ཤ་བ་སྐེ་རིང་།

འཇིགས་མེད་ཀྱིས་བསྡུས་བསྒྱུར་བྱས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-25


● ལིའང་ཅང་ཁྲོན་གྱིས་པར་བླངས།

   ཤ་བ་སྐེ་རིང་ནི་ཧྥེ་གླིང་དུ་འཚོ་ཞིང་། འཛམ་གླིང་སྟེང་ན་ལུས་ཚད་ཆེས་མཐོ་བའི་སྐམ་སའི་ཐོག་དུ་སྐྱེས་པའི་རི་དྭགས་རིགས་ཤིག་ཡིན། ཕོ་ཡི་ལུས་པོའི་མཐོ་ཚད་ནི་སྨི4.8ནས་6.1བར་དང་། ལྗིད་ཚད་ལ་སྤྱི་རྒྱ་1500ཡན་མན་ཡོད། མོ་ནི་ལྟོས་བཅས་ཀྱི་གཟུགས་པོའི་བོངས་ཚད་ཅུང་ཆུང་བ་ཡིན། ཤ་བ་སྐེ་རིང་གི་མགྱོགས་ཚད་དུས་ཚོད་རེར་སྟོང་སྨི་70སླེབས་ཐུབ། ཐང་རྒོད་སྟེང་དུ་འཚོ་གནས་བྱེད་སྐབས་ཀྱི་ཚེ་ཚད་ནི་ལོ་27ཙམ་ཡིན་རུང་། སྲོག་ཆགས་གླིང་གའི་ནང་དུ་ལོ་29ཙམ་འཚོ་ཐུབ། སྐྱེད་འཕེལ་དུས་འཁོར་ནི་གཏན་འཇགས་ཞིག་མིན་ལ་མངལ་སྦྲུམ་པའི་དུས་ཚོད་ནི་ཕལ་ཆེར་ཟླ14-15བར་ཡིན། ཐེངས་རེར་ལ་ཕྲུ་གུ་གཅིག་མ་གཏོགས་བཙའ་མི་ཐུབ་ལ། བཙས་མ་ཐག་པའི་ཕྲུ་གུའི་མཐོ་ཚད་ནི་སྨི་1.8ཙམ་ཡིན། བཙས་རྗེས་སྐར་མ་ཉི་ཤུ་ཡས་མས་ཙམ་གྱིས་ཡར་ལངས་ཐུབ་ལ། དུས་ཚོད་འགའ་འགོར་དུས་ཕར་རྒྱུག་ཚུར་རྒྱུག་བྱེད་ཐུབ་པ་རེད། ནར་སོན་པའི་ཤ་བ་སྐེ་རིང་ནི་ལུས་པོ་མཐོ་བ་མ་ཟད། མིག་རྒྱང་རིང་བ་དང་ཧ་ཅང་མགྱོགས། དགྲ་བོ་དང་ཉེན་ཁ་ལ་འཕྲད་དུས་། མགྱོགས་མྱུར་གྱིས་གཡོལ་ཐུབ་ལ། གལ་ཏེ་གཡོལ་མ་ཐུབ་ཀྱང་ཁོང་གི་རྨིག་པ་ཡིས་སྤྱིར་བཏང་གི་དགྲ་བོ་དང་འཐབ་པའི་ནུས་པ་ལྡན།

   ཤ་བ་སྐེ་རིང་གི་འཚོ་གནས་གཙོ་བོ་ནི་ཧྥེ་གླིང་གི་ཨེ་ཙི་ཨོ་ཕི་ཡ། སུའུ་ཏན། ཁེན་ནི་ཡ། ཐན་ཙན་ནི་ཡ་སོགས་ཧྥེ་གླིང་གི་ཚ་ཁུལ་དང་། ཚ་ཁུལ་ཕལ་བའི་རྩྭ་ཐང་ཡིན། འོན་ཀྱང་གནའ་རྫས་རྟོག་ཞིབ་པས་ཤ་བ་སྐེ་རིང་གི་ཐོག་མའི་འབྱུང་ཁུངས་ནི་ཡ་གླིང་ཡིན་པ་ར་སྤྲོད་བྱས་འདུག ཤ་བ་སྐེ་རིང་དགུང་མོར་དུས་ཚོད་གཉིས་ཙམ་མ་གཏོགས་ཉལ་མི་དགོས། གཉིད་ཚར་དུས་སྐར་མ་20ཙམ་གྱི་རིང་ས་ཐོག་ནས་གན་ཉལ་བྱེད་རྒྱུ་བྱུང་ན་བཟང་མོད། འོན་ཀྱང་ཁོ་རང་ཡར་ལངས་པར་ཕལ་ཆེར་སྐར་མ་གཅིག་ཙམ་དགོས་པས་དགྲ་བོས་འཇབ་རྒོལ་ལ་དོགས་ནས་རྒྱུན་པར་ལངས་ནས་གཉིད་ཁུག་གི་ཡོད།

   ཤ་བ་སྐེ་རིང་གི་ལུས་པོ་ཧ་ཅང་མཐོ་བས་ཁོ་ཡི་ཁྲག་གནོན་དེ་སྲོག་ཆགས་གཞན་ལས་མཐོ་དགོས་པ་དང། མཐོ་ཚད་ངེས་ཅན་ཞིག་ལ་སླེབས་ན་ད་གཟོད་སྙིང་གིས་ཁྲག་དེ་མགོ་ནང་དུ་མཁོ་འདོན་བྱེད་ཐུབ། ཁྲག་གནོན་ཕལ་ཆེར་མི་དར་མ་ཞིག་གི་ལྡབ་གསུམ་ཙམ་ཡིན། ཤ་བ་སྐེ་རིང་གི་རྐང་བ་ཧ་ཅང་རིང་བས། ཆུ་འཐུང་སྐབས་རྐང་ལག་སྐུམ་ནས་འཐུང་དགོས་པས་ཧ་ཅང་སྟབས་མི་བདེ་བ་དང་འཇབ་རྒོལ་བྱེད་པའི་ཉེན་ཁ་ཡང་ཆེ་བས། ཉེན་ཁ་ལ་འཛེམ་ཆེད་ཤ་བ་སྐེ་རིང་ལྷན་འདུས་ཀྱི་མཉམ་དུ་ཆུ་མི་འཐུང་བ་རེད།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1