གློག་བརྙན་ནི་དེང་གི་དུས་འདིར་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་པས། རྒྱལ་ཁབ་དང་མི་རིགས་སོ་སོས་གློག་བརྙན་གྱི་ཐབས་ལམ་འདི་བརྒྱུད་ནས་རང་གི་རིག་གནས་དང་བསམ་པའི་འདུ་ཤེས་མཚོན་པའི་ལས་ལ་བྲེལ་བའི་སྒང་འདིར། བློ་གྲོས་ཀྱི་མིག་འོད་རྣོ་ཞིང་རང་རིགས་ལ་ཤ་ཞེན་ཆེ་བའི་སྔོན་ཐོན་པ་སྐོར་ཞིག་ནི་སྤོབས་པ་ཆེན་པོས་གློག་བརྙན་གྱི་ལས་ལ་ཞུགས་ནས། གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་སོགས་ཀྱི་འགན་བཞེས་ལ། རྒྱལ་ཁབ་དང་མི་རིགས་གཞན་པར་ངོ་གནོང་མི་དགོས་པའི་གྲུབ་འབྲས་འོས་འཚམ་རེ་བླངས་ཡོད། དེའི་ཁྲོད་དུ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་མ་ཚེ་བརྟན་ཡོད་ལ། གློག་བརྙན་གློག་སྟོན་པ་གྲགས་ཅན་སྟོབས་རྒྱལ་ཡང་ཡོད། ཡང་ད་སྐབས་ཤ་དར་ཁྲག་དར་གྱི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ཁྲོད་ནའང། གློག་བརྙན་ལ་སྤྲོ་བས་འཇུག་པའི་མི་སྣ་གང་མང་ཞིག་ཡོད་པས། ཁོ་ཚོ་ལ་ཐབས་ལམ་ཡག་པོ་ཞིག་དང་སྙིང་སྟོབས་བརྟན་པོ་ཞིག་བསྩལ་བའི་ཆེད་དུ། ང་ཚོས་གཤམ་ནས་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ་ལགས་ཀྱིས་གློག་བརྙན་འཁྲབ་སྟོན་བྱས་པའི་ལམ་བུ་ལ་ཕྱི་ལྟ་ཞིག་བྱ་རྒྱུ་ཡིན།
དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་ནང་ལ། སྟོབས་རྒྱལ་ནི་བོད་ལྗོངས་གཞིས་ཀ་རྩེ་ཡི་དུད་ཚང་ཕལ་བ་ཞིག་ནས་སྐྱེས། ཆུང་དུས་སུ་འཚོ་བར་དཀའ་སྡུག་ཆེ་བས། སྟོབས་རྒྱལ་ལ་དམག་ནང་དུ་ཞུགས་པའི་འདུན་མ་དྲག་པོ་ཞིག་ཡོད། འོན་ཀྱང་སྟོབས་རྒྱལ་ལ་མཚོན་ན། དམག་ནང་ལ་ཞུགས་ནས་མི་ཚེའི་དོན་སྙིང་གསར་སྐྲུན་བྱེད་པའི་ཕུགས་བསམ་ཆེན་པོ་ཞིག་ཡོད་པ་མ་ཡིན་པར། རང་གི་ཟས་གོས་ཀྱི་དཀའ་སྡུག་སེལ་བའི་དམིགས་ཡུལ་ཉག་གཅིག་པུའི་ཆེད་དུ་རེད། ཡིན་ནའང་སྐབས་དེར་ཁོང་གི་ལུས་ཀྱི་ཤ་རིད་ཅིང་གཟུགས་ཐུང་བས། ཐེངས་དུ་མའི་དམག་བསྡུའི་གོ་རིམ་ཁྲོད་ནས་སྟོབས་རྒྱལ་གྱི་ཕུགས་བསམ་ལེགས་འགྲུབ་མ་བྱུང་། འོན་ཀྱང་ཁོ་རང་ནི་གླུ་གར་གྱི་རྒྱ་མཚོ་རུ་བསྔགས་པའི་གངས་ཅན་མཐོ་སྒང་དུ་འཚར་ལོངས་བྱུང་བ་ཡིན་པས། སྟོབས་རྒྱལ་ཡང་གླུ་ལེན་གར་རྩེན་ལ་མཁས་པའི་བོད་རིགས་བུ་ཕྲུག་རྣམས་དང་འདྲ་བར། གླུ་དབྱངས་ཐན་ཐིག་རེ་དང་། ཞབས་བྲོ་ཙག་ཙིག་རེ་འཁྲབ་རྒྱུ་ལ་ཐོགས་པ་མེད་པས། ཆུང་བྱིས་པའི་དུས་ནས་བདེ་བླག་ངང་གཞོན་ནུའི་དྲིལ་བསྒྲགས་རུ་ཁག་ནང་ལ་ཞུགས་ཐུབ་སོང་།ཆུང་ངུའི་དུས་སུ་གཞོན་ནུའི་དྲིལ་བསྒྲགས་རུ་ཁག་ནང་ལ་ཞུགས་ནས་གླུ་གར་ལ་རྨང་གཞི་འོས་འཚམ་ཞིག་བཞག་པས་ཡིན་ནམ། ཡང་ན་སྔོན་བསགས་ཀྱི་ལས་དབང་གི་བཀོད་སྒྲིག་ཡིན་པ་ཆ་མ་འཚལ་ཡང་། གང་ལྟར་1976ལོ་ནི་སྟོབས་རྒྱལ་ལ་མཚོན་ན་མི་ཚེའི་གོ་རིམ་ནང་གི་ཆེས་དོན་སྙིང་ལྡན་པའི་ལོ་ཞིག་རེད། རྒྱུ་མཚན་ནི་ལོ་དེར་རང་ལོ་བཅོ་བརྒྱད་ལ་སོན་པའི་སྟོབས་རྒྱལ་གྱིས་བདེ་བླག་ངང་བོད་ལྗོངས་བཞད་གད་ཟློས་གར་ཚོགས་པའི་ནང་དུ་རྒྱུགས་འཕྲོད་པ་མ་ཟད། དེ་ལས་ཀྱང་དགའ་འོས་པ་ཞིག་ནི། ཡུན་རིང་མ་སོང་བར་ཧྲང་ཧའེ་ཟློས་གར་སློབ་ཆེན་གྱི་བོད་རིགས་འཁྲབ་སྟོན་འཛིན་གྲྭ་རུ་སློབ་གཉེར་བྱེད་པའི་སྐལ་བ་ལྡན་པར་གྱུར།
● 《མུའུ་ཚང་གི་འཁྲུག་ལོང་།》ཞེས་པའི་བརྙན་འཕྲིན་ཟློས་གར་ནང་གི་ས་གནས་དཔོན་པོ་མུའུ་ཝང་།
ལོ་ངོ་བཞི་ཡི་རིང་ལ། ཧྲང་ཧའེ་ཟློས་གར་སློབ་ཆེན་དུ་སྟོབས་རྒྱལ་གྱིས་སྐོམ་པས་ཆུ་དང་ལྟོགས་པས་ཟས་འདོད་པ་ལྟར། དགེ་རྒན་གང་མང་ལ་བསྟེན་ནས་ཉིན་མཚན་དབྱེར་མེད་ཀྱིས་རིག་གནས་ཤེས་བྱ་དང་ཟློས་གར་འཁྲབ་སྟོན་ལ་སྦྱོང་བ་གང་ལེགས་གནང་བས། གླུ་གར་ལ་དགའ་ཞེན་ཆེ་བ་ཙམ་ནས། ཟློས་གར་འཁྲབ་སྟོན་ལ་ངོས་ཟིན་ཟབ་མོ་བྱུང་ལ། ནང་སྒོས་སུ་ཟློས་གར་གྱི་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་མ་ཟད། ཉམས་མྱོང་གང་མང་བསགས་ནས་རིམ་བཞིན་ཟློས་གར་འཁྲབ་སྟོན་པ་ཚད་ལྡན་ཞིག་ལ་གྱུར་པ་རེད།1981ལོར་ཁོང་གིས་མཐར་ཕྱིན་འཁྲབ་གཞུང《ལུའོ་སྨི་ཨོའུ་དང་ཀྲུའུ་ལི་ཡ།》ཞེས་པའི་ཁྲོད་ནས། འཁྲབ་སྟོན་པ་གཙོ་བོའི་འགན་འཁུར་ནས་འཁྲབ་སྟོན་བྱས་པ་ལ། སྐབས་དེར་ཡུལ་དངོས་སུ་གཟིགས་མོར་ཕེབས་པའི་དབྱིན་ཇིའི་ཧྲ་ཧྲི་པི་ཡའི་ཟློས་གར་ཞིབ་འཇུག་ཁང་གི་ཆེད་མཁས་ཀྱིས་ཁོང་གི་འཁྲབ་སྟོན་སྒྱུ་རྩལ་ལ་གདེང་འཇོག་གང་ལེགས་གནང་བས། རྗེས་སུ་ཁོ་རང་ཟློས་གར་དང་གློག་བརྙན་འཁྲབ་སྟོན་གྱི་ལས་ལ་ཞུགས་པར་ཡིད་ཆེས་ཟབ་མོ་བྱུང་བ་རེད།
1988ལོར་སྟོབས་རྒྱལ་གྱིས་ཐེངས་དང་པོར་བཞད་གད་འཁྲབ་སྟོན་པ་ཞིག་ནས། གློག་བརྙན་འཁྲབ་སྟོན་པའི་ཕྱོགས་སུ་གོམ་ཁ་སྤོས་ཏེ། 《པོ་ཏ་ལའི་གསང་བ།》ཞེས་པའི་གློག་བརྙན་ཞིག་གི་ནང་དུ་འཁྲབ་སྟོན་པ་གཞོན་པའི་འགན་འཁུར་བ་རེད། རྐྱེན་དུ་མའི་དབང་གིས་གློག་བརྙན་དེ་ཕྱི་ལ་བསྟན་མ་ཐུབ་ཀྱང་། ལས་རིགས་མཐུན་པའི་ཆེད་ལས་པ་སྐོར་ཞིག་གིས་ཁོང་གི་འཁྲབ་སྟོན་སྒྱུ་རྩལ་ལ་གདེང་འཇོག་གང་ལེགས་ཐོབ་པ་དེས། རྗེས་ཕྱོགས་ཁོ་རང་མུ་མཐུད་དུ་གློག་བརྙན་འཁྲབ་སྟོན་ལ་ཞུགས་པར་རྨང་གཞི་བརྟན་པོ་བཞག་ཅིང་ལེགས་པའི་མཐུན་རྐྱེན་དུ་གྱུར་པ་ལས། ཡིད་ཕངས་པའི་གནས་སུ་མ་ལྷུང་། འདི་ལྟར་ཡིད་མ་ཕམ་པ་དང་དཔའ་མ་ཞུམ་པར་མུ་མཐུད་དུ་གློག་བརྙན་འཁྲབ་སྟོན་ལ་ཞུགས་པའི་འབྲས་རྟགས་སུ། 1995ལོར《གངས་ཉིལ།》ཞེས་པའི་བརྙན་འཕྲིན་ཟློས་གར་ཞིག་གི་ནང་དུ། བོད་ཀྱི་ས་གནས་དཔོན་ཞིག་གི་སྣང་བརྙན་འཁྲབ་སྟོན་བྱས་པ་དེས། སྐབས་བཅོ་ལྔ་པའི་ཀྲུང་གོའི་བརྙན་འཕྲིན་ཟློས་གར་གྱི་ཧྥེ་ཐན་རྟགས་མའི་འཁྲབ་སྟོན་པ་གཞོན་པའི་བྱ་དགའ་ཐོབ་ཅིང་། ནང་སྒོས་སུ་1997ལོར《གྲོག་རོང་དམར་པོ།》ཞེས་པའི་ནང་དུ། ཡང་བསྐྱར་བོད་རིགས་ས་གནས་ཀྱི་དཔོན་པོའི་སྣང་བརྙན་འཁྲབ་སྟོན་བྱས་པ་ལ། སྐབས་བཅུ་བདུན་པའི་ཀྲུང་གོའི་གློག་བརྙན་གྱི་གསེར་བྱའི་རྟགས་མའི་ཆེས་ལེགས་པའི་འཁྲབ་སྟོན་པ་གཞོན་པའི་བྱ་དགའ་ཐོབ་པ་རེད། ཁྱད་པར་དུ་2002ལོར་བརྙན་འཕྲིན་ཟློས་གར《འདབ་མ་བརྒྱད་ལྡན་གྱི་སྐལ་བཟང་མེ་ཏོག》ཅེས་པའི་ནང་དུ། རྒྱལ་ནང་ལ་ཕྱིར་ལོག་པའི་བོད་རིགས་སྤུན་ཟླ་བློ་བཟང་བསྟན་འཛིན་གྱི་སྣང་བརྙན་གསར་བཞེངས་བྱས་ནས། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གློག་བརྙན་བརྙན་འཕྲིན་སྐོར་གྱི་རྟ་མཆོག་བྱ་དགའ་ལས། སྐྱེས་པའི་འཁྲབ་སྟོན་པ་གཙོ་བོའི་བྱ་དགའ་ཐོབ་ནས། རིམ་བཞིན་ཁོང་གི་སྙན་གྲགས་རྒྱས་པ་མ་ཟད། རྗེས་ཕྱོགས་མུ་མཐུད་དུ་རྒྱ་ཆེའི་ལྟད་མོ་བའི་མིག་གི་དགའ་སྟོན་དང་བསམ་པའི་ལོངས་སྤྱོད་དུ་གྱུར་པའི་གློག་བརྙན་གང་མང་འཁྲབ་སྟོན་བྱས་ནས། ཁ་བ་རི་བོའི་འདས་སོང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ། མ་འོངས་པའི་འཕེལ་ཕྱོགས་སོགས་ནི་གློག་བརྙན་སྒྱུ་རྩལ་གྱི་ལམ་ནས་སྒྲོག་འགྲེལ་བྱས་པའི་ལམ་བུ་ཁོད་སྙོམས་པོ་ཞིག་རྙེད་པ་རེད།
གལ་སྲིད་གོང་ནས་གླེང་བའི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་འདི་རིགས་ནི། སྟོབས་རྒྱལ་གྱི་མི་ཚེའི་གོ་རིམ་ནང་གི་འཁྲབ་སྟོན་སྒྱུ་རྩལ་ལ་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པའི་དབང་དུ་བཏང་ན། གློག་བརྙན《ཨ་ཆེན་གངས་རྒྱབ།》ནི་ཁོང་གི་འཚོལ་ཞིབ་ལ་ངེས་པ་དོན་གྱིས་གྲུབ་འབྲས་ཐོབ་པའི་གློག་བརྙན་ཞིག་རེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་གླེང་ཆོག རྒྱུ་མཚན་ནི་གློག་བརྙན་འདིའི་ནང་དུ། ཁོང་གིས་མི་སྣ་གཙོ་བོ་རུ་ཐར་གྱི་བསླུ་བ་མེད་པའི་བརྩེ་སེམས་དང་ཞུམ་པ་མེད་པའི་སྙིང་སྟོབས་སོགས་ནི་ཇི་མ་ཇི་བཞིན་དུ་འཁྲབ་སྟོན་བྱས་ཤིང་། ནང་སྒོས་སུ་རུ་ཐར་གྱི་གཟབ་ནན་དང་ཆགས་སྡང་གི་རྣམ་འགྱུར་རེ་རེ་ནི། འབུར་ཚུགས་སུ་མངོན་པའི་མིག་ཟུང་དང་ཤུགས་ཆེ་བའི་ཚིག་གི་འགྲོས་ལ་བརྟེན་ནས་ཆུ་ལ་ཆུ་བཞག་གི་ཚུལ་དུ་གསོན་ཉམས་ལྡན་པའི་སྒོ་ནས་གསར་བཞེངས་བྱས་པས། 2004ལོར་རྒྱལ་ནང་གི་ལྟད་མོ་བ་རྣམས་ཀྱིས་ཞང་ཀང་གི་གློག་བརྙན་ཉེན་རྟོག་པའི་གཏམ་རྒྱུད་གསར་པ་དང་ཨ་རིའི་གློག་བརྙན་ཧོའུ་ཐེན་སོགས་ལ་རེ་སྒུག་བྱེད་པའི་ཚེ་ན། གློག་བརྙན《ཨ་ཆེན་གངས་རྒྱབ།》ནི་མདོ་དབུས་མཐོ་སྒང་ནས་རྒྱུག་ཡོང་བའི་ཅང་ཤེས་རྟ་ཕོ་ཞིག་དང་འདྲ་བར། གློག་བརྙན་གྱི་ཐང་ཆེན་ནས་སྒྱུ་རྩལ་གྱི་བང་ཁ་འགྲན་དུས། ལྟད་མོ་བ་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་པ་རེད། དེ་ལ་བརྟེན་ནས་སྟོབས་རྒྱལ་ལ་སྐབས་བཞི་བཅུ་ཞེ་གཅིག་པའི་ཀྲུང་གོའི་ཐའེ་ཝན་གྱི་གློག་བརྙན་སྐོར་གྱི་བྱ་དགའ་ཆེན་མོ་སྟེ། གསེར་རྟ་རྟགས་མའི་མིང་འདོན་བྱ་དགའ་ཐོབ་སོང་།
གཞན་ཡང་བརྙན་འཕྲིན་ཟློས་གར《བོད་ཀྱི་དུས་འགྱུར།》དང་《དགེ་སྟག་སྤྲུལ་སྐུ།》སོགས་ཀྱི་ནང་དུ་སྟོབས་རྒྱལ་གྱིས་འཁྲབ་སྟོན་པ་གཙོ་བོའི་འགན་བཞེས་ནས། ལྟད་མོ་བ་རྣམས་ལ་བག་ཆགས་ཟབ་མོ་བཞག་པའི་མི་སྣ་རེ་རེ་གསར་བཞེངས་བྱས་པས། ད་སྐབས་སྟོབས་རྒྱལ་གླེང་བའི་ཚེ་ན། ང་ཚོས་རང་གི་གཉེན་ཉེ་གང་རུང་ཞིག་གླེང་བ་ལྟར་ཀུན་ལ་སྙིང་ཉེ་ཞིང་འདྲིས་ཆེ་བའི་འཁྲབ་སྟོན་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་འདི་ལྟ་བུའི་གྲུབ་འབྲས་ཤིག་ཐོབ་པ་ནི། ཆར་རྗེས་ཀྱི་ཤ་མོ་ལྟར་གློ་བུར་དུ་བྱུང་བ་ཞིག་གཏན་ནས་མ་ཡིན་པར། དེ་ནི་ཕུགས་བསམ་བརྟན་པོ་ཞིག་ཡིད་ལ་བཅངས་ནས། བདེན་པ་བདེན་ཐུབ་ཀྱིས་སྒྱུ་རྩལ་འཁྲབ་སྟོན་ལ་དུས་ཡུན་རིང་པོའི་ནང་དུ་དཀའ་སྤྱད་འབད་བརྩོན་བྱས་པའི་གྲུབ་འབྲས་རེད། དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི། གྲུབ་འབྲས་འདི་དག་གི་མདུན་ནས། སྟོབས་རྒྱལ་གྱིས་ཁེངས་པའི་ཉམས་མ་བསྟན་ཞིང་། དྲེགས་པའི་ཚིག་མ་བཤད་པར། ཉམས་ཆུང་ཚུལ་ལྡན་གྱིས་མི་རྣལ་མ་ཞིག་བྱས་ནས། མུ་མཐུད་དུ་སྒྱུ་རྩལ་འཁྲབ་སྟོན་གྱི་ལས་ལ་དང་བས་འཇུག་པས། རྗེས་ཕྱོགས་ཁོང་གི་གློག་བརྙན་འཁྲབ་སྟོན་གྱི་ལམ་བུ་སྔར་བས་ཁོད་ཡངས་ཤིང་རྒྱ་ཆེ་བ་དང་། ཀུན་གྱིས་དགའ་བསུ་ཐོབ་པའི་མི་སྣ་གང་མང་གསར་བཞེངས་བྱེད་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།།