༄༅།།མདོ་སྨད་གཅན་ཚའི་ཡུལ་གྱི་རྨ་ལུང་རྡོ་རྗེ་བྲག་རའི་ལོ་རྒྱུས་རྟོག་ཞིབ་ཟིན་བཀོད།

བཀྲ་གོ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-25


བཀྲ་གོ་ཡིས་བྲིས་ཤིང་པར་བླངས།
        གཅན་ཚ་ནི་བོད་མི་བུ་རུས་དྲུག་ལས་སྨུག་པོ་ལྡོང་གི་རིགས་ལ་མདོ་སྨད་ཤུལ་ཆེན་བཅོ་བརྒྱད་དང་ཚ་ཆེན་བཅོ་བརྒྱད་སོགས་སུ་དབྱེ་བ་ལས་ཚ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང་། སའི་ཆགས་དབྱིབས་ཀྱི་དབང་དུ་བྱས་ན་སྲིན་པོ་རིའི་ཉིན་སྲིབ་དང་རྨ་ཆུའི་ཉིན་སྲིབ་ཀྱི་སྤྱི་མིང་ལ་བྱ། ལོ་རྒྱུས་ཐོག་ཏུ་གཅན་ཚ་ཉིན་སྲིབ་གཉིས་སུ་གྲགས་ཤིང་། ཤར་ན་རྡོ་སྦིས་གསེར་མོ་ལྗོངས་དང་། ལྷོ་ན་རེབ་གོང་གསེར་མོ་ལྗོངས། ནུབ་ན་ཁྲི་ཀ་གསེར་མོ་ལྗོངས། བྱང་ན་ཙོང་ཁའི་གསེར་མོ་ལྗོངས། དབུས་ན་གཅན་ཚ་གསེར་མོ་ལྗོངས་ཆགས་ཡོད་ཅིང་། དེང་གི་ཆར་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་ཕྱོགས་སུ་ཡོད་ལ། སྲིད་འཛིན་གྱི་ལྟེ་བ་ནི་མར་ཁུ་ཐང་གྲོང་བརྡལ་དུ་ཆགས་ཡོད་པ་རེད། དེ་ལྟར་གཅན་ཚ་རྫོང་མཁར་ནས་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ་བཞི་ཙམ་ཡོད་པའི་སར་བསྐྱོད་ཚེ། ལོ་རྡོ་རྗེ་བྲག་ཅེས་པའི་གནས་འགངས་ཆེན་དེ་བརྗིད་ཆགས་ཤིང་ལྟ་ན་སྡུག་པར་གནས། དེ་ལ་བྲག་ཕུག་ཤིན་ཏུ་མང་པོ་ཡོད་པས་ཏུན་ཧོང་བྲག་ཕུག་ཆུང་བ་དང་གནས་བརྟན་ཆེན་པོ་བཅུ་དྲུག་གི་གྲངས་ཚང་བས་རྣམ་དག་ཚུལ་ཁྲིམས་གླིང་ཞེས་འབོད་ཚུལ་ཡང་ཡོད་པ་རེད། རྨ་ཀླུང་སྔོན་མོ་ནོར་བུ་དགའ་འཁྱིལ་གྱི་ཚུལ་དུ་འབབ་པའི་འགྲམ་རྒྱུད། མགུར་དགོན་པའམ་རྨ་མགུར་རྣམ་རྒྱལ་གླིང་གི་རྒྱབ་ངོས། སྲིན་པོ་རྫ་རྒྱུད་ཀྱི་འདབས་ཞོལ། འཁྱམ་ཚང་སྐྱེས་ལྷའི་མདུན་ལྗོངས་སུ་གཙུག་ལག་ཁང་ཆེན་པོ་ཞིག་གི་དབྱིབས་དང་འདྲ་བར་ཆགས་ཡོད།

སྒོམ་ཆེན་ལྷ་ཁང་།

        བོད་ཡིག་གི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཀྱི་ནང་དུ་འཁོད་པ་ལྟར་ན། བོད་དུ་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་པའི་དུས་སུ་དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ནས། གཡོར་སྟོད་ཀྱི་དམར་པཎ་ཤཱཀྱ་མུ་ནི། དྲད་ཆུང་མདོའི་གཡོ་དགེ་འབྱུང་། རྒྱ་རབ་པའི་གཙང་རབ་གསལ་གསུམ་གྱིས་འདུལ་བ་དྲེའུ་ཁལ་ཞིག་བཀལ་ཏེ་མངའ་རིས་སྟོད་དུ་བྲོས། གར་ལོག་ནས་ལམ་ཐོན། ཧོར་ཡུལ་ལ་བྱས། མདོ་སྨད་ལྷོ་ངོས་ཀྱི་བེ་རིའི་ཚ་མཚོ་ནས་ཚུར་བྱོན་ཏེ་རྨ་ལུང་རྡོ་རྗེ་བྲག་ར། ཨན་ཆུང་གནམ་རྫོང་། དན་ཏིག་ཤེལ་གྱི་ཡང་དགོན་སོགས་ན་སྒོམ་ཞིང་ཡོད་པ་ཞེས་གྲགས་པ་ལྟར་བོད་ཡོངས་གཅིག་གྱུར་ལ་དབང་བསྒྱུར་བའི་བཙན་པོའི་བོད་རྒྱལ་མཐའ་མ་ལྷ་སྲས་དར་མ་འུ་དུམ་བཙན་གྱིས་ཆོས་བསྣུབས་པས། དབུས་གཙང་ཆུ་བོ་རི་ནས་མདོ་སྨད་མཚོ་སྔོན་ཡུལ་དུ་བྲོས་བྱོལ་ལ་ཡོང་པའི་བོད་ཀྱི་མཁས་པ་མི་གསུམ་དང་། རྒྱལ་པོ་གླང་དར་མ་འུ་དུམ་བཙན་བཀྲོངས་མཁན་ལྷ་ལུང་དཔལ་རྡོར་ཡང་བྲོས་བྱོལ་ལ་གནས་འདིར་ཡོང་ཞིང་རྒྱལ་པོ་བཀྲོངས་བྱེད་ཀྱི་ལྕགས་ཀྱི་མདའ་གཞུ་སྒྲུབ་ཁང་མདུན་གྱི་འབུམ་ཁང་གླས་ཞེས་པར་གཏེར་དུ་བཅུག་ནས་རྡོ་སྤུངས་མཛད། སྦས་པའི་སྒོ་ནས་བྲག་ཕུག་ནང་དུ་སྒྲུབ་པ་ཉམས་ལེན་མཛད་པའི་རྐྱེན་གྱིས། གནས་འདི་ནི་སངས་རྒྱས་བསྟན་པའི་རྗེས་འཇུག་གི་རྗེས་རབས་པ་རྣམས་ཀྱིས་གནས་འགངས་ཆེན་ཞིག་ཏུ་བརྩི་བ་མ་ཟད། “ཕྱི་དར་བསྟན་པའི་མེ་རོ་གསོ་སའི་གནས་མཆོག”ཅེས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྐད་གྲགས་ཧ་ཅང་ཆེན་པོ་ཡོད།

འདུ་ཁང་ཆེན་མོ།

        ཆེན་པོ་ཡོན་རྒྱལ་རབས་ཀྱི་སྐབས་སུ། བྱང་ཕྱོགས་སོག་རྒྱལ་གོ་དན་གྱིས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ལེང་ཀྲའུ་ཡུལ་དུ་གདན་དྲངས་པའི་ལམ་བར་དུ་གནས་འདིར་ཞབས་ཀྱིས་བཅགས་ནས་འབུམ་ཁང་ཞིག་བཞེངས་མྱོང་ལ། དེའི་ནང་རྟེན་དུ་སངས་རྒྱས་གླང་པོའི་སྐུ་གདུང་རིང་བསྲེལ་ཕོར་བ་གང་བཞུགས་ཀྱི་འབུམ་ཁང་མཆོད་རྟེན་བཞེངས་པ་དེང་སང་ཡང་མཇལ་དུ་ཡོད་ཅིང་གླས་འབུམ་ཁང་འཇའ་འོད་མའི་རྟེན་གཙོར་བྱས་ཡོད། གཞན་ཡང་གནས་འདིར་སྤྲེལ་ནག་པ་སྒོམ་ཆེན་འཕྲིན་ལས་ཕུན་ཚོགས། རྒྱལ་བ་བསོད་ནམས་རྒྱ་མཚོའི་ཡོངས་འཛིན་པཎ་ཆེན་བསོད་གྲགས་ཀྱི་སྐུ་སྐྱེ་ཕྱི་མ་སྤྲུལ་སྐུ་བསོད་ནམས་ཡེ་ཤེས། སྐྱིད་ཤོད་སྡེ་བ་བློ་བཟང་རྒྱ་མཚོ། ལ་མོ་ཞབས་དྲུང་དཀར་པོའམ་ཚ་ཀན་ནོ་མོ་ཧན་སྐུ་ཕྲེང་རིམ་བྱོན། གསེར་ཁྲི་སྐུ་ཕྲེང་རིམ་བྱོན། གྲུབ་ཆེན་ལོ་ཁོག་ཐོག་འཛིན་དང་གྲུབ་པའི་དབང་ཕྱུག་ཆོས་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ། ཡབ་རྗེ་སྐལ་ལྡན་པའི་དངོས་སློབ་རོང་བོ་ནི་གུ་གྲུབ་ཆེན་བློ་བཟང་དོན་གྲུབ་དང་རྔ་བ་ཆོས་རྗེ་བཀྲ་ཤིས། ཐར་ཤུལ་ཚང་། རྗེ་ཞྭ་དམར་བ། ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་། ཡང་ཆུང་ཚང་། ཀོའུ་བ་ཚང་སོགས་དང་། སངས་རྒྱས་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་བོ། རེབ་གོང་སྐུ་ཞབས་ཆེན་མོ། རྗེ་བཙུན་ཤེས་རབ་རྒྱ་མཚོ་སོགས་བླ་སྤྲུལ་དགེ་བཤེས་ཆེ་ཁག་གང་མང་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་རྣམ་ཐར་ཡང་ཡོད།

ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་བཀྲོངས་བྱེད་ཀྱི་ལྕགས་ཀྱི་མདའ་གཞུ་སྦས་ས་དང་འབུམ་ཁང་འཇའ་འོད་མ།

        ཏུང་ཧོང་བྲག་ཕུག་ཆུང་བ་རུ་འབོད་པའི་ལོ་རྡོ་རྗེ་བྲག་འདིར་སྐུ་གསུང་ཐུགས་རྟེན་བཞེངས་པའི་བྲག་ཕུག་བཅུ་གཉིས་ཡོད་པ་རེ་རེ་བཞིན་ངོ་སྤྲོད་ཅུང་ཙམ་བྱས་ན།
1. འབུམ་ཁང་འཇའ་འོད་མ།
        འབུམ་ཁང་འཇའ་འོད་མ་འདི་ནི་རྒྱལ་པོ་གླང་དར་མས་རྒྱལ་ཁབ་ཀྱི་གནས་སྟངས་ལ་བཅོས་བསྒྱུར་བྱས། རབ་བྱུང་རྣམས་འཚོ་བ་བླ་ནས་སྦྱོར་བའི་ལམ་ལུགས་མེད་པར་བཟོས་ཏེ། རང་སྟོབས་རང་སྤེལ་བྱེད་དགོས་པ་བྱུང་མཐར། སྤྱི་ལོ་841ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོར་ལྐོག་མདའ་འཕངས་ནས་བཀྲོངས་རྗེས་མདོ་སྨད་གཅན་ཚ་རྨ་ལུང་རྡོ་རྗེ་བྲག་རར་བྲོས་འོངས་ཏེ་ལྕགས་མདའ་ལྕགས་གཞུ་གནས་འདིར་སྦས་ཤིང་། དེར་ཕྱིས་སུ་ས་སྐྱ་པཎྜི་ཏས་སངས་རྒྱས་གླང་པོའི་སྐུ་གདུང་རིང་བསྲེལ་ཕོར་བ་གང་ནང་བཞུགས་ཀྱི་འབུམ་ཁང་མཆོད་རྟེན་ཞིག་བཞེངས་པར་བཤད། དེའི་རྗེས་སུ་མི་རྣམས་ཀྱིས་དོན་དངོས་སུ་ལྕགས་མདའ་ལྕགས་གཞུ་ཡོད་མེད་ལ་ལྟ་དགོས་སྙམ་ནས་ས་རྡོ་སློག་སྐབས་འབུམ་ཁང་ལས་འཇའ་འོད་མངོན་སུམ་དུ་ཤར་བས་འབུམ་ཁང་འཇའ་འོད་མར་གྲགས་ཤིང་། འདིའི་ནང་དུ་འབུམ་ཁང་རིགས་མི་འདྲ་བ་སུམ་ཅུ་ལྷག་བཞུགས། ད་ལྟ་སྔོན་གྱི་འབུམ་ཁང་རྙིང་བ་དེ་བཟོ་བཅོས་མ་བྱས་པར་རྨང་དུ་བཞག་སྟེ། ཕྱིའི་ཞིག་གསོ་ལེགས་པོར་བཏང་པས་ཧ་ཅང་ཡིད་དུ་འོང་པ་ཞིག་འདུག
2. སྒོམ་ཆེན་ལྷ་ཁང་།
        ལྷ་ཁང་འདིར་ཀུན་དགའ་ར་བ་གོང་འོག་བར་གསུམ་དུ་ཡོད་ལ། འོག་མའི་ནང་དུ་མཁས་པ་མི་གསུམ་དང་། བླ་ཆེན་དགོངས་པ་རབ་གསལ། མཁན་ཆེན་ཞི་བ་འཚོ་བཅས་བཞུགས་ཤིང་། བར་མའི་ནང་དུ་སྟོན་པ་གཙོ་འཁོར་གསུམ་དང་ཇོ་འབྲོམ་ཡབ་སྲས་གསུམ། རྗེ་ཡབ་སྲས་གསུམ་གྱི་སྐུ་བཞུགས་ཡོད། གོང་མའི་ནང་དུ་ལྷ་ཁང་སྒོ་འགྲམ་གྱི་ས་འོག་ནས་རྙེད་པའི་གཏེར་སྒམ་ཞིག་ཡོད་པ་དེའི་ནང་དུ་ཡུམ་དུམ་པ་བཅུ་གཉིས་དང་ཏིང་འཕགས་བསྐལ་གསུམ་སོགས་བཞུགས་ཡོད།
3. བྱམས་པ་ལྷ་ཁང་།
        རྒྱལ་བ་བྱམས་པ་གཙོ་སྐུ་ཆེ་ཚད་ལ་ཁྲི་ཙི་བཅོ་ལྔ་ལྷག་ཡོད་པ་དང་། མཐའ་འཁོར་དུ་ཉེ་སྲས་བརྒྱད་པོ་ཡོད་པ། ཡབ་རྗེ་གསེར་ཁང་བས་དངོས་སུ་ཕྱག་བཟོ་བྱས་ཤིང་། མཚལ་བྲིས་ལ་ཚོན་རིས་འབུལ་དུ་མ་བཅུག་པ་ཡིན་ཟེར།
4. རྒྱལ་བ་རྡོ་རྗེ་འཆང་གི་ལྷ་ཁང་།
        རྒྱལ་བ་རྡོ་རྗེ་འཆང་གི་འབག་སྐུ་དང་། ལོགས་རིས་ལ་ཇོ་བོ་རྗེ་དང་རྗེ་རིན་པོ་ཆེ། རིགས་གསུམ་མགོན་པོ། སྟོན་པ་གཙོ་འཁོར་གསུམ། སེང་གེ་སྒྲ། ལོ་གྱོན་མ། ཛམ་དཀར་སོགས་བཞུགས། ལྷ་ཁང་འདི་ནི་ཞྭ་དམར་རིན་པོ་ཆེའི་བླ་བྲང་གི་ལོགས་སུ་ཡོད་པས་ཞྭ་དམར་ལྷ་ཁང་ཡང་ཟེར།
5. རིགས་གསུམ་མགོན་པོའི་ལྷ་ཁང་།
        སྤྱན་རས་གཟིགས་གཙོ་སྐུ་ཡིན་པའི་འཇམ་དབྱངས་དང་གསང་བདག ལོགས་རིས་ལ་འཇིགས་བྱེད་དཔའ་གཅིག་དང་དུས་འཁོར། བདེ་མཆོག གསང་འདུས། འཇམ་དབྱངས། ཚེ་དཔག་མེད། སྒྲོལ་མ་དཀར་ལྗང་གཉིས། རྒྱལ་དབང་ལྔ་པ། མཱ་རི་ཙྱེེ། རྗེ་རིན་པོ་ཆེ་སོགས་བཞུགས།
6. སྒྲོལ་མའི་ལྷ་ཁང་།

        སྒྲོལ་མའི་འབག་སྐུ་ཆེ་ཚད། ལོགས་རིས་ལ་སྒྲོལ་མ་ཉེར་གཅིག་དང་གདུགས་དཀར་མོ་ཅན། འོད་དཔག་མེད། དཔལ་ལྡན་ལྷ་མོ་སོགས་བཞུགས།

རྒྱལ་རྡོ་རྗེ་འཆང་།

7. ཨོ་རྒྱན་ལྷ་ཁང་།
        འདིར་སློབ་དཔོན་པདྨ་འབྱུང་གནས་གཙོ་སྐུ་ཡིན་པའི་མཁན་སློབ་ཆོས་གསུམ་དང་། ལོགས་རིས་ལ་རྗེ་འབངས་ཉེར་ལྔ། འཕགས་བོད་པཎ་གྲུབ་བཞི། རྒྱ་གར་རིག་འཛིན་བཞི། གུ་རུ་མཚན་བརྒྱད་སོགས་བཞུགས།
8. མི་ལའི་ལྷ་ཁང་།
        རྗེ་བཙུན་མི་ལའི་འབག་སྐུ་ཉམས་ཅན། ལོགས་རིས་ལ་མི་ལའི་རྣམ་ཐར་ཡིད་དུ་འོང་བ་བཞུགས།
9. སྨན་བླའི་ལྷ་ཁང་།
        སྨན་བླའི་འབག་སྐུ་དང་། སྟོན་པའི་གཙོ་སྐུ་བྱས་པའི་ལོགས་རིས་ལ་སྨན་བླ་བདེ་གཤེགས་བརྒྱད་བཞུགས།
10. མི་འཁྲུགས་པའི་ལྷ་ཁང་།
        རྒྱལ་བ་མི་འཁྲུགས་པ་གཙོ་སྐུ་ཡིན་པའི་གཡས་གཡོན་དུ་ཛམ་སེར་དང་དབྱངས་ཅན་མ། ལོགས་རིས་ལ་གནས་བརྟན་བཅུ་དྲུག་བྱོན་གཙང་བཅས་བཞུགས།
11. ཚེ་དཔག་མེད་ཀྱི་ལྷ་ཁང་།
        ཚེ་དཔག་མེད་དང་ཀུན་རིག་གི་འབག་སྐུ། ཆོས་རྒྱལ་བཅས་བཞུགས། ལོགས་རིས་ལ་ལྟུང་གཤགས་ཀྱི་ལྷ་སོ་ལྔ་བཞུགས།

12. འདུ་ཁང་ཆེན་མོ། (མདོག་དབུང་།)

        འདུ་ཁང་གྱན་བདུན་པ་ཀ་རིང་གཉིས་ཀྱི་མགོ་ན་རྒྱང་མཐོངས་གསལ་ཤིང་ཚོན་རིས་དང་ལྡན་པ། ནང་རྟེན་ལ་གཙོ་སྐུ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། རྒྱལ་སྲས་སེམས་དཔའ་ཆེན་པོ་སྐུ་ཞབས་ཚང་གིས་བཞག་པ། གཡས་སུ་བྱམས་སྐུ་ལི་མ་འགངས་ཆེན། གཡོན་དུ་ཇོ་སྐུ་ཡོ་བོ་ཆེ་སྡེ་བའི་བཀྲ་ཤིས་ཚེ་བརྟན་ཟེར་བས་བཞེངས་པ་ཨ་ལགས་ཡང་ཆུང་ཚང་དང་། སྐུ་ཞབས་རྨོག་དཔོན་སློབ་ཚང་གི་གསེར་ཁྲི་གཉིས་གདོང་གྲལ་དུ་མར་འཁོར་ནས་མཉམ་གཤིབས་སུ་ཡོད་པ། གྲལ་དབུའི་རྒྱབ་ལོགས་སུ་སྟོན་པའི་སྐུ་ལོགས་རིས་བྱོན་གཙང་། འདུ་ཁང་གི་སྟེང་འོག་ཀུན་ཏུ་གྱན་རེར་ལོགས་རིས་བྱོན་ལེགས། གཡོན་གྲལ་གྱི་དབུར་གུར་ནང་བཞུགས་དང་། ཕྱིར་བཙན་མགོན་གྱི་འབག་ཆེ་ཚད་སྙན་ཤལ་གོས་ཀྱིས་གཡོགས་པ། འདུ་ཁང་གི་ཁྱམས་སུ་རྒྱལ་ཆེན་བཞི་ལོགས་བྲིས། གཡས་སུ་ལྷ་སའི་ཆགས་རིམ། གཡོན་དུ་ཨ་མྱེས་རྨ་རྒྱལ་གཙོ་སྐུ་བྱས་པའི་འཁོར་དུ། རྨ་བཙུན་དང་། དྲེ་ཅན། ཆ་ཚང་། ལི་ཐོ། རེས་བོ། བདེ་སྐྱེད། འཁོར་ལོ་སོགས་གྲོང་བརྒྱད་ཀྱི་ནང་གསེས་གླས་གསུམ་གྲོང་ངམ་ཤོག་ཁའི་གཞི་བདག་རྣམས་ཀྱིས་བསྐོར་བའི་ལོགས་བྲིས་སོགས་བཞུགས་ཡོད།

ཨོ་རྒྱནལྷ་ཁང་།

        གཞན་ཡང་གནས་འདིར་ས་སྐྱ་པཎྜི་ཏས་སངས་རྒྱས་གླང་པོའི་སྐུ་གདུང་རིང་བསྲེལ་ཕོར་བ་གང་བཞུགས་ཀྱི་འབུམ་ཁང་མཆོད་རྟེན་ཞིག་བཞེངས་པ་དང་། སྣང་རའི་གྲོང་བརྒྱད་ཡུལ་དུ་བྱོན་པའི་ཁྲོ་བོ་བཅུའི་ནང་གསེས་གྲུབ་ཆེན་ལོ་ཁོག་ཐོག་འཛིན་གྱིས་རྡོ་རྗེ་བྲག་སྐེད་དུ་སྐས་བཙུགས་ཏེ་སྒོམ་སྒྲུབ་མཛད་པའི་རྗེས་ཤུལ་གྱི་རི་མོ་མངོན་པར་བཀྲ་བའི་སྒྲུབ་ཁང་ལ་ད་ལྟ་ལོ་ཁོག་སྒྲུབ་ཁང་ཞེས་སྐད་གྲགས་ཡོད་པ་དང་། ལྕང་སྐྱ་སྐུ་ཕྲེང་དང་པོར་གྲགས་པའི་སློབ་མ་སྤྲེལ་ནག་པ་སྒོམ་ཆེན་འཕྲིན་ལས་ཕུན་ཚོགས་ཀྱིས་བྲག་ཕུག་ཅིག་བརྐོས་ཏེ་ནང་རྟེན་དུ་སྟོན་པའི་སྐུ་ཞིག་བཞེངས་ནས་རང་ཉིད་གནས་དེར་མི་ལོ་ཉི་ཤུ་བར་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བ། རྔ་བ་ཆོས་སྐྱོང་སྨན་བླ་བཀྲ་ཤིས་ཀྱིས་ཀྱང་གཙུག་ལག་ཁང་དུ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ། ཕྱིས་སུ་ཆིང་གོང་མའི་དམག་གིས་གཏོར་བ་རྗེ་གསེར་ཁང་བས་ཞིག་གསོ་བརྒྱབ་པ་འདི་དག་ནི་སྤྱི་ལོ1958ལོར་གཏོར་བཤིག་ཚབས་ཆེན་ཐེབས་པ་རེད། དམ་པ་འདི་དག་གིས་གསར་དུ་བཏོད་པའི་བཞེངས་ཤུལ་ལ་བརྟེན་ནས་སྤྱི་ལོ1981ལོ་ནས་བཟུང་སྟེ། ཞྭ་ཁྲའི་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་དང་། ལོ་ཁོག་ཨ་ལགས་བསྟན་འཛིན། ཡོ་ཆེ་ཨ་ལགས་མཁྱེན་རྒྱ། གླས་ཆེན་ཨ་ཁུ་དགེ་ལགས་སོགས་ཀྱི་གཙོ་བཀོད་ལྟར་སྣང་རའི་གྲོང་བརྒྱད་ཀྱི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཞིག་གསོ་དང་ལྷ་ཁང་གསར་བཞེངས་ཀྱང་བྱས་ཡོད་པ་རེད།
        མདོར་ན། རྨ་ཀླུང་རྡོ་རྗེ་བྲག་ར་འདིར་བོད་ཀྱི་མཁས་པ་མི་གསུམ་བྲོས་བྱོལ་དུ་ཕེབས་ནས་དམ་ཆོས་འདུལ་བའི་ཤེས་རིག་གི་མེ་རོ་གནས་འདི་ནས་སླར་གསོས་པས་མདོ་སྨད་ཤེས་རིག་གི་བཙན་རྫོང་ཉག་ཅིག་ཏུ་གྱུར་བ་དང་མཉམ་དུ་ཡུལ་ཕྱོགས་འདིར་ནང་པའི་བསྟན་པ་ཆེས་ཆེར་དར་ཞིང་། བསྟན་འཛིན་གྱི་སྐྱེས་བུའང་གྲུབ་མཐའ་རིས་མེད་ནས་མང་དུ་བྱོན་པ། དེ་དག་གི་བཀའ་དྲིན་ལ་བརྟེན་ནས་རྨ་ཀླུང་རིང་མོའི་དོལ་ཁུག་འདིར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྨང་གཞི་མཐུག་པོ་ཞིག་ངང་གིས་ཆགས་ནས་ད་ལྟའི་བར་དུ་མ་ཉམས་པར་རྒྱུན་འཛིན་བྱས་ཡོད་པར་མ་ཟད། དགེ་སྒྲུབ་ངན་སྤང་གི་ཆེད་དུ་གནས་འདིར་ཡོང་ནས་ཡུལ་ལྷ་གཞི་བདག་དང་སྲུང་མ་མནའ་རྟེན་ནམ་དཔང་པོར་བཞག་སྟེ། མནའ་ཚིག་དེ་དང་འགལ་བར་གྱུར་ན་ཤ་ཁྲག་དེ་རང་གིས་ཟོས་པ་དང་འདྲ་བའི་བསམ་པའི་འདུ་ཤེས་སམ་བག་ཆགས་གོམས་ཡོད་པར་བརྟེན། མི་རྣམས་ཀྱི་གཤིས་ཀར་ཚོད་འཛིན་བྱས་ནས་དྲང་བདེན་གྱི་ལམ་དུ་བསྒྱུར་ཡོད་པས་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཤུགས་རྐྱེན་གང་ལེགས་ཐེབས་ཡོད་པ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1