་ཆེ་ཆུང་དང་བསྟུན་པ་སོགས་ཀྱི་དབྱེ་བས་གསང་གྲོས་ལས་ཁུངས་ལའང་མཐོ་དམན་རིམ་པ་གསུམ་དུ་ཕྱེས་ཡོད་པ་ལ་གསང་གྲོས་རྣམ་གསུམ་ཟེར།
   ཆོས་དང་རིག་གནས་ཀྱི་ལས་ཀ་བྱེད་ས་ལ“གཙུག་ལག་ཁང”ཟེར། དེའི་ནང་གཙོ་བོ་བོན་གྱི་རིག་གཞུང་རྣམས་སློབ་སྦྱོང་བྱེད་ཅིང༌། ལྷ་གསོལ་བ་དང༌། གཡང་སྒྲུབ་པ། གཏོ་འཕེན་པ། ཡས་རྫོང་བ་བཅས་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་ཡོད་པ་མ་ཟད། རྒན་པོ་ཚོས་སྔར་བོད་མིའི་འགྲོ་བ་བྱུང་ཚུལ་དང༌། མངའ་མཛད་དཔོན་པོ་བྱུང་ཚུལ་སོགས་ཀྱི་སྒྲུང་གཏམ་བཤད་ནས་བྱིས་པ་དང༌། ལོ་གཞོན་རྣམས་ཡིད་སྤྲོ་བར་བྱེད་པ། ལྡེའུ་ཞེས་པ་བློ་རིག་འཕེལ་ཐབས་སུ་གབ་ཚིག་འདྲི་བ་དང༌། ཁེད་འཇོག་པ་སོགས་རིག་པ་མང་པོ་རྩེད་སྲོལ་བྱུང་ཡོད།

   ཁྲིམས་ཀྱི་སྐོར་ལ། ཆོས་ལུགས་བྱེད་སྒོ་དང༌། རིག་གནས་དར་སྤེལ་བྱེད་ཚུལ་རྣམས་སྔར་བོན་གྱི་སྟོན་པ་གཤེན་རབ་ཀྱི་ལུགས་ལྟར་ལག་ལེན་མཛད། བྱ་བ་ཡག་པོ་བྱེད་མཁན་ལ་བསྟོད་བསྔགས་དང་དཔའ་དར་གནང་དགོས་པ་དང༌། མི་དགེ་བའི་བྱ་བ་སྡུག་ཆགས་བྱེད་མཁན་ལ་དམའ་འབེབས་དང༌། ལུས་ལ་གཅོད་རྡུང་དང༌། ནོར་ལ་འཕྲོག་ལེན་བྱ་རྒྱུའི་ལུགས་སྲོལ་གཏན་འབེབས་གནང་བ་ལ“ཆད་གཉིས”ཞེས་གྲགས། “ཡིག་ཚང་སྡེ་དགུ”ཞེས་པ། རྒྱལ་པོའི་གཞུང་ལ་བྱས་རྗེས་ཆེ་བའི་མི་དེའི་ཁྱིམ་ཚང་ལ་གོ་གནས་སྤྲོད་པ་དང༌། བྱས་རྗེས་ཆེ་ཆུང་ལྟར་གོ་གནས་ཀྱི་རིམ་པ་དགུ་ཕྱེས་ཡོད། (དེ་ཡང་གསེར་ཡིག་དང༌། གཡུ་ཡིག དངུལ་ཡིག ཕྲ་མན་ཡི་གེ ཟངས་ཡིག ལྕགས་ཡིག་སོགས་རིམ་པ་དགུ་གཏན་འབེབས་གནང་བ) དམག་དང་གཡུལ་ལ་ཐུན་མོང་མ་ཡིན་པའི་དཔའ་རྟགས་ཅན་གྱི་དཔའ་བོ་རྣམས་ལ་གཟེངས་བསྟོད་བྱ་བའི་ཆེད་དུ“དཔའ་ཚན་རྣམ་བརྒྱད”ཅེས་པའང་། སྟག་སྟོད་སྟག་སྨད་གཉིས། ཟེར་ཆེན་ཟེར་ཆུང་གཉིས། གམ་རས་སྟག་སློག་གཉིས་བཅས་སྲོང་བཙན་སྐབས་དཔའ་ཚན་དྲུག་གཏན་འབེབས་བྱས་ཡོད་དག་ཡིན་པར་ངེས། མདོར་ན་གཉའ་ཁྲི་བཙན་པོས་བོད་ཁམས་བདག་ཏུ་བཟུང་རྗེས། སྲིད་སྐྱོང་ལམ་ལུགས་ཀྱི་ཁྲིམས་དང༌། སྒྲིག་གཞི་གསར་དུ་གཏན་འབེབས་གནང་ངོ་།
དུས་དེར་མངའ་རིས་བསྐོར་གསུམ་གྱི། །
རྒྱལ་ཕྲན་མ་ལུས་གཅིག་བསྡུས་པར། །
ཞང་ཞུང་ཞེས་པའི་རྒྱལ་ཁམས་བྱུང་། །
མདོ་དབུས་མཐོ་སྒང་ཡུལ་གྲུ་འདིར། །
བོད་དང་ཞང་ཞུང་གཉིས་སུ་ཆད། །
   རྒྱལ་པོ་གཉའ་ཁྲི་བཙན་པོས་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་གཅིག་གྱུར་གྱིས་དབང་དུ་བསྡུས་རྗེས་སྤུ་རྒྱལ་བོད་ཀྱི་རྒྱལ་ཁམས་ཞེས་པ་བྱུང་བ་དང་། བོད་ཀྱི་ནུབ་ཕྱོགས་མངའ་རིས་བསྐོར་གསུམ་དུ་གནས་པའི་རྒྱལ་ཕྲན་དེ་དག་ཞང་ཞུང་རྒྱལ་པོས་གཅིག་གྱུར་བྱས་ཏེ་ཞང་ཞུང་རྒྱལ་ཁམས་བྱུང་བ་རེད། དེ་ལྟར་རྒྱལ་ཕྲན་སིལ་མ་བཞི་བཅུར་ཐོར་བའི་བོད་འབངས་དེ་དག་མཐར་བོད་དང་ཞང་ཞུང་ཞེས་པའི་རྒྱལ་ཁམས་གཉིས་སུ་གྱུར་པ་རེད།

   1 སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནི། བོད་ཀྱི་ལོ་རྒྱུས་ཐོག་གི་རྒྱལ་པོ་དང་པོ་ཡིན། དེ་ཡང་སྤྱི་ལོའི་སྔོན་གྱི་ལོ་417པ་ཤིང་བྱི་ལོར་སྤུ་བོའི་ཡུལ་དུ། ཡབ་ཐེའུ་རང་མང་སྙ་དང༌། ཡུམ་མི་མོ་བཙུན་གཉིས་ཀྱི་སྲས་ཐེའུ་རང་སྤུན་དགུ་སྐྱེས་པའི་ཆུང་ཤོས་ཐེའུ་རང་མང་སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ།② ཕྱག་སོར་དྲ་བ་འབྲེལ་བ། ནུས་མཐུ་ཤིན་ཏུ་ཆེ་བ་ཞིག་བྱུང༌། སྐུ་ནར་སོན་པ་དང་ཐུགས་རྒྱུད་གྱོང་ཞིང་སྟོབས་རྩལ་ཆེ་སྟབས་ཡུལ་དཔོན་དང་འཐབ་འཛིང་བྱས། མཐར་སྤུ་བོ་ཡུལ་ནས་བོད་དུ་ཡུལ་བྱོལ་ཕྱིན། ལམ་བར་དུ་བོད་ཀྱི་རྒྱལ་ཕྲན་གྱི་གཉའ་གནོན་འོག་ནས་བྲོས་བྱོལ་བྱས་ཏེ་མགོན་དང་དཔུང་གཉེན་འཚོལ་དུ་འགྲོ་མཁན་བོད་མི་ཁག་གཅིག་དང་འཕྲད་དེ་མཉམ་དུ་བོད་ཡུལ་དུ་ཕྱིན། ཐོག་མར་བོད་ཀྱི་རྒྱལ་ཕྲན་དེ་ཉིད་དབང་དུ་བསྡུས། སྤྱི་ལོའི་སྔོན་གྱི་360ལོར་བོད་ཀྱི་རྒྱལ་པོ་ཐོག་མར་གྱུར། སྐུ་མཁར་ཡུམ་བུ་བླ་སྒང་བརྩིགས། དེ་ནས་ཞང་ཞུང་ཕུད་པའི་བོད་ཀྱི་ཡུལ་གྲུ་ཕལ་མོ་ཆེ་དབང་དུ་བསྡུས། བོད་ཀྱི་བཙན་པོ་ཞེས་པའི་མཚན་སྙན་ཐོག་མར་བཞེས། མཆན་ཁེབ་③ཀྱི་བློན་ཆེན་ལྷོ་དང་སྙགས་གཉིས་ཀྱིས་བྱས། བོན་པོ་མཚེ་མི་སྨུ་རྒྱལ་དང༌། ཙོ་མི་ཕྱག་གར་གཉིས་སྐུ་གཤེན་དུ་བསྟེན། ཕྱིང་བ་སྟག་རྩེར་ཕེབས་ཏེ་ཁྲིམས་དང་ལས་ཀའི་སྒྲིག་གཞི་བཟོས། གནམ་མུག་མུག་གམ་མུ་ཚོ་བཟའ་ཁབ་ཏུ་བཞེས། སྲས་མུ་ཁྲི་བཙན་པོ་འཁྲུངས་སྐབས་སྐུ་ན་བགྲེས་པས་སྲས་ཀྱིས་ཆིབས་ཁ་ཐུབ་ཙམ་ན་སྤྱི་ལོའི་སྔོན་གྱི་ལོ་354པ་ཤིང་ཕག་ལོར་སྐུ་གཤེགས་སོ།

● རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ།

དེ་སྲས་མུ་ཁྲི་བཙན་པོ་ནི། །

བོན་དང་རིག་གནས་ཀུན་ལ་མཁས། །
འདུ་གནས་སུམ་ཅུ་སོ་བདུན་བཙུགས། །
བོད་ཀྱི་ཡིག་གཟུགས་ལེགས་བཅོས་བྱས། །
བོན་གྱི་བླ་རྒྱུད་གྲལ་ན་བཞུགས། །
དིང་ཁྲི་སོ་ཁྲི་མེར་ཁྲི་དང་། །
གདགས་ཁྲི་སྲིབས་ཁྲི་བཙན་པོ་རྣམས། །
མ་ཡི་རུས་ལས་རིགས་མཚན་བཞེས། །
གནམ་གྱི་ཁྲི་བདུན་ཞེས་སུ་གྲགས། །
སྐུ་གཤེན་ཞང་ཞུང་ཡུལ་ནས་དྲངས། །
དུས་དེར་གྲུབ་ཐོབ་གཤེན་དགུ་དང་། །
མཁས་པ་དགུ་དང་མཐུ་ཆེན་དགུ། །
བོན་གྱི་ལུགས་ལ་སྙན་གྲགས་ཆེ། །

2 སྤུ་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་ནི། ཡབ་གཉའ་ཁྲི་བཙན་པོ་དང་ཡུམ་མུ་ཚོ་བཟའམ་གནམ་མུག་མུག་གཉིས་ཀྱི་སྲས་སུ་སྤྱི་ལོའི་སྔོན་གྱི་ལོ་355པ་མེ་སྟག་ལོར་སྐུ་འཁྲུངས། སྐུ་གཤེན་གཅོའུ་ལན་ཚས་མཛད། གསས་ཁང་ཁོ་མ་ནེའུ་ཆུང་བཞེངས། བོན་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལས་ཁྲོ་བོ་དབང་ཆེན་གྱི་རྒྱུད་ཞུས། ལྷ་རི་གྱང་ཐོ་ལ་སྒྲུབ་པ་བྱས། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས། བོད་ཀྱི་ཡིག་གཟུགས་ལ་ལེགས་བཅོས་ཐེངས་དང་པོ་བྱས། སྤྱི་ལོའི་སྔོན་གྱི་ལོ་272པ་ས་གླང་ལོར་སྐུ་གཤེགས།

● གཉིས་པ་མུ་ཁྲི་བཙན་པོ།

   3 སྤུ་རྒྱལ་གསུམ་པ་དིང་ཁྲི་བཙན་པོ་ནི། ཡབ་མུ་ཁྲི་བཙན་པོ་དང་ཡུམ་ས་བཟའ་དིང་དིང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་གཅེའུ་སྨིན་དཀར་གྱིས་མཛད། གསས་མཁར་ཁོ་མ་ཡང་རྩེ་བཞེངས། སོ་བཟའ་ཐམ་ཐམ་མ་ཁབ་ཏུ་བཞེས།

● གསུམ་པ་དིང་ཁྲི་བཙན་པོ།

   4 སྤུ་རྒྱལ་བཞི་པ་སོ་ཁྲི་བཙན་པོ་ནི། ཡབ་དིང་ཁྲི་བཙན་པོ་དང་ཡུམ་སོ་བཟའ་ཐམ་ཐམ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་གཅེའུ་འོད་དཀར་གྱིས་མཛད། གསས་མཁར་རྨུ་ར་དགུ་ཁྱུང་བཞེངས། དོག་བཟའ་མེར་མེར་མ་ཁབ་ཏུ་བཞེས།

● བཞི་པ་སོ་ཁྲི་བཙན་པོ།

   5 སྤུ་རྒྱལ་ལྔ་པ་མེར་ཁྲི་བཙན་པོ་ནི། ཡབ་སོ་ཁྲི་བཙན་པོ་དང༌། ཡུམ་དོག་བཟའ་མེར་མེར་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་མཚེ་མི་ཟུང་སྨན་གྱིས་མཛད། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས། གདགས་ལྷ་དཀར་མོ་ཁབ་ཏུ་བཞེས།

● ལྔ་པ་མེར་ཁྲི་བཙན་པོ།

   6 སྤུ་རྒྱལ་དྲུག་པ་གདགས་ཁྲི་བཙན་པོ་ནི། ཡབ་མེར་ཁྲི་བཙན་པོ་དང་ཡུམ་གདགས་ལྷ་དཀར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་དག་པ་མི་ཆེན་གྱིས་མཛད། གསས་ཁང་གཡུང་དྲུང་ལྷ་རྩེ་བཞེངས། སྲིབས་ལྷ་སྔོན་མོ་ཁབ་ཏུ་བཞེས།

● དྲུག་པ་གདགས་ཁྲི་བཙན་པོ།

   7 སྤུ་རྒྱལ་བདུན་པ་སྲིབས་ཁྲི་བཙན་པོ་ནི། ཡབ་གདགས་ཁྲི་བཙན་པོ་དང་ཡུམ་སྲིབས་ལྷ་སྔོན་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་གཅེའུ་ཞལ་དཀར་གྱིས་མཛད། གསས་ཁང་ཁོ་མ་རུ་རིང་བཞེངས། ས་བཙན་ཀླུ་རྗེ་ཁབ་ཏུ་བཞེས། སྤྱི་ལོའི་སྔོན་གྱི་ལོ་༨༤པ་མེ་བྱ་ལོར་སྐུ་གཤེགས། འདི་ཡན་གྱི་རྒྱལ་རབས་རྣམས་སྐུ་གཤེགས་རྗེས་སྤྱི་བོའི་རྨུ་ཐག་ལ་འཇུས་ནས་གནམ་དུ་གཤེགས་པའི་ཕྱིར་ན་གནམ་གྱི་ཁྲི་བདུན་ཞེས་པའི་མཚན་བྱུང་བར་གྲགས། འདི་ཡན་སྐུ་ཕུང་ས་ལ་སྦས་པའི་སྲོལ་མེད་སྟབས་རྒྱལ་པོ་རྣམས་ལ་བང་སོ་མེད་དོ།

● བདུན་པ་སྲིབས་ཁྲི་བཙན་པོ།

   རྒྱལ་པོ་གནམ་གྱི་ཁྲི་བདུན་གྱི་སྐབས་སུ་བོད་འདིར་གསང་སྔགས་ཀྱི་ཆོས་དར་བའི་སྐོར་ལ། སྤུ་རྒྱལ་གདུང་རབས་གཉིས་པ་མུ་ཁྲི་བཙན་པོས་གཤེན་ནམ་མཁའ་སྣང་བའི་མདོག་ཅན་ལ་ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་ཆ་ཚང་ཞུས་ནས། ལྷ་རི་གྱང་ཐོ་ལ་སྒྲུབ་པ་རྟགས་ཐོན་གནང་བ་དང༌། གཞན་ཡང་སྐབས་དེར་ཞང་ཞུང་གི་ཡུལ་ནས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་པ་དེ་དག་གང་དང་གང་དུ་ཡོད་པ་གོང་དུ་བཤད་པ་ལྟར་དང༌། འདུ་གནས་དེ་དག་སྐྱོང་བའི་གཤེན་པོ་དྲུག་ཅུ་རྩ་བདུན་བྱུང་ཡོད་པ་ནི། གྲུབ་པ་ཐོབ་པའི་གཤེན་དགུ། མཁས་པ་མི་དགུ། མཐུ་བོ་ཆེ་མི་དགུ། བོན་ཆེན་བཞི་བཅུ་རྣམས་སོ།

   གྲུབ་པ་ཐོབ་པའི་གཤེན་དགུ་ནི། 1.མུ་ཁྲི་བཙན་པོ། 2.ཧ་ར་ཅི་པ། 3.སྟག་ཝེར་ལེ་ཝེར། 4.ཨ་ནུ་འཕྲག་ཐག 5.སད་ནེ་གའུ། 6.ཟིངས་པ་མཐུ་ཆེན། 7.སྤེ་བོན་ཐོག་འཕྲུལ། 8.སྤེ་བོན་ཐོག་རྩེ། 9.ཐད་མི་ཐད་ཀེ་བཅས་སོ།
   མཁས་པ་མི་དགུ་ནི། 1.རྒྱུད་ལུང་མན་ངག་ལ་མཁས་པ་སེ་ཤ་རི། 2.སྔགས་ཀྱི་གབ་གསང་ལ་མཁས་པ་ལྡེའུ་གྱིམ་ཚ། 3.ཚིགས་སུ་བཅད་པའི་མདོ་སྡེ་ལ་མཁས་པ་མེ་ཉག་མཁར་བུ། 4.འབུམ་གྱི་འགྲེལ་རྐང་ལ་མཁས་པ་མཐའ་བཞི་བུམ་བུ་ཆོངས། 5.རིགས་བསྒྲེ་ལ་མཁས་པ་སྤེ་བོན་གཏོ་རྒྱལ། 6.དཀྱིལ་འཁོར་ཕྱི་ནང་གསང་གསུམ་ལ་མཁས་པ་རྒྱ་བོན་འབྲི་ཐ་སྣ་པ། 7.སྒྲ་སྐད་བྱེ་བྲག་ལ་མཁས་པ་དམུ་གཤེན་ཏིང་ཝེར། 8.སྤྲོ་བསྡུའི་དོན་ལ་མཁས་པ་འགྲོ་མགོན་ལྷ་དཔལ་ཀླུ་རིང༌། 9.ལྟ་སྒོམ་སྤྱོད་པ་ལ་མཁས་པ་ཁྱུང་པོ་གྱེར་ཟླ་མེད་རྣམས་སོ།
   མཐུ་བོ་ཆེ་མི་དགུ་ནི། 1.གངས་རི་སོར་མོས་འདེགས་པའི་ལི་བོན་མུ་ཆོ། 2.རྩི་ཤིང་རང་སྡུད་བྱེད་པའི་གཅོ་གྱིམ་བུ་ལན་ཆོ། 3.གནམ་ས་གོ་བཟློག་ནུས་པའི་རྒྱ་བོན་མུ་ཆོ། 4.རྒྱ་མཚོ་བལ་འདབས་ལ་སྤུར་བའི་སུམ་པ་མུ་ཕྱ། 5.ཧས་པོ་རི་མེའི་ཞགས་པས་བཅིངས་པའི་ཁུ་བོན་མཐོང་གྲགས། 6.བདུད་སྲིན་དངོས་སུ་བཀུག་པའི་ཞང་ཞུང་མུ་ཆོ། 7.ཡར་ཆབ་གྱེན་དུ་བཟློག་པའི་ལྗང་ཚ་འཕེན་སྣང༌། 8.རི་རབ་མཛུབ་རྩེས་གསོར་བའི་འཇང་བོན་འཕེན་སྣང༌། 9.སྐྱི་གཙང་གོམས་པས་འཇལ་བའི་རྨ་བོན་ཐུགས་དཀར་བཅས་སོ།
   བོན་ཆེན་བཞི་བཅུ་རྩ་གཉིས་ནི། རྒྱལ་གྱི་སྐུ་འཚོ་བའི་གཤེན་བཅུ། བློན་གྱི་གྲོས་འཚོ་བའི་གཤེན་བཅུ། རྒྱ་བོད་ཀྱི་མཐའ་སྲུང་བའི་གཤེན་བཅུ། སུམ་པ་སྟོང་སྡེའི་སྨད་ན་སྲུང་བའི་གཤེན་བཅུ། བཀྲ་ཤིས་གཡང་ལེན་ངོ་སྤྲོད་གཉིས་ཏེ་བཞི་བཅུ་ཞེ་གཉིས་སོ།
རྒྱལ་པོ་གྲི་གུམ་བཙན་པོའི་སྐབས། །
ཆབ་སྲིད་བླ་ནས་རྒྱས་པའི་རྟགས། །
ཁ་ཆེའི་ཡུལ་ལ་དམག་དཔུང་བཤམས། །
མགར་གྱི་ལག་རྩལ་འཕེལ་བའི་རྟགས། །
དགུ་ཟི་ཞེས་པའི་རལ་གྲི་མགར། །
རྒྱལ་སྲིད་བོན་ལ་ཤོར་དོགས་ཀྱིས། །
བོན་ཆོས་བསྣུབས་ཤིང་བོན་གཤེན་བསྐྲད། །
གཙང་གི་རྒྱལ་ཕྲན་ལོ་ངམ་གྱིས། །
གཟའ་སྐར་ངན་པའི་དུས་བསྟུན་ནས། །
རྒྱལ་པོ་ཕེབས་པའི་དགའ་བསུ་རུ། །
གཡོ་སྒྱུས་བཤམས་པའི་མཛད་སྒོའི་ཁྲོད། །
རྒྱལ་པོ་བཀྲོངས་ཤིང་རྒྱལ་སྲིད་ཕྲོགས། །
སྲས་གསུམ་དྭགས་ཀོང་ཡུལ་དུ་བྲོས། །


རྒྱལ་པོ་སྟོད་ཀྱི་སྟེང་གཉིས་ཀྱི་དུས།

   1.སྤུ་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་ནི། ཡབ་སྲིབས་ཁྲི་བཙན་པོ་དང་ཡུམ་ས་བཙུན་ཀླུ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་གཤེན་གཅེའུ་ཚེམས་དཀར་གྱིས་མཛད། གསས་མཁར་ས་ལེ་བྱེ་ཚང་བཞེངས། ཀླུ་སྲིང་མེར་ལྕམ་ཁབ་ཏུ་བཞེས། སྤྱི་ལོའི་སྔོན་གྱི་ལོ་81པ་ལྕགས་བྱི་ལོར་ལོ་ངམ་གྱིས་བཀྲོངས། པུར་ཟངས་ཀྱི་གའུའི་ནང་དུ་བཅུག་ནས་ཆུར་བསྐྱུར། ལོ་བཅུའི་རྗེས་སུ་ཕྱིར་བཏོན་ནས་ས་ལ་སྦས་སོ། སྤྱི་ལོའི་སྔོན་གྱི་ལོ་84པ་མེ་བྱི་ལོར་ཡབ་སྲིབས་ཁྲི་བཙན་པོ་སྐུ་གཤེགས་པ་དང་། གྲི་གུམ་བཙན་པོ་བོད་ཀྱི་རྒྱལ་པོར་གྱུར། ཆབ་སྲིད་དང་། རིག་གནས། ལག་རྩལ་བཅས་དར་རྒྱས་ཆེན་པོ་བྱུང་། བོད་ཀྱི་རལ་གྲི་དགུ་ཟི་ཞེས་སྐད་གྲགས་ཅན་དེ་དུས་སྐབས་དེར་བྱུང་ཞིང་། རལ་གྲི་དགུ་ཟི་རིགས་མི་འདྲ་བ་སོ་སོའི་རྣོ་རྟགས་ཀྱང་མི་འདྲ་བ་ཡོད་དེ། “དགུ་ཟི་གྱེས་པ་རྣམ་དགུ་ནི། ནམ་མཁའི་སྤུ་ཆོད། དགྲ་ལྷའི་གར་ཆོད། གོང་ཁྲ་དགུ་ཆོད། ཆུ་ནང་ཉ་ཆོད་དང༌། གལ་རྒེའི་ཇོ་ཆོད། བྱེ་ནེའི་གདོང་ཆོད། ངན་ཐོའི་སྐད་ཆོད། ཨོ་ཚའི་བསམ་ཆོད། གོང་གོའི་ཕག་ཆོད་བྱ་བ་དེ་དག་དགུའོ། དེ་རྣམས་གྱེས་པའང་གཉིས་གྱུར་ཡོད། དགུ་བདག་གྱེས་པ་རྣམ་གསུམ་ནི། ཤང་དཀར་ཤང་ནག ཟ་འུག་ཅན་དང་གསུམ། དགུ་ཟིའི་སྡེ་ཚན་དེ་ལས་མེད།” ཅེས་དགུ་ཟིའི་རིགས་དང་རྣོ་ཚད་བཅས་བཤད་ཡོད།

● བརྒྱད་པ་གྲི་གུམ་བཙན་པོ།

   བོན་གྱི་རིག་གནས་དར་ཞིང་སྐུ་གཤེན་རྣམས་སྐུ་དབང་ཆེ། རྒྱལ་སྲིད་ལ་ཐེ་གཏོགས་ཆེན་པོ་བྱས་སྟབས། གྲི་གུམ་བཙན་པོས་བོན་བསྣུབས། དེ་ཡང་རྒྱལ་པོའི་ཞལ་ནས། “སྐུ་གཤེན་རྣམས་གསོན་དང༌། ང་ཡི་རྒྱལ་སྲིད་དང༌། ཁྱོད་ཀྱི་བོན་སྲིད་གཉིས་ཙམ་མངའ་རིས་འདི་རུ་མི་ཤོང་བ་འདྲ་བས། ལྷ་བོན་སྒོ་བཞི་དང༌། གེ་ཁེད་ཐིས་འཕེན་དང༌། གཅོ་གྱིམ་བུ་ལན་ཚ་རྣམས་བདག་གི་སྐུ་སྲུང་དུ་བཞག་འཚལ། ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་ཤིག” ཅེས་གསུངས། བོན་གཤེན་རྣམས་བོད་ཡུལ་རུ་བཞིར་འདུག་མི་ཆོག་པར་ཕྱིར་ཕུད། བོན་གྱི་དཔེ་ཆ་རྣམས་རི་བྲག་ཤིང་ནགས་སོགས་སུ་སྦས་བསྐུངས་བྱས་ཤིང་བོན་གཤེན་རྣམས་ཡུལ་གཞན་དུ་བྲོས། སྐུ་གསུང་ཐུགས་རྟེན་སྦས་བསྐུངས་བྱས་པ་ལ་གཏེར་དུ་སྦས་པ་ཞེས་པའི་ཐ་སྙད་ཐོག་མ་འདི་ནས་བྱུང་། དེའི་ཚེ་ཏ་ཟིག་གི་གུ་ར་ཝ་ཏ་ཞེས་པའི་ཡུལ་ནས་ཏ་ཟིག་ཡུལ་གྱི་ཆོས་ལུགས་བོད་སྐད་དུ་བསྒྱུར་ཏེ་རྒྱལ་པོའི་བླ་མཆོད་དུ་བཀུར། བར་སྐབས་ཤིག་ན་ཏ་ཟིག་དང་མ་འཆམས་པས་གྲི་གུམ་བཙན་པོས་ཁ་ཆེའི་ཡུལ་དུ་དམག་དྲངས་ནས་གཡུལ་འཁྲུག་བྱས། གཡུལ་ལས་རྒྱལ་ནས་བོད་དུ་ཕྱིར་ལོག་པའི་ལམ་བར་གཙང་གི་མྱང་ཡུལ་དུ་སླེབས་སྐབས། གཙང་གི་རྒྱལ་ཕྲན་ལོ་ངམ་གྱིས་གཡོ་ཐབས་ཀྱིས་དགའ་བསུའི་མཛད་སྒོའི་ཁྲོད་དུ་མདའ་འཕངས་ཏེ་སྤྱི་ལོའི་སྔོན་གྱི་ལོ་81པ་ལྕགས་བྱི་ལོར་རྒྱལ་པོ་བཀྲོངས། པུར་ཟངས་ཀྱི་གའུའི་ནང་དུ་བཅུག་སྟེ་མྱང་ཆུའི་ནང་དུ་བསྐྱུར། དམག་རྣམས་ཕམ་པར་བྱས་ཏེ་སྤུ་རྒྱལ་གྱི་རྒྱལ་སྲིད་ཕྲོགས། རྒྱལ་སྲས་གསུམ་དྭགས་ཀོང་གི་ཡུལ་དུ་བྲོས། སྲས་ཆེ་བ་ཤ་ཁྲིས་ཀོང་པོའི་རྗེ་བོ་བྱས། དེང་དུས་ཀོང་པོ་རྒྱ་མདའ་ཀོང་པོ་ཉིང་ཁྲི་བཅས་ཀྱི་ས་ཁུལ་འདི་དག་ཡིན། སྲས་འབྲིང་བ་བྱ་ཁྲིས་སྤུ་བོའི་རྗེ་བོ་མཛད། དེང་དུས་སྤོ་བོ་ཁྲབ་རྨོག་གི་ཡུལ་འདི་དག་ཡིན། སྲས་ཆུང་བ་ཉ་ཁྲིས་ཉང་པོའི་རྗེ་བོ་མཛད་ནས་རེ་ཞིག་བཞུགས། དེང་དུས་ཀོང་པོ་རྒྱ་མདའ་རྫོང་གི་བྱང་ཕྱོགས་ཉང་པོ་སྡེ་ཤོག་གི་ས་ཁུལ་འདི་དག་ཡིན། སྲས་མོ་བཙན་དབང་གིས་ཆུང་མར་གྱུར། བཙུན་མོ་གཡོག་ཏུ་བཀོལ། དེ་ནས་བོད་ཀྱི་རྒྱལ་སྲིད་ལོ་བཅུ་གསུམ་ཙམ་ལོ་ངམ་གྱིས་བཟུང༌། ( 5 ) མུ་མཐུད་འགོད་རྒྱུར།

① སྤུ་བོ། དེང་སྤོ་བོའི་ཡུལ་ལ་གོ
② ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། རྒྱལ་པོ་གཉའ་ཁྲི་བཙན་པོའི་ཐུན་མིན་གྱི་ཁྱད་ཆོས་འགའ་ལས་འདི་གཅིག་ཡིན་འདུག ལྕེ་མི་གཞན་ལས་ཆེ་བས་ཕྱིར་བརྐྱངས་པའི་ཚེ་ངོ་གདོང་འགེབས་ཐུབ་པའི་དོན་ཡིན།
③ མཆན་ཁེབ། དཔུང་རོགས།

● མགར་བ་གྲི་བརྡུང་མཁན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1