སྔ་དུས་ཀྱི་མིའི་རིགས་ཀྱི་བསམ་བློ།
བྱིན་ཇི་བH•G•ཝེ་ཨོད་སིས་བརྩམས། ཁྱུང་རྩེ་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 05-27
ད་ལྟ་ང་ཚོས་སྤོབས་པ་ཆེན་པོས་སྤྲོ་སྣང་ལྡན་པའི་ཚོད་རྟོག་ཅིག་བྱ་སྟེ། མིའི་རིགས་ལོ་རྒྱུས་ཀྱི་གར་སྟེགས་སྟེང་བུད་པའི་ཆེས་ཐོག་མའི་དུས་དེར། མིར་གྱུར་ཟིན་པའི་ཁོ་ཚོས་ཅི་ཞིག་སེམས་བཞིན་ཡོད་དམ། ལོ་ངོ་ཁྲི་4ལྷག་གི་ཡར་སྔོན་དུ་མིའི་རིགས་ཀྱིས་རི་དྭགས་རྔོན་བཞིན་གནས་ཡུལ་ངེས་མེད་དུ་འཚོ་བ་ལས། ཞིང་ལས་གཉེར་ཤེས་བཞིན་མེད་དེ། སྐབས་དེར་ཁོ་ཚོས་ཇི་ལྟར་བསམ་ཞིབ་བྱེད་བཞིན་ཡོད་ཅིང་། ཅི་ཞིག་ལ་བསམ་ཞིབ་བྱེད་བཞིན་ཡོད་དམ། རེད་དེ། ང་ཚོས་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་ལྟར་གནད་དོན་འདི་དག་ལ་ཚོད་རྩིས་དང་དྲིས་ལན་འདེབས་པ་ལས་ཐབས་གཞན་མི་འདུག རྒྱུ་མཚན་ནི་རྒྱུན་རིང་བའི་དུས་ཡུན་ངེས་ཅན་ཞིག་བརྒྱུད་རྗེས་ད་གཟོད་ཡི་གེ་བྱུང་བ་ཡིན་ལ། ཡི་གེ་མ་བྱུང་བའི་སྔོན་གྱི་མིའི་རིགས་ཀྱི་བསམ་བློ་ནི་ཟིན་ཐོར་འགོད་ཐབས་མ་བྱུང་།
སྔ་དུས་ཀྱི་མིའི་ནང་སེམས་ཀྱི་བསམ་བློ་ལ་ཤེས་རྟོགས་བྱ་ཆེད། ཚན་རིག་པ་རྣམས་ཀྱིས་བྱེད་ཐབས་གང་མང་སྤྱད་མྱོང་། ཉེ་ལམ། སེམས་ཁམས་དབྱེ་ཞིབ་རིག་པ་བས་བྱིས་པ་དག་གིས་འཚར་ལོངས་ཀྱི་གོ་རིམ་ཁྲོད་ནས་རང་གི་ལྷན་སྐྱེས་ཀྱི་འདོད་ཞེན་ལ་རིམ་བཞིན་མགོ་གནོན་དང་ཚད་བཀག གབ་སྦས་བྱས་ཏེ་སྤྱི་ཚོགས་དང་འཚམ་པར་བྱེད་བཞིན་ཡོད་པ་རྟོགས་བྱུང་སྟེ། དཔྱད་འབྲས་འདིས་ང་ཚོས་ཡི་གེ་མ་བྱུང་སྔོན་གྱི་སྤྱི་ཚོགས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་བློ་སྒོ་ཕྱེས་བྱུང་། གཞན་ད་ཡོད་ཀྱི་ཤེས་རིག་མ་དར་སའི་ཀླ་ཀློ་དག་གི་སེམས་ཁམས་དང་འཚོ་བའི་གོམས་གཤིས་དང་། དེང་རབས་དཔལ་ཡོན་སྤྱི་ཚོགས་ཁྲོད་སྔར་བཞིན་ཁྱབ་གདལ་ཆེ་བའི་དམངས་ཁྲོད་གཏམ་རྒྱུད། མིའི་སེམས་གཏིང་དུ་ཟུག་པའི་མདོ་མེད་ཁུངས་འཆལ་གྱི་རྨོངས་དད་དང་ཕྱོགས་ཞེན་གྱི་ལྟ་ཚུལ་སོགས་ལ་ཡང་དཔྱད་ཞིབ་བྱ་དགོས་ཏེ། དེར་མིའི་རིགས་ཀྱི་བསམ་བློའི་འགྱུར་རྡོ་འདྲེས་ཡོད་པ་རེད། དེ་བཞིན་རི་མོ་དང་འཇིམ་བརྙན། རྐོས་རིས། རྟགས་མཚན་སོགས་ཤུལ་བཞག་གི་རིག་དངོས་ཁྲོད་ནས་ཀྱང་དྲིས་ལན་འཚོལ་དགོས་ཏེ། ང་ཚོ་འཚོ་གནས་ཀྱི་དུས་རབས་འདི་དང་ཐག་ཇི་ལྟར་ཉེ་ན་རིག་དངོས་དེ་དག་དེ་ལྟར་དུ་མང་བས། ང་ཚོས་ཁོ་ཚོའི་དགའ་ཁ་འཁྱེར་ཕྱོགས་རྟོགས་སླ་ཞིང་། ཅི་ཞིག་བསྐྱར་མངོན་བྱེད་འདོད་པ་དང་ཟིན་ཐོར་འགོད་འདོད་པའང་གསལ་བོར་མཐོང་ཐུབ།
གདོད་མའི་མིའི་བསམ་བློ་གཏོང་སྟངས་ནི་དེང་གི་བྱིས་པའི་བསམ་བློ་དང་ཧ་ཅང་འདྲ་སྟེ། ཕུན་སུམ་ཚོགས་པའི་བསམ་པའི་འཆར་སྒོ་སྣ་ཚོགས་བསྟར་ཆགས་སུ་ཡོད་པ་རེད། ཁོ་ཚོའི་སེམས་ནང་དུ་བརྡོལ་བའི་འཆར་སྒོ་སྣ་ཚོགས་པ་དང་བསམ་གཞིག་གི་སྒོ་མོ་རུ་འཁྱིལ་བའི་གནད་དོན་སྣ་ཚོགས་པས་ཁོ་རང་ཚོའི་སེམས་རྒྱུན་ཀུན་ནས་བསྐུལ་བར་བྱེད་ཅིང་། དེ་ལྟའི་སེམས་རྒྱུད་ཀྱིས་ཁོ་ཚོའི་སྤྱོད་ལམ་ལ་ཁ་ལོ་སྒྱུར་གྱིན་ཡོད་དེ། ད་ལྟ་ཡང་བྱིས་པ་དང་རྨོངས་བློ་མ་སེལ་བའི་མིས་རྒྱུན་དུ་དེ་ལྟར་སྒྲུབ་བཞིན་འདུག མིའི་རིགས་ཀྱི་བསམ་གཞིག་གི་ནུས་པ་ཇེ་མཐོར་ཕྱིན་ནས་སྔ་ཕྱི་ཀུན་ལ་འདང་དཔོག་ནུས་པའི་ཡོངས་ཁྱབ་བསམ་གཞིག་གྲུབ་དུས་ནི་ཅུང་འཕྱིས་ཏེ། ཡོངས་ཁྱབ་བསམ་གཞིག་གིས་སྤྱི་ཚོགས་འཚོ་བའི་ཁྲོད་ཁྱད་ནུས་གལ་ཆེན་བཏོན་པའི་དུས་ནི་ཉེ་བའི་ལོ་3000གི་ཚུན་ནས་བཟུང་ཡིན་པ་རེད། ད་ལྟ་ཡང་མི་ཉུང་ཤས་ཤིག་གིས་རང་ཉིད་ཀྱི་བསམ་བློར་ཚོད་འཛིན་བྱས་ཏེ་བསམ་གཞིག་བྱས་པ་ལྟར་དུ་ལས་དོན་གང་རུང་སྒྲུབ་བཞིན་ཡོད་པ་མ་གཏོགས། མི་མང་ཆེ་བ་སྔར་བཞིན་བསམ་ཞིབ་མེད་པའི་རང་འདོད་ཙམ་དང་དགའ་མོས་དད་ཞེན་ཙམ་ལ་བརྟེན་ནས་འཚོ་བཞིན་འདུག
མི་རྣལ་མའི་རིགས་ཀྱི་ལོ་རྒྱུས་དངོས་སུ་འགོ་ཚུགས་པའམ་ཆེས་སྔ་དུས་ཀྱི་མིའི་རིགས་ཐོག་མར་བྱུང་དུས། ཁོ་ཚོ་ནི་ཁྱིམ་ཚང་རེ་རེ་བཞིན་ཚོགས་པ་ཆུང་ཆུང་རེ་བྱས་ཏེ་འཚོ་བཞིན་ཡོད་པ་འདྲ་ལ། མིའི་རིགས་ཀྱི་ཚོ་ཁག་ཀྱང་ཁྱུ་དང་ཁྱུ་བྱས་ཏེ་འཚོ་བའི་སྔ་དུས་ཀྱི་གོག་བགྲོད་སྲོག་ཆགས་རིགས་དང་མཚུངས་པར་ཁྱིམ་རྒྱུད་གཅིག་གི་མི་རྣམས་ཐུན་མོང་དུ་གཞི་གཅིག་ཏུ་འཚོ་བཞིན་ཡོད་པ་འདྲ། འོན་ཀྱང་། ཚོ་ཁག་ཅིག་དངོས་སུ་འགྲུབ་དགོས་ཚེ། ངེས་པར་དུ་མི་སྒེར་སོ་སོའི་རང་ཉིད་གཙོར་འཛིན་གྱི་འདུ་ཤེས་ལ་འབུར་འཇོམས་བྱ་དགོས་པ་མ་ཟད། དར་མ་དག་ལའང་ཕ་མར་བརྩི་བཀུར་གྱི་འདུ་ཤེས་ངེས་པར་དུ་ཡོད་དགོས་པ་ཡིན། དེ་བཞིན་ཚོ་ཁག་ནང་གི་རྒན་པ་ཚོས་ན་ཆུང་གཞོན་ནུ་རྣམ་པར་ཕྲག་དོག་གི་བསམ་བློ་ཆུང་དུ་གཏང་རྒྱུ་ཤིན་ཏུ་གལ་ཆེ་ལ། བྱིས་པ་རྣམས་ཀྱི་སྲུང་སྐྱོབ་པ་དང་མཛུབ་སྟོན་པ་ཡིན་པའི་ཆ་ནས་ཨ་མས་རང་གི་སྤྱོད་ལམ་དངོས་ཀྱིས་བུ་བུ་མོར་ཁྲིད་སྟོན་བྱ་རྒྱུ་ཡང་གལ་ཆེ། མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་འཕེལ་རྒྱས་སུ་འགྲོ་ཐུབ་པའི་རྒྱུ་མཚན་ནི་ཕྱོགས་གཅིག་ནས་ན་གཞོན་དག་ལ་འཚར་ལོངས་བྱུང་རྗེས་ཕ་མ་དང་འབྲལ་ཞིང་བཟའ་ཟླ་འཚོལ་བའི་ལྷན་སྐྱེས་ཀྱི་ཁྱད་ནུས་ལྡན་པ་དང་། ཕྱོགས་གཅིག་ནས་སྒེར་ཚུགས་ཀྱི་འཚོ་བ་རོལ་འགོ་ཚུགས་པ་ལས་འབྱུང་ངེས་པའི་ཉེན་ཁ་དང་གནོད་པ་བཟློག་ཕྱིར་ཕན་ཚུན་རོགས་འདེགས་བྱ་དགོས་པས་ཡིན་ཏེ། འདི་ལྟའི་འགལ་ཟླར་གྱུར་ཅིང་གཅིག་གྱུར་དུ་གནས་པའི་བསམ་སྤྱོད་ཁྲོད་མིའི་རིགས་རིམ་བཞིན་འཕེལ་རྒྱས་བྱུང་བ་རེད། ཕུལ་བྱུང་གི་རིག་སྟོབས་མངའ་བའི་མིའི་རིགས་རིག་པ་བJ•J•ཨ་ཐི་ཅིན་སིན་གྱིས་ཁོ་རང་གིས་བརྩམས་པའི《 གདོད་མའི་ཁྲིམས་སྲོལ།》ནང་ཤེས་རིག་མ་དར་སའི་མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་དང་འཛེམ་བྱའི་སྐོར་ཞིབ་བརྗོད་བྱས་ཡོད་དེ། དེ་ལྟའི་ཁྲིམས་སྲོལ་ནི་གདོད་མའི་ཚོ་ཁག་ཁྲོད་ཀྱི་རྒྱུན་མཐོང་གི་དོན་ཞིག་ཡིན་པ་དང་དེ་ཡང་གདོད་མའི་མིས་ཐུན་མོང་རང་བཞིན་གྱི་སྤྱི་ཚོགས་འཚོ་བ་རོལ་དུས་ངེས་པར་དུ་ཚོགས་མིའི་སེམས་ཁམས་ལ་ཚོད་འཛིན་དང་གཅུན་འདོམས་བྱ་དགོས་པས་བྱུང་བ་རེད། སེམས་ཁམས་དབྱེ་ཞིབ་རིག་པ་དག་གི་དུས་ཕྱིས་ཀྱི་ཞིབ་འཇུག་ཁྲོད་ཨ་ཐི་ཅིན་སིན་གྱི་འགྲེལ་བརྗོད་འདིར་ར་སྤྲོད་བདེན་དཔང་བྱས་འདུག
གདོད་མའི་མིས་རྒན་རབས་པར་བརྩི་བཀུར་དང་ཡི་རང་བྱེད་ཅིང་། རང་ཉིད་སྲུང་སྐྱོབ་བྱེད་མཁན་གྱི་བུད་མེད་རྒན་པར་བརྩེ་འདང་བཅངས་པ་ནི་ཏག་ཏག་རང་སོ་སོའི་གཉིད་ལམ་དང་འཆར་ཡན་སྣ་ཚོགས་པའི་འགྱུར་བག་ཁྲོད་མི་དེའི་སྣང་བརྙན་ཇེ་ལེགས་ཇེ་བརྟན་དུ་བཏང་བ་རེད་ཅེས་བསམ་གཞིག་ལ་སྤྲོ་བའི་རྩོམ་པ་པོ་ལ་ཤས་ཀྱིས་ང་ཚོར་འཆད་ཀིན་འདུག་སྟེ། འདི་ལྟའི་བསམ་བློས་ལྷ་ལྷ་མོའི་ཐ་སྙད་དང་གདོད་མའི་ཆོས་ལུགས་འགྲུབ་པར་བྱེད་ནུས་གལ་ཆེན་བཏོན་ཡོད་པ་རེད། གདོད་མའི་མི་རྣམས་ཀྱིས་མི་གཞན་ལ་རོགས་སྐྱོར་བྱེད་རྒྱུར་དགའ་བ་དང་ནུས་མཐུ་ཆེ་བའི་མི་དག་ལ་བཀུར་བསྟི་ཆེན་པོ་བྱེད་བཞིན་ཡོད་ཅིང་། དེ་ལྟའི་བསམ་བློས་མི་དེ་དག་ཤི་བར་གྱུར་ཚེ་དེ་ཚོར་ཚད་འདས་ཀྱི་བརྩི་བཀུར་བྱེད་འདོད་ཅིག་དང་འཇིགས་ཤིང་སྐྲག་པའི་སྣང་བ་ཞིག་རང་བཞིན་དུ་སྐྱེས་པ་ཡིན་ཏེ། འདས་པོ་དེ་དག་གི་སྣང་བརྙན་གདོད་མའི་མིའི་རྨི་ལམ་ཁྲོད་ཡང་དང་བསྐྱར་དུ་བྱུང་བས། ཁོ་ཚོས་མི་དེ་དག་དངོས་སུ་ཤི་སོང་བ་མ་ཡིན་པར། ཁྱད་མཚར་བའི་ངང་དུ་རྒྱང་ཐག་རིང་ཞིང་ནུས་མཐུ་ཁྱད་པར་ཅན་མངའ་བའི་ཡུལ་ཞིག་ཏུ་ཕྱིན་སོང་བར་ཡིད་ཆེས་བྱས་པས་རེད།
བྱིས་པའི་རྨི་ལམ་གྱི་སྣང་ཚུལ་དང་བསམ་པའི་འཆར་སྒོ། འཇིགས་སྐྲག་གི་སྣང་བ་ནི་མི་དར་མ་རྣམས་དང་བསྡུར་ན་ལྷག་ཏུ་གསོན་ཉམས་ཅན་དང་དོན་དངོས་ཅན་དུ་སྣང་། འདི་དག་གི་ཐད་ནས་བཤད་ན་གདོད་མའི་མི་རྣམས་ཀྱི་བསམ་བློ་ནི་ང་ཚོའི་བྱིས་པ་རྣམས་ཀྱི་བསམ་བློ་ཧ་ཅང་འདྲ་བ་མ་ཟད། སྲོག་ཆགས་དང་ཡང་འདྲ་སྟེ། གདོད་མའི་མི་རྣམས་ཀྱིས་སྲོག་ཆགས་དག་ལ་ཡང་རང་ཉིད་དང་འདྲ་བར་ལས་དོན་གང་རུང་བསྒྲུབ་འདོད་ཀྱི་ཀུན་སློང་དང་བརྩེ་འདང་ཡོད་པར་བསམས་ནས། ནམ་རྒྱུན་རང་གི་བསམ་ཚོད་ལྟར་སྲོག་ཆགས་དག་རང་གི་གྲོགས་པོ་དང་དགྲ་ཟླ། ལྷ་སོགས་སུ་འཆར་བར་བྱས་པ་རེད། དེ་བས། ཁྱེད་ཀྱིས་གཟུགས་དབྱིབས་སྣ་ཚོགས་པའི་བྲག་རྡོ་དང་ཤིང་མཛེར། འཛིངས་ཤིང་འཁྲུགས་པར་སྐྱེས་པའི་སྡོང་ཆེན་དང་དེ་ལྟའི་དངོས་རིགས་གཞན་རྣམས་གདོད་མའི་མིར་ཇི་འདྲའི་གལ་ཆེ་ལུགས་དང་ཤུགས་རྐྱེན་ཆེ་ལུགས། དུང་ཞེན་ཆེ་ལུགས་སོགས་རྟོགས་འདོད་ན། དངོས་པོ་འདི་དག་ལ་རྟེན་ཅིང་འབྲེལ་བའི་རྨི་ལམ་དང་འཆར་ཡན་གྱི་རྟོག་པ་ཇི་ལྟར་བྱུང་ལུགས་རྟོགས་འདོད་ན། ཁྱད་མཚར་གྱི་གཏམ་རྒྱུད་དག་ཇི་ལྟར་ངག་ནས་ངག་ཏུ་བརྒྱུད་དེ་མི་རྣམས་ཡིད་ཆེས་པའི་བདེན་དོན་དུ་གྲུབ་ལུགས་རྟོགས་འདོད་ན། ཁྱེད་ལ་ངེས་པར་དུ་བྱིས་པ་རྣམས་ལྟར་གྱི་ཕུན་སུམ་ཚོགས་པའི་འཆར་སྒོ་ལྡན་དགོས་པ་རེད། དེ་ལྟའི་གཏམ་རྒྱུད་ལས་ཡིད་ལ་འཛིན་བདེ་ཞིང་བསྐྱར་བཤད་བྱེད་སླ་བ་དག་བུད་མེད་ཚོས་རང་གི་བྱིས་པར་འཆད་ཅིང་ཉན་པར་བྱས་ཏེ་མི་རབས་ནས་མི་རབས་སུ་སྤེལ་བས་རིམ་གྱིས་ངག་རྒྱུན་གྲུབ་བྱུང་བ་རེད། དེང་དུས་ཀྱི་བྱིས་པ་ཚོས་ཀྱང་རང་གི་ཕུན་སུམ་ཚོགས་པའི་འཆར་སྒོ་ལ་བརྟེན་ནས་གཏམ་རྒྱུད་རིང་བོ་ཞིག་བསྒྲིགས་ཏེ་འཆད་པར་བྱེད་ལ། ཁོ་ཚོས་རང་ཉིད་ཀྱི་རྩེད་ཆས་དང་ཡིད་དགའ་སའི་སྲོག་ཆགས། མི་མིན་ཟོག་མིན་གྱི་ཁྱད་མཚར་བའི་སྲོག་ཆགས་སོགས་གཏམ་རྒྱུད་ཀྱི་མི་སྣ་གཙོ་བོར་འཇོག་པ་ཡིན་ཏེ། ཧ་ལམ་གདོད་མའི་མི་དག་གིས་ཀྱང་འདི་ལྟར་བསམ་བཞིན་ཡོད་ཤས་ཆེ། འོན་ཀྱང་ཁོ་ཚོས་བྱིས་པ་ལས་ཀྱང་ལྷག་པར་རང་ཉིད་ཀྱིས་བསྒྲིགས་པའི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་གཙོ་བོ་དག་ནི་དངོས་དོན་དུ་འཚོ་ཞིང་གཞེས་པར་སེམས་བཞིན་ཡོད།
ང་ཚོས་ད་ལྟ་ཤེས་རྟོགས་བྱུང་བའི་སྔ་དུས་ཀྱི་མིའི་རིགས་ནི་སྔ་མོ་ནས་ཁ་བརྡ་བྱེད་པར་བྱང་འདུག་པ་འདྲ་སྟེ། འདི་ཁོ་ནའི་ཐད་ནས་ཀྱང་ཉི་ཨན་ཏི་ཐེར་བ་དག་ལས་མཐོ་རིམ་དུ་གནས་ཤིང་སྔོན་ཐོན་དུ་གྱུར་འདུག རྒྱུ་མཚན་ནི་ཉི་ཨན་ཏི་ཐེར་བ་དག་ནི་ཧ་ལམ་སྐད་ཆ་བཤད་མི་ཤེས་པའི་སྲོག་ཆགས་རིགས་ཤིག་ཡིན་པས་རེད། འོན་ཀྱང་། གདོད་མའི་མིའི་སྐད་ཆ་ནི་མིང་ཚིག་ཆེས་ཉུང་ཤས་ཤིག་གིས་གྲུབ་ཡིན་སྲིད་པས། ད་དུང་ལུས་ཀྱི་ཉམས་འགྱུར་དང་ལག་བརྡ་སྣ་ཚོགས་ལ་བརྟེན་ནས་འདོད་དོན་རྫོགས་པར་སྟོན་དགོས་འདུག་སྙམ།
བླུན་ཞིང་རྨོངས་པའི་གདོད་མའི་མི་ག་འདྲ་ཞིག་ཡིན་ནའང་། ཁོ་ཚོ་སོ་སོར་རང་གི་བློ་ཚོད་ལྟར་གྱི་རྒྱུ་འབྲས་འབྲེལ་བའི་ཤེས་བྱ་ཙམ་ཀུན་ལ་ཐུན་མོང་དུ་ཡོད་པ་རེད། འོན་ཀྱང་ཁོ་ཚོས་རྒྱུན་དུ་དོན་ག་གེ་མོ་ཞིག་གི་མཇུག་འབྲས་དང་དོན་ག་གེ་མོ་ཞིག་གི་རྒྱུ་རྐྱེན་གཉིས་གཞི་གཅིག་ཏུ་བསྲེས་པར་བྱེད་ཅིང་། ཁྱེད་ཀྱིས་འདི་ལྟར་བྱས་ཚེ་དེ་ལྟའི་མཇུག་འབྲས་འབྱུང་ངེས་ཡིན་ཞེས་སེམས་བཞིན་ཡོད་དེ། དཔེར་ན། ཁྱེད་ཀྱིས་དུག་ཅན་གྱི་འབྲི་སེའུ་བྱིས་པར་བཟའ་རུ་བཅུག་པས་བྱིས་པ་ཤི་སོང་བ་རེད་ཅེས་དང་། ཁྱེད་ཀྱིས་སྟོབས་ལྡན་དགྲ་བོའི་སྙིང་ཤ་ཟོས་ན་ཁྱོད་ཀྱང་སྟོབས་དང་ལྡན་པར་འགྱུར་ངེས་ཞེས་སྙམ་གྱིན་ཡོད་པ་རེད། རྒྱུ་འབྲས་འབྲེལ་བའི་ཐད་ནས་བལྟས་ན་དཔེར་བརྗོད་གོང་མ་ནི་འགྲིག་འདུག་མོད། དཔེར་བརྗོད་ཕྱི་མར་རྒྱུ་འབྲས་ཀྱི་འབྲེལ་བ་གྲུབ་དཀའ། དེ་བས། ང་ཚོས་དཔེར་བརྗོད་འདི་དང་ཕྱོགས་མཚུངས་ཀྱི་གདོད་མའི་མིའི་རིགས་ཀྱི་རྒྱུ་འབྲས་འབྲེལ་བའི་ལྟ་ཚུལ་ལ དངོས་པོ་ལྷ་རུ་བཀུར་བ་ཞེས་བརྗོད་པ་ཡིན་ཏེ། དེ་ནི་གདོད་མའི་མིའི་ཚན་རིག་རེད། ཁོ་ཚོའི་ཚན་རིག་གི་ལྟ་བ་དེས་རང་ཉིད་ཀྱི་བསམ་པའི་འཆར་སྒོ་ཁོ་ན་གཙོར་འཛིན་ཏེ། དེ་ནི་མ་ལག་ཆ་ཚང་ཅན་ཞིག་དང་བློ་ཞིབ་མོའི་མཐའ་དཔྱོད་བཟོད་པ་ཅན་ཞིག་མ་ཡིན་པར། དེང་རབས་ཀྱི་ཚན་རིག་དང་ཁྱད་པར་ཆེ།
སྤྱིར་བཏང་དུ་དོན་གང་རུང་གི་རྒྱུ་རྐྱེན་དང་མཇུག་འབྲས་གཉིས་གཞི་གཅིག་ཏུ་སྦྲེལ་རྒྱུ་ནི་དེ་འདྲའི་ཁག་པོ་ཞིག་མ་ཡིན་ཞིང་། དམིགས་བསལ་གྱི་གནས་བབ་འོག་ཏུ་ཡང་མིའི་རིགས་ཀྱི་ལག་ལེན་དངོས་ཀྱི་མྱོང་བས་སྔོན་མའི་ནོར་འཁྲུལ་གྱི་བསམ་བློ་ཡོ་བསྲང་བྱེད་སྲིད། འོན་ཀྱང་། གདོད་མའི་མིས་དོན་གནད་གལ་ཆེན་ལ་ཤས་སྟེང་ནུས་ཤུགས་ཡོད་རྒུས་རྒྱུ་རྐྱེན་ཡང་དག་རྩད་ཞིབ་བྱས་ནའང་རྙེད་རྟོགས་བྱུང་བའི་འགྲེལ་བརྗོད་ནི་ནམ་རྒྱུན་ནོར་འཁྲུལ་ཅན་དུ་འདུག་ལ། ཁོ་ཚོས་རང་ཉིད་ཀྱི་ནོར་འཁྲུལ་གྱི་ཆ་དེ་ལས་སླ་མོར་རྟོགས་ཐུབ་པ་མ་ཡིན། ཁོ་ཚོར་མཚོན་ན། ཆེས་གལ་འགངས་ཆེ་བའི་ལས་དོན་ནི་རི་དྭགས་གྲངས་མེད་ཅིག་དང་ཉ་དང་ཆུ་འབུ་གློ་ཉ་འབོར་ཆེན་ཞིག་ལས་སླ་མོར་ལག་ཏུ་འཐོབ་རྒྱུ་དེ་ཡིན་ཏེ། དེ་འཐོབ་ཆེད་དུ་ཁོ་ཚོས་མགོན་སྐྱོབ་ཀྱི་ནུས་མཐུ་མངའ་བའི་ལྷ་ཞིག་ཡོད་ངེས་པར་དོགས་པ་སྤུ་ཙམ་ཡང་མེད་པར་ཡིད་ཆེས་བྱེད་ཅིང་། དེ་ལྟའི་ལྷ་ལ་མཆོད་འབུལ་དང་མོ་ལུང་ཞུས་ནས་རང་གི་བསམ་འདུན་འགྲུབ་པར་བརྩོན་གྱིན་ཡོད། ཁོ་ཚོས་སྐྱེ་རྒ་ན་འཆིར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་དེ། མཚམས་ལ་རེར་རིམས་ནད་བྱུང་ནས་མི་རྣམས་ཡ་ང་སྙིང་རྗེའི་གནས་སུ་གྱར་ཏེ་འཆི་འགྲོ་ལ། མཚམས་རེར་ནད་རྟགས་གསལ་བོ་ཞིག་ཀྱང་མེད་པར་མི་རྣམས་སྡུག་བསྔལ་བར་འཆི་འགྲོ་བ་སོགས་འོང་བས། འདི་ལྟའི་གནས་ཚུལ་དང་འཕྲད་ཚེ་ཁོང་རྣམས་རྟག་ཏུ་འཚབ་འཚབ་པོ་དང་རྟབ་རྟབ་པོར་གྱུར་ཅིང་སྡུག་བསྔལ་བར་གྱུར་ནས་སྨྱོ་རྩུབ་ཀྱི་སྤྱོད་ལམ་གང་མང་འབྱུང་ངེས། གདོད་མའི་མི་དག་ལ་དེང་གི་བྱིས་པ་དག་དང་འདྲ་བར་འཇིགས་སྐྲག་དང་ཉེན་ཁའི་སྣང་བ་སྐྱེས་སླ་བ་ཡིན་འདུག་ཅིང་། གཉིད་ལམ་དང་སྟོང་སྣང་ལྟ་བུའི་རྣམ་པའི་ཁྲོད་ཀྱི་ཚོད་རྟོག་བརྒྱུད་ནས་ཁོ་ཚོས་མཚམས་རེར་མི་ག་གེ་མོ་དང་སྲོག་ཆགས་གང་རུང་ངམ་དངོས་རིགས་གང་རུང་ལ་དམོད་བོར་བར་བྱེད་ཅིང་། མཚམས་རེར་མི་ག་གེ་མོ་དང་སྲོག་ཆགས་གང་རུང་། དངོས་རིགས་གང་རུང་ལ་རོགས་སྐྱོར་སྐྱབས་འཇུག་ཞུ་བ་རེད།
གནའ་སྔ་མོའི་དུས་སུ། ཚོ་ཁག་ཆུང་བའི་ཁྲོད་ཀྱི་ལོ་ན་མཐོ་ཞིང་དབང་གྲགས་ཆེ་བའི་མི་དག་ལའང་མི་ཕལ་བ་དག་དང་འདྲ་བའི་སྟོང་སྣང་དང་འཇིགས་དངངས་སྐྱེས་འོང་ནའང་། ཁོ་ཚོ་མི་གཞན་ལས་དཔའ་ཞིང་བརྟན་པས། དོན་དག་གང་ལ་འཕྲད་ཀྱང་བརྟན་བརླིང་ཞུམ་མེད་དུ་གནས་པ་མ་ཟད། ནམ་རྒྱུན་རང་ཁོངས་ཀྱི་མི་རྣམས་ལ་བསླབ་འདོམས་མཛུབ་སྟོན་བྱེད་ཅིང་། སྣང་ཚུལ་ག་འདྲ་ནི་ལྡོག་ཏུ་མེད་ཅིང་ག་འདྲ་ནི་བཀྲ་མི་ཤིས་པ། ག་འདྲ་ནི་དགེ་བ་དང་ག་འདྲ་ནི་མི་སྡུག་པ་ཡིན་ཚུལ་གྱི་རྟགས་དང་མཚན་མ་གསལ་བཤད་བྱ་ངེས། ཆེས་ཐོག་མའི་མཆོད་དཔོན་དག་ནི་དངོས་པོ་ལྷ་རུ་བཀུར་བར་བྱང་བའི་ལྷ་འབེབས་སྨན་པ་ཡིན་ཞིང་། ཁོ་ཚོའི་འགན་འཁུར་གཙོ་བོ་ནི་བསླབ་བྱ་དང་མ་འོངས་ལུང་བསྟན་རྒྱག་པ། རྨི་ལམ་གསེད་གྲོལ་བྱེད་རྒྱུ་དེ་ཡིན་ལ། ད་དུང་གོ་རིམ་རྙོག་འཛིང་ཆེ་བའི་མོ་རྩིས་རྫུ་འཕྲུལ་ལ་བརྟེན་ནས་གེགས་སེལ་བོགས་འདོན་ཡང་བྱེད་ངེས། ང་ཚོས་དེང་དུས་དད་གུས་དང་སྲུང་བརྩི་བྱེད་བཞིན་པའི་ཆོས་ལུགས་ནི་གདོད་མའི་ཆོས་ལུགས་མ་ཡིན་ཞིང་། དོན་དངོས་སུ་གདོད་མའི་ཆོས་ལགས་ཀྱི་མཆོད་དཔོན་དག་གིས་བརྒྱུད་སྒྲོག་བྱེད་བཞིན་པ་ནི་རང་གི་ནང་སེམས་ཀྱི་བསམ་འདུན་ལྟར་ཐག་བཅད་པའི་རང་བྱས་བདེན་འཛིན་གྱི་གདོད་མའི་དུས་ཀྱི་ཉེར་སྤྱོད་ཚན་རིག་ཅིག་རེད། །