ཁྲོན་བོད་གཞུང་ལམ་ཐོག་གི་རྒྱང་བཞུད་པ།

འཇིགས་མེད། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-25


   གནས་མཆོག་ལྷ་ས་ནི་སུམ་རྩེན་ལྷ་ཡི་ཡུལ་ཁམས་བསིལ་ལྡན་གངས་རིའི་ལྗོངས་སུ་འཕོས་པ་དང་གཉིས་སུ་མ་མཆིས་ལ། གནས་འདི་ནི་དྭངས་གཙང་སེམས་པ་བཅོལ་པའི་གཞིས་ཁྱིམ་ཡིན་ལ། ལྷིང་འཇགས་ཀྱི་ཞིང་ཁམས་ལ་རོལ་འདོད་པའི་སྐྱེས་བུ་ཚོའི་དགའ་བའི་སྐྱེད་ཚལ་ཡང་ཡིན།

   བོད་ཁུལ་གྱི་འགྲུམ་འགྲུལ་སོགས་སྟབས་ཇེ་བདེར་སོང་བ་དང་བསྟུན་ནས། མཐོ་སྒང་དུ་ཡུལ་སྐོར་ལྗོངས་རྒྱུ་ལ་ཡོང་བའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། དེའི་ནང་ནས་དམིགས་གསལ་གྱི་ཚན་ཁག་གཅིག་ཡོད་པ་ནི་རྒྱང་བཞུད་པའམ་རྐང་འཁོར་འགྲུལ་པ་ཅེས་འབོད་ཀྱིན་ཡོད་པ་རེད། ཁོ་ཚོ་མང་ཆེ་བ་ནི་སློབ་མ་དང་དགེ་རྒན། ཕྱི་རྒྱལ་བ་ཡིན་ལ། ཁོ་ཚོའི་ཁྲོད་དུ་ལོ་བཅུ་མ་སོན་པའི་བྱིས་པ་ཡོད་ལ། ལོ་དྲུག་ཅུ་བདུན་ཅུ་ལ་ལོན་པའི་རྒན་རབས་པ་ཡང་ཡོད། རྒྱང་བཞུད་བ་འདི་ཚོ་ནི་ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་ཕྱོགས་བཞི་མཚམས་བརྒྱད་ནས་མཐོ་སྒང་དུ་ཡོང་བ་ཡིན་རུང་། རྒྱལ་ལམ་318ཡི་ལམ་ཆེན་སྟེང་ནས་ཁོ་ཚོ་ལ་ཐུན་མོང་གི་རེ་སྙེགས་རེ་ཡོད་ལ། ཐུན་མོང་གི་སྐད་ངག་ཀྱང་ལྡན།

   ཁོ་ཚོ་མང་ཆེ་བ་ནི་ཁྲིན་ཏུའུ་ནས་ལམ་ལ་ཆས་པ་ཡིན། སྤྱིར་བཏང་ཁྲིན་ཏུའུ་ནས་ལྷ་ས་བར་ཕལ་ཆེར་ཉིན་26དགོས་པ་དང་། རྐང་འཁོར་བཞོན་ནས་ལྗོངས་རྒྱུར་འགྲོ་བར་ཆེས་བཟང་བའི་དུས་ཚིགས་ནི་དཔྱིད་ཀྱི་མཇུག་དང་སྟོན་ཀའི་མགོ་ཡིན། ལམ་བར་དུ་གནམ་གཤིས་དང་རང་བྱུང་གནོད་འཚེ་སོགས་དཀའ་ཁག་སྣ་ཚོགས་དང་འཕྲད་སྲིད་པས། ཆམ་པའི་སྨན་དང་གཉན་ཚད་གྱི་སྨན་སོགས་ཡོད་པའི་སྟབས་བདེའི་སྨན་བཅོས་སྒམ་ཆུང་རེ་ཡང་འཁྱེར་ཡོད་ལ་རང་གི་ལྕགས་རྟ་ཞིག་གསོ་བྱེད་པའི་ཡོ་བྱད་སོགས་ཀྱང་གྲ་སྒྲིག་བྱས་ཡོད་འདུག

   རྒྱང་བཞུད་པ་ཚོ་ནི་ཁྲིན་ཏུའུ་ནས་གཡག་རྔ། དཀར་མཛེས་ཁུལ་གྱི་དུང་དཀར་ལུང་བ་། དར་མདོ། རྒྱུ་ལ་ཁྲ་མོ། འཛམ་གླིང་གི་མཐོ་གྲོང་ལི་ཐང་། དེ་ནས་རིམ་བཞིན་དུ་ཆབ་མདོ་དང་ཀོང་པོ་ཉིང་ཁྲི་བརྒྱུད་ནས་ལྷ་ས་རུ་བསྐྱོད་པ་དང་། འགྲོ་སྟངས་གཞན་ཞིག་ཡོད་པ་ནི་ཁྲིན་ཏུའུ་ནས་ཏུའུ་ཅང་ཡན། སྐུ་ལྷ་རི་བོ། གསེར་རྔ། རོང་བྲག རྟའུ། སྡེ་དགེའི་འབྲི་ཆུ་ཟམ་ཆེན་བརྒྱུད་ནས་ཆབ་མདོ། ནག་ཆུ་ནས་རིམ་བཞིན་ལྷ་ས་རུ་བསྐྱོད་པ་རེད།

   རྒྱང་བཞུད་ཀྱི་ལམ་ནི་མི་སོ་སོས་རང་གི་མི་ཚེའི་རིན་ཐང་མངོན་པའི་བྱེད་སྟངས་ཤིག་ཡིན་ལ། རང་རང་གིས་ཚེ་སྲོག་ལ་སྦྱིན་པའི་ལེགས་སྐྱེས་གསར་བ་ཤིག་ཀྱང་ཡིན། རྒྱང་བཞུད་པ་ཚོས་དྭངས་གཙང་གི་སེམས་པ་ཕུགས་སུ་རུམ་སྟེ་བློ་རྩ་ཇེ་བརྟན་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་མི་ཡུལ་གྱི་དག་ཞིང་ཉི་མ་ལྷ་སའི་ཕྱོགས་སུ་སྐྱོད་བཞིན་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1