ན་ནིང་ནས་བཟུང་། སེར་ཤུལ་རྫོང་ཕྱག་ཚ་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་གྲོང་སྡེའི་ཏང་ཡོན་དང་ལས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་འབྲོག་དམངས་ཀྱི་སྒུག་བརྟེན་སློང་གསུམ་གྱི་རྙིང་ཞེན་བསམ་བློ་རྩ་བཅོས་བྱས་ཐོག་མ་རྐང་འཇོག་པའི་བྱེད་ཐབས་ལ་བརྟེན་ནས་མ་དངུལ་སྒོར་ཁྲི་121ལྷག་བསྡུ་རུབ་བྱས་ཤིང་འབྲེལ་ཡོད་དབུལ་སྐྱོར་གྱི་མ་དངུལ་ཁྲི་བརྒྱ་ལྷག་སྡེབ་སྒྲིག་བྱས་ནས་སེར་ཤུལ་རྫོང་ཕྱག་ཚ་མཐུན་སྐྱིད་ཕྱུགས་གསོ་ཆེད་ལས་མཉམ་ལས་ཁང་བཙུགས།
མིག་སྔའི་བར་ཕྱུགས་གསོའི་རྟེན་གཞི་ཆེན་པོ་3ཡོད་ཅིང་ཕྱུགས་ཟོག་མགོ་གྲངས་112ཡོད། རྒྱུན་སྤྱོད་རང་འདེམས་ཚོང་ཁང་དང་འོ་བཟོས་བཟའ་ཆས་ཚོང་གཉེར་ཁང་། འོ་མའི་བཟོ་སྣོན་ཁང་བཅས་ལས་གྲུབ་པའི་མཉམ་ལས་ཁང་ཆེན་ཞིག་ཡོད་པ་དང་། ན་ནིང་ལོར་ཚོང་གཉེར་གྱི་ཡོང་འབབ་ཁེ་གཙང་སྒོར་ཁྲི་120ཡོད་ཅིང་འབྲོག་མི་རེར་སྒོར་400ཡས་མས་ཀྱི་ཡོང་འབབ་ཐོག་མ་ཐོབ།
དྲིལ་བསྒྲགས་སློབ་གསོ་བྱས་ནས་དམངས་སེམས་
གཅིག་ཏུ་བསྡུས།
ཕྱག་ཚ་ཡུལ་ཤོག་ནི་འབྲོག་སྡེ་ཞིག་ཡིན་ལ་འབྲོག་མི་4035ཡོད་ཅིང་དེའི་ཁྲོད་དུ་དབུལ་པོ་900ཡོད། དབུལ་སེལ་ཡོང་བའི་གནད་འགག་ནི་འབྲོག་མིའི་བསམ་བློའི་འདུ་ཤེས་བཅོས་བསྒྱུར་ཐུབ་མིན་ལ་རག་ལས་པས་གྲོང་རྡལ་གྱི་ལས་བྱེད་པས་གཅིག་བསྡུས་སྒྲོག་འགྲེལ་དང་འབྲོག་པའི་དུད་ཚང་དུ་ཕྱིན་ནས་དྲིལ་བསྒྲགས་སློབ་གསོ་བྱེད་པ་ཟུང་དུ་སྦྲེལ་ནས་དུས་ཡུན་རིང་པོར་འབྲོག་མིའི་སྒུག་བརྟེན་སློང་གསུམ་གྱི་རྙིང་ཞེན་བསམ་པ་རྩ་བཅོས་བྱས། ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་དབུལ་པོ་རྣམས་བསྡུས་ནས་མཉམ་ལས་ཁང་འཛུགས་རྒྱུའི་གནས་ཚུལ་བཤད་རྗེས་གྲོང་རྡལ་ཡོངས་ཀྱི་འབྲོག་མི་ཚང་མས་མ་བསྐུལ་དང་བླངས་ཀྱིས་དེར་ཞུགས་པ་དང་མི་རེས་སྒོར་300ཡི་མ་རྐང་བཞག་ཅིང་བསྡོམས་པས་སྒོར་ཁྲི་121ཡི་མ་རྐང་འདུས་པ་དང་འབྲོག་དམངས་ཀྱིས་ཏང་ཨུ་དང་སྲིད་གཞུང་ལ་ཡིད་ཆེས་བྱས་ཤིང་ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སེལ་ཕྱུག་བསྐྱོད་བྱས་པའི་ཞི་མཐུན་གྱི་རྣམ་པ་ཞིག་ཆགས།
ལས་བགོས་མངོན་གསལ་བྱས་ཏེ་ལས་གཉེར་
གོ་རིམ་ལུགས་མཐུན་བྱས།
ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་འོག་ཡུལ་ཤོག་ནང་གི་འབྲོག་སྡེ་གསུམ་གྱི་གོ་ཆོད་མི་སྣ་འོས་སྦྱོར་འདེམས་བསྐོ་བྱས་ཏེ་ལས་འཛིན་རྒན་པ་3དང་གཞོན་པ་6བསྐོས་ཏེ་ཕྱུགས་ལས་བདག་གཉེར་དང་རྒྱུན་སྤྱོད་ཅ་དངོས་རང་འདེམས་ཚོང་ཁང་། འོ་བཟོས་བཟའ་ཆས་བཟོ་སྣོན་ཁང་བཅས་ཀྱི་འགན་འཁུར་དུ་འཇུག་པ་དང་ལས་བགོ་གསལ་པོར་བཟོས་ནས་འབྲོག་དམངས་ལ་བསམ་འཆར་མེད་པར་བྱས། ཕྱུགས་ཟོག་བདག་གཉེར་ཐད་དབུལ་པོ་དུད་ཚང་ལ་ཕྱུགས་ཟོག་རེ་གཉིས་ལས་མེད་པ་རྣམས་མཉམ་ལས་ཁང་གིས་ཉོས་ནས་ཕྱུགས་གསོ་རྟེན་གཞི་རུ་གཅིག་བསྡུས་ཉར་གསོ་བྱས་ཤིང་ཉར་གསོ་བྱེད་མཁན་ཡང་དབུལ་པོ་དུད་ཚང་ལ་འགན་སྤྲད། དེ་ལྟར་བྱས་ན་གཅིག་ནི་དབུལ་པོ་དུད་ཚང་གི་ཕྱུགས་ཟོག་རེ་གཉིས་ཉར་གསོ་བྱེད་པའི་དཀའ་ལས་མང་པོ་མྱོང་མི་དགོས་པའི་ཐོག་ཕྱུགས་བཙོང་པའི་ཡོང་འབབ་ཅིག་ཐོབ་པ་དང་། གཉིས་ནི་ཕྱུགས་ཟོག་འཚོ་བའི་དུས་ཚོད་བཤུག་པས་ཟུར་ལས་གཞན་དག་བསྒྲུབས་ནས་ཡོང་འབབ་ཅིག་ཐོབ་པ། གསུམ་ནི་རང་གི་རྩྭ་རར་ཉམས་གསོ་ཐུབ་པས་རྩྭ་ས་འཁོར་རྒྱུག་བྱས་ནས་ཕྱུགས་གསོ་དུད་ཆེན་རྣམས་ལ་བོགས་གླ་བཏང་ནས་ཡོང་འབབ་ཐོབ་ཐུབ། དེ་མིན་རང་འདེམས་ཚོང་ཁང་དང་འོ་བཟོས་བཟའ་ཆས་བཟོ་སྣོན་ཁང་ལ་ཡང་འབྲོག་སྡེ་གསུམ་གྱི་གོ་ཆོད་མི་སྣ་བཀོད་སྒྲིག་བྱས་ཤིང་ལས་འགན་ཕྲག་ཐོག་བཀལ་བར་མ་ཟད་ཕན་ཚུན་ལྟ་སྐུལ་གྱི་ནུས་པ་ཡང་ཐོན་ཐུབ།
ཧུར་ཐག་གིས་གསོ་སྦྱོང་བྱས་ཏེ་ལས་ཞུགས་ལ་
སྐུལ་འདེད་བཏང་།
མཉམ་ལས་ཁང་གིས་ཤེས་ལྡན་མི་སྣ་སྒྲིག་འཛུགས་བྱས་ནས་ཕྱུགས་གསོ་དང་འཚེམ་གྲུབ། རི་མོ་བཅས་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་ལག་རྩལ་ལ་བརྟེན་ནས་ཟུར་ལས་སྒྲུབ་པའི་འབྲོག་དམངས་ཇེ་མང་དུ་བཏང་། མིག་སྔའི་བར་དབུལ་པོའི་དུད་ཚང་གི་མི་24ལ་ལག་ཤེས་ཡོད་ཅིང་ན་ལོར་སྒོར་ཁྲི་186500རག་ཅིང་ཆ་སྙོམས་མི་རེར་སྒོར་7700ལྷག་ཐོབ་པ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་6གི་ལས་ཞུགས་གནད་དོན་ཐག་བཅད་བྱས་ཤིང་མི་རེར་ཟླ་རེར་སྒོར་2000ཐོབ།
ཕྱག་ཚ་ཡུལ་ཤོག་གི་གྲོང་གཙོ་ཐུབ་དགའ་ཡིས་འབྲོག་དམངས་སྟོང་བཞི་ལྷག་ཁ་འཆམ་ནས་ཏང་ཨུ་དང་སྲིད་གཞུང་ལ་ཡིད་ཆེས་ནས་མཉམ་ལས་ཁང་བཙུགས་པ་ནི་རྫོང་ཡོངས་དང་ཁུལ་ཡོངས་སུ་ཧ་ལམ་ཡོད་རྒྱུ་མ་རེད། ད་ལྟ་མཉམ་ལས་ཁང་ལ་གཏན་འཇགས་རྒྱུ་ནོར་འབོར་ཆེན་ཡོད་ཐོག་གཞི་ཁྱོན་ཅན་དུ་འགྱུར་བཞིན་ཡོད། ཕྱུགས་ལས་ཐོན་རྫས་ཀྱང་སྤུས་ཀ་བཟང་ཞིང་ལྷད་མེད་ཡིན་པས་རང་ཁུལ་གཙོས་པའི་ས་གནས་ཁག་ལ་འཚོང་བྲིན་པོར་སོང་ཡོད། འབྲོག་དམངས་དབུལ་སེལ་བྱུང་བར་མ་ཟད་སླད་ཕྱིན་ཡོང་འབབ་བརྟན་པོ་ཞིག་འཐོབ་པའི་དམིགས་འབེན་འགྲུབ་ངེས་རེད་ཅེས་བཤད།
འཕེལ་རྒྱས་འགྲོ་ཕྱོགས་བཟང་ཞིང་
མཐུན་སྐྱིད་ཡོང་བར་ངེས།
འབྱུང་འགྱུར་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ཆབས་ཅིག་འོ་མའི་ཐོན་རྫས་ཀྱི་འཚོང་ལམ་ཐད་བྱེད་ཐབས་སྤྱད་དེ་ཕྱག་ཚ་གྲོང་རྡལ་གྱི་སློབ་ཆུང་སློབ་མའི་འཚོ་བཅུད་ཁ་གསབ་ཀྱི་གྲས་སུ་ཚུད་ཨེ་ཐུབ་ལྟ་བཞིན་ཡོད། དེ་ལྟར་བྱ་ཐུབ་ན་སློབ་ཆུང་སློབ་མ་བཞི་བརྒྱ་ལྷག་ཡོད་པས་དེ་ཁོ་ནར་ཡོང་འབབ་འབོར་ཆེན་ཞིག་ཐོབ་ངེས། ད་ལྟར་ཕྱག་ཚ་གྲོང་རྡལ་མཐུན་སྐྱིད་ཕྱུགས་གསོ་མཉམ་ལས་ཁང་གི་འཕེལ་རྒྱས་འགྲོ་ཕྱོགས་བཟང་པོ་ཡིན་ཞིང་མཐུན་སྐྱིད་ཞེས་པ་སྟེ་འབྲོག་སྡེ་གསུམ་འཆམ་མཐུན་སྐྱིད་པོ་ཡོང་བའི་དོན་མཚོན་པའི་མཐུན་སྐྱིད་ཕྱུགས་གསོ་མཉམ་ལས་ཁང་གི་མ་འོངས་པ་ནི་མཛེས་སྡུག་ལྡན་པ་ཞིག་ཡིན་ངེས་སོ། །