གཅེས་ཕྲུག ངའི་རེ་བར་ཁྱོད་ནི་དུས་ནམ་ཡིན་ཡང་ཕུགས་བསམ་རིང་ལུགས་པ་ཞིག་ཡིན་ན་བསམ། ཁྱོད་ཞིང་པ་ཞིག་ཡིན་ཆོག་ལ་བཟོ་བཀོད་པ་ཞིག་ཡིན་ཀྱང་ཆོག འཁྲབ་སྟོན་སྒྱུ་རྩལ་པ་ཞིག་ཡིན་ཆོག་ལ་མདོ་མེད་སྤྲང་པོ་ཞིག་ཡིན་ཀྱང་ཆོག གང་ལྟར་ཡང་ཕུགས་བསམ་རིང་ལུགས་པ་ཞིག་ངེས་པར་དུ་ཡིན་དགོས།
ཁྱོད་བྱིས་པ་ཡི་དུས་སུ། ངས་ཁྱོད་ཀྱི་རྣ་ལམ་དུ་དཔའ་བོའི་གཏམ་རྒྱུད་འཆད་པ་ནི་ཁྱོད་ཀྱི་རྒྱུད་ལ་སྤྱོད་ལམ་བཟང་པོ་ཞིག་འབྱུང་དུ་འཇུག་རྒྱུ་ལས་ཁྱོད་དཔའ་བོ་ཞིག་ཏུ་འགྱུར་ཕྱིར་མིན། གཞོན་ནུའི་དུས་སུ་ཁྱོད་སྙན་ངག་དང་རི་མོ། གླུ་དབྱངས་སོགས་སྦྱོང་དུ་འཇུག་དོན་ཡང་ཁྱོད་ཀྱི་སེམས་ཁམས་སུ་གཡའ་དག་པའི་མཚོ་མོ་ཞིག་རྒྱས་སུ་འཇུག་རྒྱུ་སྟེ། མི་ཚེ་གཅིག་ཁྱོད་ཀྱི་ལུས་སེམས་ཐང་རྒོད་དུ་མི་འགྱུར་ཞིང་གྲང་རེག་གི་བུ་ཡུག་འཚུབ་པའི་དགུན་ཟླ་རྩུབ་མོའི་ནང་དུ་འང་མེ་ཏོག་གི་དྲི་བསུང་དང་འགྲོགས་ཐུབ་པའི་ཕྱིར་དུ་ཡིན། ཕུགས་བསམ་གྱིས་མི་རྣམས་རྨད་དུ་འབྱུང་ཐུབ། གཅེས་ཕྲུག ཕྱིའི་རྣམ་པར་དང་དོད་མ་བྱེད། ཕུགས་བསམ་ཅན་ནི་ཀུན་ལས་མཛེས། བུད་མེད་མཛེས་མ་དག་ཀྱང་ཐ་མལ་བའི་རྐྱེན་གྱིས་གཞན་གྱི་འཆིལ་ཞགས་འཕེན་ཡུལ་དུ་འགྱུར་སྲིད། ཕུགས་བསམ་མངོན་དུ་འགྱུར་རྒྱུ་དེ་ལས་སླ་མོ་ཞིག་མིན་ལ་ཕུགས་བསམ་དེའི་ཆེད་དུ་ཁྱོད་ལ་འགེགས་བར་སྣ་ཚོགས་འཕྲད་སྲིད། འོན་ཀྱང་། ཁྱོད་ཀྱིས་འབད་འཐོབ་ལྷོད་མེད་གྱིས་ཤིག ཕུགས་བསམ་རིང་ལུགས་པ་ཞིག་གི་མཇུག་འབྲས་དེ་སྐྱོ་ཞིང་བརྗིད་པ་ཞིག་ཡིན་དུ་ཆུགས་ཀྱང་ངོ་གནོང་དགོས་པ་ཞིག་གཏན་ནས་མིན། ཁྱོད་ཀྱིས་དཀར་ནག་གི་ངོ་རིས་མི་གཅིག་པའི་མི་ཚོགས་ཀྱི་གསེང་ནས་མཁས་པ་དང་སྐྱེས་བུ་དམ་པ་མང་པོ་ངོ་ཤེས་སུ་འགྱུར་སྲིད་ལ། གཞན་གྱིས་མཐོང་མ་མྱོང་བའི་ལྟད་མོ་སྣ་ཚོགས་མཐོང་ཆོས་སུ་འགྱུར་སྲིད། དཀྱུས་མའི་ངང་ཚུལ་འཛིན་རྒྱུ་དེ་གཏན་འཇགས་ཀྱི་འཚོ་ཐབས་ཤིག་ཡིན་ཀྱང་ཁྱོད་ཀྱིས་དང་དུ་ལེན་བྱེད་མ་ཡིན། ཕྲན་ཚེགས་ཀྱི་ཕན་ཁེའི་དོན་དུ་རང་གི་ཕུགས་བསམ་དོར་མི་རུང་ཞིང་གཞན་གྱི་ཟེར་སྒྲོས་ཀྱི་རྗེས་སུ་འབྲངས་སྟེ་རང་གི་ཆོད་སེམས་བོར་མི་རུང་། དངོས་པོའི་འཇིག་རྟེན་ནི་རྙོག་འརྫིང་ཆེ་བས་ཁྱོད་ཀྱིས་ཇི་ལྟར་མིང་གྲགས་སྐམ་པོའི་བླུ་བྲིད་ལྡོག་ཐབས་ཤེས་དགོས། ཕུགས་བསམ་དེ་དངོས་ཕན་ཅན་ཞིག་མིན་སྟབས་དེས་ཁྱོད་ལ་ཟང་ཟིང་གི་ལོངས་སྤྱོད་བསྩལ་ཐབས་བྲལ། དེར་བརྟེན་ཁྱོད་ཀྱིས་གཞན་གྱི་སྔགས་བརྗོད་ཀྱི་ཕྱི་རོལ་དུ་འཚོ་ཐུབ་པ་དང་ནང་སེམས་ཀྱི་ལོངས་སྤྱོད་ལ་རོལ་ཐུབ་པ། གཞན་དང་མི་མཚུངས་པ་བཅས་བྱ་ཐུབ་པ་དགོས།
གཅེས་ཕྲུག ངའི་རེ་བར་ཁྱོད་ནི་བབ་བརླིང་ཅན་གྱི་མི་ཞིག་ཡིན་ན་བསམ། མི་ཚེ་ནི་ཞི་མིའི་ཨ་སྟོང་ལྟར་ཐུང་ཞིང་ཟོལ་བཅོས་ཀྱིས་ཁྱབ་པས་ཁྱོད་ལོག་ལམ་དུ་འཁྱར་བདེ་ཞིང་མཐའ་མར་ལག་ཟུང་སྟོང་བར་ལུས་པའི་ཉེན་ཁ་ཆེ། གལ་ཏེ་ཁྱོད་མཚར་ཞིང་སྡུག་པའི་བུ་མོ་ཞིག་ཡིན་ཚེ། ན་སོ་གཞོན་དུས་སྟགཤར་མང་པོའི་གཅེས་སྐྱོང་འཐོབ་སྲིད་ཅིང་། གཞན་རྟེན་གྱི་འཚོ་སྟངས་དེས་ཁྱོད་མཐོང་རྒྱ་ཆུང་ཞིང་གཡོ་ཟོལ་ཅན་དུ་འགྱུར་སྲིད། གལ་ཏེ་ཁྱོད་སྤྱང་གྲུང་ལྡན་པའི་ཕོ་གཞོན་ཞིག་ཡིན་ཚེ། རང་གིས་རླབས་ཆེ་བའི་བྱ་གཞག་མང་པོ་གཏོད་ཐུབ་སྙམ་སྟེ་ཁ་ཡང་ཅན་དུ་འགྱུར་སྲིད། ཉོན་ཅིག མི་རེ་རེའི་འཇོན་ཐང་ལ་ཚད་བཀག་ལྡན་པས་ནམ་འཚོའི་བར་དུ་ཁུངས་འཁྱོལ་བའི་བྱ་བ་སྣ་རེ་སྒྲུབ་པས་ཆོག་སྟེ། དཔེ་དེབ་སྤུས་ལེགས་གཅིག་བརྩམས་པ་འམ་ཁྱིམ་བདག་མ་བཟང་མོ་ཞིག་བྱས་པས་ཆོག མི་ཕལ་བར་མཐོང་ཆུང་བྱ་མི་ཉན་ལ་མགོ་བདེ་དྲན་འཕྲུལ་མ་བྱེད། རང་གི་སྒྲུབ་མི་ནུས་པའི་བྱ་བ་ལོགས་སུ་སྐྱུར་ཅིག ཁྱོད་ནར་སོན་རྗེས་ཁུངས་འཁྱོལ་བའི་བྱ་བ་སྒྲུབ་རྒྱུ་དེ་ཅི་འདྲའི་དཀའ་བ་ངེས་ཤེས་འདྲོངས་སྲིད་ཀྱང་བྱ་བ་ཅི་ཞིག་ཡིན་རུང་ཁུངས་འཁྱོལ་བར་སྒྲུབ་ཅིག
ཁྱོད་ཀྱིས་མཛའ་བཤེས་ལ་གཙིགས་འཛིན་བྱ་དགོས། སྐྱེས་ཕོ་མོ་སུ་ཞིག་གམ་ཐག་ཉེ་རྒྱང་གང་ཞིག་ཡིན་རུང་། ལན་ཅིག་ངོ་ཤེས་སུ་འགྱུར་ཐུབ་པ་ནི་སླ་མོ་ཞིག་ག་ལ་ཡིན། གྲོགས་སྒྲིགས་པའི་གོ་རིམ་ནང་དུ་གོ་འཛོལ་དང་འགལ་ཟླ་འབྱུང་སྲིད། འོན་ཀྱང་། ཁྱོད་ཀྱིས་འདང་ཞིག་རྒྱོབ་དང་འཇིག་རྟེན་གྱི་ཁམས་ཆེན་མོ་འདིར་ལས་དབང་གིས་སྐུལ་བའི་མི་ཇི་ཙམ་ལྷན་དུ་འདུ་ཐུབ་བམ། ཟླ་བོ་ཇི་ཙམ་བཟང་ཡང་མཐའ་མར་བྲལ་དགོས་པ་ཁྱོད་ཀྱིས་ཤེས་དགོས། འཚོ་བའི་ལམ་བུའི་ཐོག་ཏུ་སེམས་པ་ཕྲ་མོ་ཞིག་གིས་ཁྱོད་ཀྱི་ཅི་བཤད་ལ་ཉན་ཅིང་ཅི་བསམ་སྲོང་པོར་བརྗོད་མཁན་ལ་ཐུགས་རྗེ་ཆེ་ཞུ་འོས། ཁྱོད་ཀྱིས་རང་ལ་དགའ་དགོས་ལ་གཞན་ལ་ཡང་དགའ་དགོས། རང་སེམས་ཤེས་དགོས་ལ་གཞན་སེམས་རྟོགས་དགོས། ཁྱོད་ཀྱི་སེམས་པ་ཆུ་མོ་བཞིན་དུ་མཉེན་ཤ་ལྡན་དགོས་ལ་ཁྱོད་ཀྱི་མིག་ཟུང་དཔྱིད་ཀ་བཞིན་དུ་སྒེག་ཉམས་ལྡན་དགོས། ཁྱོད་ཀྱིས་ངུ་ཤེས་དགོས་ལ་མུན་ནག་གི་ཁྲོད་དུ་ཁེར་རྐྱང་ངང་སྐྱོ་གདུང་གི་གླུ་དབྱངས་ཉན་ཤེས་པ་དགོས། སྐྱོ་གར་གྱིས་ཁྱོད་ཀྱི་སེམས་ཁམས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པས་ཁྱོད་ཀྱིས་སྐྱོ་གར་མྱོང་རོལ་ཐུབ་པ་དགོས།
ངའི་རེ་བར་ཁྱོད་ནི་སྒེར་ཚུགས་ཅན་གྱི་མི་ཞིག་ཡིན་ན་བསམ། ཁྱོད་ཀྱིས་འཇིག་རྟེན་པའི་ལུགས་ལ་མགོ་སྒུར་ན་མ་གཏོགས་སུས་ཀྱང་ཁྱོད་ཀྱི་སྒེར་གཤིས་གཞོམ་ཐབས་བྲལ། ཁྱོད་ཀྱིས་བདེན་པའི་རིན་ཐང་རྟོགས་དགོས། འོབས་དོང་དང་གདོང་འབག་གི་གསེང་ནས་བདེན་པ་འཚོལ་དགོས། འཇིག་རྟེན་ཁམས་ན་ཕྱི་ཚུལ་བག་དང་ལྡན་པའི་སྐྱེ་བོ་མང་ཡང་ཕུལ་བྱུང་གི་སྐྱེས་བུ་ཤིན་ཏུ་ཉུང་། ཕུལ་བྱུང་གི་སྐྱེས་བུ་དེ་དག་ཀྱང་འཛུ་བག་དང་ངག་འཁྱལ་གྱི་གཏིང་རིམ་ན་གབ་ཡོད། ཕྱི་ཚུལ་སྟེང་ནས་ང་ཚོས་གཏན་འཇགས་སུ་འགྱུར་བའི་འཇིག་རྟེན་པའི་ལུགས་ལ་འཐབ་རྩོད་བྱེད་མི་ནུས་པ་འདྲ་ན་ཡང་། ནང་སེམས་ཀྱི་གཏིང་རིམ་ན་རང་ཉིད་ཁོ་ན་རང་གི་རྒྱལ་པོ་ཡིན། གལ་ཏེ་ཁྱོད་ཀྱི་གདོང་སྟེང་ནས་ངོ་དགའི་འཇུམ་བག་ཕྱུང་ཚེ་ང་རང་ཁ་སྐྱེངས་ཏེ་འབྲོ་ངེས་ཡིན། འཇིག་རྟེན་པའི་ལུགས་ཀྱི་གནད་དོན་མང་པོ་མིག་ལ་མཛེས་ཀྱང་དོན་གྱིས་སྟོངས། དེར་བརྟེན་ཁྱོད་ཀྱིས་རང་ཉིད་གཞན་དང་བསྡུར་བ་མ་གཏོང་། དེས་ཁྱོད་ཉིད་ག་བྱེད་འདི་བྱེད་མེད་པར་གཏོང་སྲིད་ལ་ཟེར་སྒྲོས་ཅན་དུ་སྒྱུར་སྲིད།
བྱེ་བྲག་གི་སྤྱོད་ལམ་བླང་བྱའི་ཐད། ངའི་རེ་བར་ཁྱོད་ཀྱིས་གཞན་གྱི་ཁ་བརྡ་བར་གཅོད་མི་རུང་ཞིང་། ངན་ལང་འཆོར་དུ་འཇུག་མི་རུང་། ཁྱོད་ཀྱིས་མ་མཐར་ཡང་ཉིན་ལྟར་ཆུ་ཚོད་གཉིས་ཀྱི་དུས་ཡུན་སྤྱད་དེ་དཔེ་ཆ་བལྟ་ཀློག་བྱེད་དགོས་ཤིང་ཁྱོད་ལ་ཡི་གེ་བསྐྱུར་མཁན་དག་ལ་དུས་ལྟར་ཡིག་ལན་འབྲི་དགོས། རྟག་ཏུ་གཞན་གྱིས་རང་ལ་ཕན་པ་ཅི་སྒྲུབ་ཁོ་ན་མི་བལྟ་བར་གཞན་ལ་ཕན་པ་རེ་སྒྲུབ་ཨེ་ཐུབ་ལྟོས། གཞན་གྱི་ཅ་དངོས་གཡོར་རྗེས་སྐྱིན་ཚབ་འཇལ་དགོས་ལ་རང་དགར་གཞན་གྱི“གནང་སྦྱིན”གསོལ་རས་མ་ཞུ། གཞན་གྱི་ཅ་ལག་ཇི་ལྟར་བཟང་རུང་རང་ལ་མི་དབང་ཞིང་རང་གི་ཅ་དངོས་ཅི་ལྟར་ངན་ཡང་བདག་དབང་རང་ལ་ཡོད། ད་དུང་དོན་དག་གཅིག་སྒྲུབ་རྒྱུ་དཀའ་ཁག་ཆེ་ཡང་གལ་འགངས་ཆེ། སྟེ་རང་གི་ཞན་ཆ་ལེགས་བསྒྱུར་བྱ་བའི་བློ་སྤོབས་ལྡན་དགོས་པ་དེའོ། ཁྱོད་རང་འཚར་ལོངས་འབྱུང་བའི་གོ་རིམ་ནང་དུ། ཁྱོད་ཀྱིས་རང་ཉིད་ལས་འཇོན་ཐང་ཆེ་ཞིང་ཕུལ་དུ་བྱུང་བའི་སྐྱེས་བུ་མང་པོ་འཕྲད་སྲིད་ཅིང་ཁྱོད་ཀྱིས་ཁོ་ཚོའི་འཇོན་ཐང་བསམ་བཞིན་རང་གི་རྒྱུད་ན་རང་ཉིད་ཞེ་མེར་རུ་འཇུག་པའི་ཞན་ཆ་མང་པོ་ཡོད་པ་རྟོགས་སྲིད། ད་དུང་ཞན་ཆ་དེས་ཁྱོད་ཉིད་ཡིད་ཐང་ཆད་དུ་འཇུག་སྲིད། འོན་ཀྱང་། ཁྱོད་ཀྱིས་ཞན་ཆ་དེ་ངོས་བཟུང་དགོས། ཞན་ཆ་དེར་གཡོལ་མི་རུང་ཡོ་སྲང་བྱ་ཐུབ་པ་གྱིས། རང་རྩུབ་པོས་འདུལ་རྒྱུ་དེ་གཞན་འཇམ་པོས་འདུལ་རྒྱུ་ལས་ངལ་བ་ཆེ་ཞིང་དོན་སྙིང་ལྡན།
འཇིག་རྟེན་གྱི་ཆོས་ཀུན་འགྱུར་བག་ཇི་ཙམ་ཟབ་ཀྱང་མིའི་གཞུང་དྲང་དང་བརྟུལ་ཕོད། སྒེར་གཤིས་ཁོ་ན་རྟག་བརྟན་ཐེར་ཟུག་ལགས། ངའི་རེ་བར་གཅེས་ཕྲུག་ཁྱོད་ཕུལ་བྱུང་གི་མི་ཞིག་ཏུ་འགྱུར་ན་བསམ། །