མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་བྱུང་འཕེལ་ སྐོར་རགས་ཙམ་གླེང་བ།

པ་སངས་ཚེ་རིང་། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པ། སྤེལ་དུས། 05-27


གླེང་གཞི།
        སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། འབྲེལ་འདྲིས། དམག་དོན་སོགས་ལ་འཕོ་འགྱུར་ཕྱིན་པ་དང་ཆབས་ཅིག་སློབ་གསོའི་ལྟ་བའང་འདྲ་མིན་ཞིག་བྱུང་བ་ལྟར། མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་ལྟ་བ་ནི་དེང་དུས་ཀྱི་དཔལ་འབྱོར་ཁྲོམ་རྭ་ལས་བྱུང་བའི་སློབ་གསོའི་ལྟ་བ་གསར་པ་ཞིག་ཡིན་ཞིང་། དེས་སློབ་ཁང་སློབ་ཁྲིད་དངོས་ནང་སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་དང་འབྲེལ་འདྲིས་ཀྱི་ནུས་པ། སྨྲ་བརྗོད་ཀྱི་ནུས་པ། བསམ་གཞིགས་ཀྱི་ནུས་པ། ལེགས་ཉེས་དབྱེ་འབྱེད་ཀྱི་ནུས་པ་སོགས་གང་ཅིའི་ཐད་ཕན་ནུས་ཆེན་པོ་ལྡན་ཡོད་པས། ད་ལྟའི་ཆར་མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་ལྟ་བ་དེ་ཉིད་མཐོ་སློབ་དང་། དམའ་མཐོ་འབྲིང་། སློབ་ཆུང་། བྱིས་གསོ་ཁང་། དར་མའི་སློབ་གསོ། དགེ་རྒན་གྱི་ཟབ་སྦྱོང་། ཁྱིམ་བདག་གི་ཟབ་སྦྱོང་སོགས་ཀྱི་ནང་ལག་བསྟར་གནང་དང་གནང་མུས་སུ་ཡིན་ལ། རྒྱལ་ནང་གི་སློབ་གསོའི་བྱ་གཞག་ཐད་ལེགས་སྐྱེས་འབུལ་མཁན་གྱི་མི་མང་པོ་ཞིག་ནས་དེར་གཙིགས་མཐོང་ཆེན་པོ་བྱེད་བཞིན་ཡོད།
དང་པོ། མཉམ་ཞུགས་ཞེས་པའི་ཐ་སྙད་ཀྱི་ངོས་འཛིན།
        མཉམ་ཞུགས་ཞེས་པའི་ཐ་སྙད་དེ་ཉིད་དབྱིན་ཡིག་ཏུ་participationཟེར་བ་དང་། 《 Websler`s New World,Dictionary and Thesaurus》 《 ལྦས་པུ་ལར་གྱི་འཛམ་གླིང་གསར་པའི་ཚིག་མཛོད།》ཞེས་པའི་ཚིག་མཛོད་ནང་དེའི་ཚིག་འགྲེལ་དུ“to have or take a share with others (in some activities)”ཞེས་བྱེད་སྒོ་ཁག་གི་ནང་འཛུལ་ཞུགས་བྱེད་པའམ་གཞན་དང་མཉམ་རོལ་བྱེད་པ་ལ་participationཟེར་ཞེས་བརྗོད་འདུག གོང་གི་མཚན་ཉིད་དེའི་ནང་གི་གཙོ་ཚིག་ནི་share ཞེས་པའི་ཚིག་དེ་ཡིན་ཞིང་། བོད་ཡིག་ཚིག་མཛོད་ཁག་གི་ནང་དུ་མཉམ་སྤྱོད་དམ་མཉམ་རོལ་ཞེས་བསྒྱུར་འདུག shareཞེས་པའི་ཚིག་གི་གོ་དོན་ནི་རང་ལ་ཡོད་པའི་དངོས་པོ་དང་། བསམ་ཚུལ། མྱོང་ཚོར། གྲུབ་འབྲས། ཉམས་མྱོང་། ལྟ་བ་སོགས་གཞན་དང་མཉམ་རོལ་བྱས་པ་ལ་ཟེར། participationཞེས་པ་ནི་རང་ཉིད་ཀྱི་དངོས་པོ་དང་། བསམ་ཚུལ། ལྟ་བ། མྱོང་ཚོར། གྲུབ་འབྲས་ལ་སོགས་བྱེད་སྒོ་འདྲ་མིན་བརྒྱུད་དེ་གཞན་དང་མཉམ་རོལ་བྱས་པ་ལ་ཟེར། དབྱིན་ཡིག་ཏུ་participationདང་དོན་ཤིན་ཏུ་འདྲ་བའི་ཚིག་གཞན་ཞིག་ཡོད་པ་ནི་joinཟེར་བ་དེ་ཡིན་ཞིང་། མི་མང་པོ་ཞིག་གིས་ཚིག་དེ་གཉིས་ཀྱི་གོ་དོན་གཅིག་མཚུངས་ཡིན་པར་ངོས་འཛིན་ཀྱང་། དོན་དངོས་ཐོག་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དེ། participationཞེས་པ་ནི་ལུས་ངག་ཡིད་གསུམ་བེད་སྤྱད་དེ་རང་ཉིད་ཀྱི་བསམ་ཚུལ་དང་ཉམས་མྱོང་སོགས་གཞན་དང་མཉམ་རོལ་བྱས་པ་ཟེར་བ་དང་། joinནི་གཞན་དང་མཉམ་དུ་བྱེད་སྒོའི་ནང་འདུ་འཛོམས་བྱས་པའམ་བྱེད་སྒོའི་ཁོངས་མིར་གཏོགས་པ་ཙམ་ལས། ལུས་ངག་ཡིད་གསུམ་བེད་སྤྱད་དེ་བསམ་བློ་བརྗེ་རེས་སོགས་ཀྱི་དོན་བརྩམས་པའི་ངེས་པ་མེད། གོང་འཁོད་ཐ་སྙད་དེ་གཉིས་ཀྱི་མཚན་ཉིད་གཞིར་བཞག་ཚེ་བོད་ཡིག་ཏུ་participationལ་མཉམ་ཞུགས་དང་joinལ་མཉམ་བཞུགས་ཞེས་བསྒྱུར་ན་ལེགས་པར་སྙམ།
གཉིས་པ། མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་ལྟ་བ་དང་། ཕན་ནུས། དེའི་ཐབས་ལམ་བཅས་ཀྱི་སྐོར།
        མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་ལྟ་བ་ནི་དེང་དུས་ཀྱི་སློབ་གསོའི་ལྟ་བ་གསར་པ་ཞིག་ཡིན་ཞིང་། དེ་ནི་དགེ་རྒན་གཙོ་བཟུང་གི་སློབ་གསོའི་ལྟ་བ་དང་མི་འདྲ་བར། རྒན་ལགས་ནས་བསླབ་བྱའི་ནང་དོན་ཁག་སློབ་ཁྲིད་ཀྱི་བྱེད་སྒོ་འདྲ་མིན་བརྒྱུད་དེ་སློབ་མར་བརྒྱུད་སྤྲོད་བྱེད་ལ། སློབ་མས་ཀྱང་བྱེད་སྒོ་དེ་དག་བརྒྱུད་དེ་བསམ་ཚུལ་བརྗེ་རེས་དང་། ཉམས་མྱོང་སྤེལ་རེས། ཕན་ཚུན་དོགས་སློང་བཅས་ཀྱི་རྣམ་པའི་ཐོག་ནས་བསླབ་གཞིའི་ནང་དོན་ཁག་ཁོང་དུ་ཆུད་པ་བྱ་རྒྱུའི་སློབ་གསོའི་ལྟ་བ་ཞིག་ཡིན། ལྟ་བ་དེའི་ནང་དགེ་རྒན་དང་སློབ་མ་གཉིས་ཀ་སློབ་ཁྲིད་བྱེད་སྒོའི་ནང་དུ་ཞུགས་ཏེ་ཕན་ཚུན་གླེང་མོལ་དང་བསམ་ཚུལ་བརྗེ་རེས་ཀྱི་ཐོག་ནས་སློབ་སྦྱོང་བྱེད་དགོས་པར་བརྟེན། དེས་སློབ་མའི་སློབ་སྦྱོང་གི་སྦྱང་འབྲས་མཐོ་འདེགས་གཏོང་རྒྱུར་ནུས་པ་ཆེན་པོ་ལྡན་ཡོད། གང་ཡིན་ཞེ་ན། སློབ་མས་གླེང་མོལ་དང་བགྲོ་གླེང་གི་ཐོག་ནས་སློབ་སྦྱོང་བྱས་ཚེ། སྦྱངས་ཟིན་པའི་ཤེས་བྱ་ཁག་ལག་ལེན་དངོས་ཀྱི་ནང་དུ་སྦྱོང་བརྡར་དང་སྲ་བརྟན་ཐུབ་རྒྱུར་ཕན་ཐོགས་ལྡན་པ་མ་ཟད། མི་ཤེས་པའམ་དོགས་གཞི་ཡོད་པའི་ནང་དོན་ཁག་ཀྱང་ཤེས་སླ་བ་དང་བློ་བསྐྱེད་གསར་པ་བྱུང་བ། དེ་མིན་སློབ་མའི་བསམ་གཞིགས་ཀྱི་ནུས་པ་གོང་མཐོར་གཏོང་ཐུབ་པ་སོགས་ཀྱི་ཕན་ནུས་དུ་མ་ལྡན་ཡོད་པས། སློབ་མའི་སློབ་སྦྱོང་གི་སྦྱང་འབྲས་ཀྱང་གོང་མཐོར་གཏོང་ཐུབ་པ་ནི་གདོན་མི་ཟ། གཞན་ཡང་མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་ནང་དུ་སློབ་ཁྲིད་ཀྱི་བྱེད་སྒོ་འདྲ་མིན་ཞིག་གཉེར་དགོས་པས། དེ་དག་གིས་སློབ་མའི་གཏམ་བཤད་ཀྱི་ནུས་པ་དང་། འབྲེལ་འདྲིས་ཀྱི་ནུས་པ། ཡིན་མིན་བརྡར་ཤ་གཅོད་པའི་ནུས་པ། འགྲན་རྩོད་ཀྱི་ནུས་པ། མཉམ་ལས་ཀྱི་ནུས་པ་སོགས་བསླབ་གཞིའི་ནང་དོན་ཁག་གི་ནང་དུ་མེད་པའི་འཚོ་བའི་ནུས་པ་འདྲ་མིན་ཞིག་གསོ་སྐྱོང་ཐུབ་རྒྱུར་ཡང་ཕན་ཐོགས་ཆེན་པོ་ལྡན།
མཉམ་ཞུགས་རང་བཞིན་གྱི་སློབ་ཁྲིད་ཐབས་ལམ་ཞེས་པ་ནི་དམིགས་བསལ་ཅན་གྱི་ཐབས་ལམ་གཞན་གང་ཡང་མིན་པར། དེ་ནི་སློབ་མ་དང་དགེ་རྒན་གཉིས་ཀ་སློབ་ཁྲིད་དངོས་ནང་མཉམ་ཞུགས་བྱ་ཐུབ་པའི་ཐབས་ལམ་ཡོད་ཚད་ལ་ཟེར་བས། ང་ཚོས་རྗེས་དྲན་དང་ཕྱོགས་བསྡོམས་མ་བྱས་པ་ལས། དོན་དངོས་ཐོག་མཉམ་ཞུགས་རང་བཞིན་གྱི་ཐབས་ལམ་མང་པོ་ཞིག་སློབ་ཁང་སློབ་ཁྲིད་དངོས་ནང་བེད་སྤྱོད་གཏོང་བཞིན་ཡོད། དཔེར་ན། དྲི་བ་དྲིས་ལན་དང་། སློབ་ཁྲིད་རོལ་རྩེད། རང་བཟོས་སློབ་ཁྲིད་ཡོ་ཆས་ཀྱི་བེད་སྤྱོད། གློག་ཀླད་དང་ཚན་རྩལ་གྱི་སློབ་ཁྲིད་ཡོ་ཆས། ཚོགས་ཆུང་གྲོས་བསྡུར། འཁྲབ་སྟོན། སྒྲུང་གཏམ་སོགས་མཉམ་ཞུགས་ཀྱི་རིན་ཐང་ལྡན་པའི་ཐབས་ལམ་ཡོད་ཚད་ནི་མཉམ་ཞུགས་རང་བཞིན་གྱི་སློབ་ཁྲིད་ཐབས་ལམ་ཡིན།
གསུམ་པ། མཉམ་ཞུགས་རང་བཞིན་གྱི་
སློབ་གསོའི་བྱུང་འཕེལ།
        ༁ད་བར་ལག་སོན་བྱུང་བའི་དཔྱད་གཞིའི་ཡིག་ཆ་ཁག་གི་ནང་དུ་འཁོད་པ་ལྟར་ན། མཉམ་ཞུགས་རང་བཞིན་གྱི་སློབ་གསོ་ནི་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའམ་དྲུག་བཅུའི་ནང་དུ་དབྱིན་ཇིའི་ཡུལ་ནས་དར་འཕེལ་བྱུང་བའི་སློབ་གསོའི་ལྟ་བ་ཞིག་ཡིན་འདུག དང་ཐོག་དེ་ནི་དབྱིན་ཇིའི་སྤྱི་ཚོགས་རིག་པའི་མཁས་དབང་རྣམས་ཀྱིས་ཕྱིའི་རྒྱལ་ཁབ་ཏུ་རྒྱལ་སྤྱིའི་རོགས་སྐྱོར་རྣམ་པའི་ཞིབ་འཇུག་གི་ལས་དོན་སྤེལ་བའི་སྐབས་བེད་སྤྱོད་གཏོང་བའི་སྤྱི་ཚོགས་རིག་པའི་རིག་པའི་གཞུང་ལུགས་ཤིག་ཡིན་པར་གྲགས། རང་རྒྱལ་ལ་མཚོན་ནའང་ད་ལྟའི་ཆར་རིག་པའི་གཞུང་ལུགས་དེ་ཉིད་ཞིང་ལས་དང་། ཚོང་ལས། དགེ་རྒན་གྱི་ཟབ་སྦྱོང་། མཐོ་སློབ་བཅས་ཀྱི་ནང་དུ་ལག་བསྟར་གཏོང་བཞིན་ཡོད་ལ། ལྷག་པར་དུ་《རྨང་གཞིའི་སློབ་གསོའི་བསླབ་གཞི་གསར་པའི་བཅོས་བསྒྱུར་གྱི་རྩ་གནད་(ཚོད་ལྟའི་ལག་ལེན།)》 དང་《རྒྱལ་ཁབ་ཀྱི་དུས་ཡུན་རིང་བ་དང་འབྲིང་བའི་ནང་གི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་འཆར་གཞིའི་རྩ་དོན།》ཞེས་པའི་གལ་ཆེའི་ཡིག་ཆ་གཉིས་ཁྱབ་སྤེལ་བྱས་པ་ནས་བཟུང་སློབ་ཆུང་དང་སློབ་འབྲིང་སོགས་ཀྱི་ནང་དུའང་བེད་སྤྱོད་རྒྱ་ཁྱབ་གཏོང་བཞིན་ཡོད། མཉམ་ཞུགས་རང་བཞིན་གྱི་སློབ་གསོ་བྱུང་ནས་ལོ་དྲུག་བཅུ་ཙམ་ལས་ཕྱིན་མེད་ཅེས་ཀུན་གྱིས་བརྗོད་ཀྱང་། དོན་དངོས་ཐོག་དེ་ནི་ཆུ་ཐིགས་བསགས་པའི་རྒྱ་མཚོར་ལྟར་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་འཕེལ་རིམ་ཁྲོད་རིམ་བཞིན་འཕེལ་རྒྱས་བྱུང་བའི་སློབ་གསོའི་ལྟ་བ་ཞིག་ཡིན། གང་ཡིན་ཞེ་ན།
        1.ནུབ་ཕྱོགས་ཀྱི་སློབ་གསོའི་འཕེལ་རིམ་ཐད་ནས་བརྗོད་ཚེ། ལོ་ཉིས་སྟོང་ཙམ་གྱི་གོང་གནའ་བོའི་གྷི་རི་སིའམ་ཤི་ལགས་ཀྱི་གཏན་ཚིགས་རིག་པའི་མཁས་དབང་འབོའོ་སླ་ཐུ་ཡིས་ཁོང་གི་གསུང་རྩོམ་《ཕུགས་བསམ་གྱི་རྒྱལ་ཁབ།》ཅེས་པའི་ནང་བཙན་ཤེད་ཀྱི་ལམ་ནས་སློབ་སྦྱོང་བྱེད་དུ་བཅུག་པ་དེས་སློབ་སྦྱོང་གི་འདུན་པའི་ས་འབོན་འདེབས་མི་ཐུབ་པས། སློབ་མར་བཙན་ཤེད་ཀྱིས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་མེད། དེ་བས་རོལ་རྩེད་ཀྱི་ཐབས་ལམ་བེད་སྤྱད་དགོས་ཞེས་བརྗོད་ལ། ཁོང་གིས་སློབ་མར་སློབ་ཁྲིད་བྱེད་པའི་སྐབས་དགེ་སློབ་གཉིས་སྒྲོག་རྩེ་སྒོར་མོའི་དབྱིབས་སུ་བཀོད་སྒྲིག་བྱས་ཏེ་སློབ་མས་དགེ་རྒན་ལ་དྲི་བ་དྲི་བའམ་དགེ་རྒན་ནས་སློབ་མར་དྲི་བ་དྲི་བའི་ཐབས་ལམ་བེད་སྤྱད་དེ་སློབ་ཁྲིད་གནང་སྲོལ་བཅས་ཡོད་པས། དེའི་སྐབས་ཆ་ཚང་བའི་རིག་པའི་གཞུང་ལུགས་ཤིག་མེད་པ་མ་གཏོགས། ཁོང་གི་སློབ་གསོའི་ལྟ་བ་དང་ཐབས་ལམ་ནི་དེང་དུས་ཀྱི་མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་ཐབས་ལམ་དང་གཅིག་མཚུངས་ཡིན། དེ་རྗེས་གནའ་རབས་ལོ་མ་རྒྱལ་རབས་ཀྱི་སློབ་གསོའི་མཁས་དབང་ཁུན་ཐི་ལོན་གྱིས་བརྗོད་པའི་སློབ་པ་ནི་མི་སློབ་པའི་ཆེད་དུ་ཡིན་ཞེས་པའི་ལྟ་བ་དང་། སྤྱི་ལོ་1909ལོར་ཨི་དྲ་ལི་ཡི་སློབ་གསོ་རིག་པའི་མཁས་དབང་མས་རི་ཡ་མན་ཐ་སོ་རི་ཡིས་བརྩམས་གནང་བའི《 མན་ཐ་སོ་རི་ཡི་ཐབས་ལམ།》ཞེས་པའི་དེབ་ནང་དགེ་རྒན་གྱི་ལས་འགན་གཙོ་བོ་ནི་སློབ་མས་སློབ་སྦྱོང་བྱེད་སྐབས་རྒན་ལགས་ནས་རྟོག་ཞིབ་བྱས་ཏེ་སྣེ་ཁྲིད་བྱེད་དགོས་པ་དང་། སློབ་མར་རང་དབང་དང་ལྡན་པའི་ངང་འཚར་ལོངས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་ཡིན་ཞེས་བརྗོད་པ། དེ་བཞིན་ཨ་རིའི་སློབ་གསོ་རིག་པའི་མཁས་དབང་འཇོན་དྲི་འུས་ཀྱིས་སློབ་གསོའི་བྱ་ནུས་ལ་རིགས་གཉིས་ཡོད་དེ། དང་པོ། ཉམས་མྱོང་བརྒྱུད་བསྒྲགས། གཉིས་པ། ཉམས་མྱོང་སྤེལ་རེས་ཡིན་ཞེས་བརྗོད་པ་སོགས། གོང་གི་ལྟ་བ་དང་ཐབས་ལམ་དེ་དག་ཐམས་ཅད་དེང་དུས་ང་ཚོས་བརྗོད་བཞིན་པའི་མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་ལྟ་བ་དང་གཅིག་མཚུངས་ཡིན་ལ། ད་ལྟའི་མཉམ་ཞུགས་རང་བཞིན་གྱི་རིག་པའི་གཞུང་ལུགས་ཡང་དེ་དག་ལ་བརྟེན་ནས་བྱུང་བ་རེད་ཅེས་བརྗོད་ཆོག
        2.བོད་ཀྱི་སྲོལ་རྒྱུན་སློབ་གསོ་ལྟ་བུར་མཚོན་ན། སྤྱི་ལོའི་དུས་རབས་བདུན་པའི་སྐབས་ང་ཚོས་ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་བོད་ཡིག་དེ་ཉིད་ཀྱི་སློབ་གྲྭ་དང་པོ་ཕོ་བྲང་མ་རུ་ཁ་ཕ་བོང་ཁ་དང་། སློབ་དཔོན་གྱི་དང་པོ་ཐོན་མི། སློབ་མའི་དང་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བཅས་བྱུང་བ་ནས་བཟུང་ལོ་སྟོང་ཕྲག་གཅིག་ལྷག་གི་ལོ་རྒྱུས་འཕེལ་རིམ་ཁྲོད་བོད་ཀྱི་སྲོལ་རྒྱུན་སློབ་གསོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཏེ་སློབ་གསོ་སློབ་ཁྲིད་དང་འབྲེལ་བའི་ལྟ་བ་དང་ཐབས་ལམ་ཡང་མང་པོ་བྱུང་ཡོད། དཔེར་ན། དགེ་སློབ་ཕན་ཚུན་དྲི་བ་དྲིས་ལན་གྱི་སློབ་ཁྲིད་ཐབས་ལམ་དང་། འཛིན་གྲྭ་གོང་འོག་གཉིས་གཏུགས་རེས་བྱེད་པ། སློབ་རྩོད་གཉིས་དུས་གཅིག་ཏུ་སྤེལ་བའི་ཐབས་ལམ་སོགས། ཐབས་ལམ་དེ་དག་མིང་གི་ཆ་ནས་མཉམ་ཞུགས་རང་བཞིན་གྱི་སློབ་ཁྲིད་ཐབས་ལམ་ཞེས་མ་བརྗོད་རུང་། དོན་དངོས་ཐོག་དེ་དག་ནི་མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་ཐབས་ལམ་ཤ་སྟག་ཡིན། དེར་བརྟེན། ཆ་ཚང་བའི་མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་རིག་པའི་གཞུང་ལུགས་དེ་ཉིད་དངོས་སུ་བྱུང་ནས་ད་བར་ལོ་ལྔ་བཅུ་ལྷག་གི་ལོ་རྒྱུས་ལས་མེད་ཀྱང་།
དེའི་ལྟ་བ་དང་ཐབས་ལམ་ནི་ལོ་སྟོང་ཕྲག་གི་གོང་ནས་ཡོད་པ་ཞིག་ཡིན།
མཇུག་བསྡུའི་གཏམ།
        མཉམ་ཞུགས་རང་བཞིན་གྱི་སློབ་གསོའི་ལྟ་བ་ཞེས་བརྗོད་སྐབས་དེ་ནི་རྒྱལ་ཕྱི་ནང་གི་སློབ་གསོའི་ཆ་རྐྱེན་ལེགས་པའི་ས་ཁུལ་ཁོ་ནར་བེད་སྤྱོད་གཏོང་ཆོག་པའི་སློབ་ཁྲིད་ཀྱི་ལྟ་བའམ་ཐབས་ལམ་ཞིག་ལས་རང་རེའི་བོད་ལྗོངས་སུ་ཐབས་ལམ་དེ་ཉིད་འཚམ་པོ་མེད་པའམ་བེད་སྤྱོད་གཏོང་རྒྱུའི་རིན་ཐང་མེད་ཅེས་བརྗོད་མཁན་མང་པོ་ཡོད། དོན་དངོས་ཐོག་ལྟ་བ་དེ་ཉིད་སྔར་ནས་རང་རེའི་སློབ་ཁྲིད་ཁྲོད་དར་ཁྱབ་ཆེ་ལ། དེའི་ཐབས་ལམ་ཡང་ང་ཚོས་རྟག་ཏུ་བེད་སྤྱོད་གཏོང་བཞིན་ཡོད་པས། དེའི་མཚན་ཉིད་དང་། གལ་ཆེའི་རིན་ཐང་། ཐབས་ལམ་བཅས་ཀྱི་ཐད་ངོས་འཛིན་གསལ་པོ་ཞིག་ཡོང་བ་བྱ་རྒྱུ་གལ་འགངས་ཆེའོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1