སྔོན་འགྲོའི་གཏམ།
དེ་ཡང་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན་པའི་ཆ་ནས་རང་གི་ལོ་རྒྱུས་གསལ་པོ་ཞིག་མ་གོ་ན་ནགས་ཀྱི་སྤྲེའུ་ཉིད་དང་ཁྱད་པར་མེད་པ་ལྟར། སྤྱིར་འཛམ་གླིང་གི་ལོ་རྒྱུས་དང་གནས་བབ་སོགས་མ་གོ་རུང་མ་མཐའ་ཡང་རང་ས་རང་ཡུལ་གྱི་ལོ་རྒྱུས་དང་རིག་གནས་ལ་ཆ་རྒྱུས་ཤིག་དགོས་ངེས་ཡིན་པས། དཀར་མཛེས་ཉིན་རེའི་ཚགས་པར་ཁང་བོད་ཡིག་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ནས་རང་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་མིང་གི་འབྱུང་ཁུངས་ལ་དཔྱད་པ་གཙོས་པའི་རྫོང་ཁག་སོ་སོའི་གནས་ཚུལ་རགས་བསྡུས་དང་། རྫོང་གླུ། ལམ་སྒྲོན། རིག་གནས། ཡུལ་སྐོར་བཅས་པར་རིས་དང་སྦྲགས་པའི་ཆེད་བསྒྲིགས་ལེ་ཚན་ཞིག་རྒྱ་ཆེ་བའི་གཟིགས་པ་པོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པར་མ་ཟད། ད་དུང་འཕྲིན་ཕྲན་སྤྱི་སྟེགས་ནས་རང་གི་ཆེས་དགའ་བའི་རྫོང་དང་གྲོང་ཁྱེར་ལ་བསྟོད་པའི་འདེམས་ཤོག་ཀྱང་འཕང་ཆོག་ལ་དཔྱད་གཏམ་ཡང་གཞག་ཆོག་པ་རེད།
རྟའུ་ཡི་མིང་གི་འབྱུང་ཁུངས།
རྟའུ་ཤོད་ཆེན་ལྗོངས་ཞེས་པ་དེར་རྟའུ་ཞེས་པའི་མིང་ཇི་ལྟར་ཐོགས་སམ་ཞེ་ན། དེ་ཡང་སྔ་མོའི་མིས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་ཞིག་ཡིན་སྙམ། རྟའུ་བའི་ཤར་ཕྱོགས་སུ་གནས་པའི་རྒྱལ་རོང་དགེ་བཤེས་རྩའི་རྒྱལ་པོའི་མངའ་འོག་དགེ་བཤེས་ས་པ་ཟེར་བའི་གྲོང་ཚོ་ཞིག་ཡོད་པ་དང་། གྲོང་ཚོ་དེ་ནས་རྟའུ་ཕྱོགས་སུ་ཕར་བལྟས་ན་པ་རྟ་པ་ལ་ཟེར་བའི་རི་ཞིག་མངོན་གྱི་ཡོད། རི་དེ་ལ་རྒྱང་ལྟ་བྱེད་སྐབས་རི་དེའི་རྩེ་མོ་ནི་རྟའི་རྣ་བ་དང་ཨ་ན་མ་ན་མཐོང་གི་ཡོད་སྟབས། རི་དེ་ལ་རྟ་པ་ལ་ཞེས་ཟེར་གྱི་ཡོད་ལ། རྟ་པ་རིའི་ཕར་རྒྱབ་ན་རྟའུ་ཡོད་ཅིང་དེར་གནའ་སྔ་མོ་རྒྱལ་རོང་པའི་དྲེལ་པ་དང་མཛོ་པ་སོགས་འགྲིམ་འགྲུལ་རྒྱུ་ལམ་གཙོ་བོ་དེ་རྟ་པ་ལ་བརྒྱུད་ནས་རྟའུ་ལུང་ཕུག་ལུང་པ་འགྲིམས་ཏེ་སྟོད་ཉི་མ་ལྷ་སར་འགྲོ་དགོས་པ་དང་།
དུས་དེའི་རྒྱལ་རོང་བ་ཚོས་རྟ་པ་རིའི་རི་རྒྱབ་ན་འུ་འཐེ། འུ་ཤུ། འུ་འགྱུ་ར། འུ་འཇུ་ཅད། འུ་ཀེའམ་འུ་ཕྱོ། འུ་རྒུ་མད། འུ་སྐྱོ་གྱོ། འུ་ཐུ་པད། འུ་འཐུག འུ་རུ། འུ་མད། འུ་གཅར( རིམ་བཞིན་ཐུངས་ཤིག་དང་། ཕར་སོང་། རྒྱུགས་ཤིག འཐེན་ཅིག དེད་ཅིག ཕོངས་ཤིག རྗེད་འདེད་ཐོངས། ཕུད་ཅིག ཆུགས་ཤིག བླུགས་ཤིག བུས་ཤིག་གཅོར་ཅིག )སོགས་སྐུལ་ཚིག་ཚིག་གྲོགས་སུ་སྐུལ་ཚིག་རེའི་འགོར་འུ་ཞེས་པའི་ཚིག་གྲོགས་རེ་སྦྱར་ཏེ་གཏམ་ཤོད་མཁན་གྱི་མི་དེ་དག་ལ་མོ་དེའི་ཕར་རྒྱབ་ན་ཡོད་པས། རྟ་པ་ལའི་རྟ་དང་བྱ་ཚིག་ཚིག་གྲོགས་ཀྱི་འུ་ཟེར་བ་དེ་གཉིས་གཅིག་ཏུ་སྦྱར་ནས་རྟའུ་ཞེས་རྒྱལ་རོང་བས་རྟའུ་ལུང་པའི་མིང་དེ་ལྟར་བཏགས་སམ་སྙམ། རྒྱུ་མཚན་ནི་རྒྱལ་རོང་བས་རྟ་པ་ལའི་ཕར་རྒྱབ་སྐད་མི་འདྲ་བ་བྱ་ཚིག་མང་ཆེ་བའི་མགོར་འུ་ཞེས་ཟེར་མཁན་གྱི་མི་དེ་འདྲ་ཡོད་པས། རྟ་པ་ལའི་རྟ་དང་སྐུལ་ཚིག་ཚིག་གྲོགས་འུ་ཟེར་བ་གཉིས་གཅིག་ཏུ་སྦྱར་ནས་ལུང་པ་དེའི་མིང་ལ་རྟའུ་དང་། ལུང་པ་དེའི་མི་ལ་རྟའུ་བ་ཞེས་ཟེར་བ་རེད་ཅེས་དངོས་སྟོབས་རིགས་པས་བརྟགས་ཏེ་དེ་ལྟར་བཤད་ན་ཤིན་ཏུ་འདྲ་ཆེ་ལ་དོན་དུའང་གྲུབ་སྙམ་མོ།།
ཡང་བཤད་ཚུལ་གཞན་ཞིག་ནི་ད་ལྟའི་རྟའུ་རྫོང་གྲོང་རྡལ་གྱི་ཤར་ཕྱོགས་ཀྱི་ལ་མོ་བརྒལ་ཏེ་སོང་ན་གཡུ་ཁོག་ཅེས་པར་སླེབ། དེ་ཡང་གཡི་ཁོག་ཅེས་པའི་ཡི་གེ་ལ་འབྲི་སྲོལ་དུ་མ་ཞིག་ཏུ་ད་ལྟ་གྱུར་འདུག་ཀྱང་། དོན་དངོས་ནི་གཡི་ཁོག་ཅེས་བྲིས་ན་དག་སྙམ། རྒྱུ་མཚན་ནི་གནའ་སྔ་མོ་ཁམས་ཀྱི་རུས་མིང་དང་། ས་ཆ་མང་པོ་ཞིག་གི་མིང་སྲོག་ཆགས་ཀྱི་མིང་ལས་དྲངས་པ་མང་ཞིང་། རྟའུ་དང་གཡི་ཁོག་གཉིས་ས་མིང་ཡག་ངན་ཤོད་པའི་སྐབས་རྟ་ལས་གཡི་ཡག་ཅེས་བརྗོད་དེ་བློན་པོ་མགར་དེ་ན་བྱོན་པའི་གཏམ་རྒྱུད་ཡོད་པའི་ཕྱིར་རོ།།
རྟའུ་རྫོང་གི་ངོ་སྤྲོད་མདོར་བསྡུས།
རྟའུ་རྫོང་གི་སྲིད་གཞུང་ནི་མི་མཚོའམ་རི་སྙིང་ན་ཡོད། སྔོན་ཆད་ཧོར་སེར་རྒྱུད་ལས་དཔོན་ཞིག་གནས་འཕོས་པ་ཡིན་པར་གྲགས། ཉག་ཆུའི་སྟོད་རྒྱུད་ཡིན། གཤིས་ཆུ་ཟེར་བ་ཉག་སྟོད་ཀྱི་བྱང་ངོས་འབྲོག་གྲོང་ནས་ཤར་དུ་འབབ་པའི་རྟ་ཆུ་སྟོང་འཁོར་དང་ཧོར་ཏྲེ་བོ། བྲག་མགོ་བཅས་བརྒྱུད་ནས་འོང་པ་དེ་དང་། བྲག་མགོའི་བྱང་ཕྱོགས་སྙི་ཁོག་ནས་བྱུང་བའི་སྙི་ཆུ་གཉིས་འདྲེས་པ་ལ་ཟེར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ཕྱོགས་སུ་གནས། ཤར་ནས་དར་མདོ་མདོ་རྫོང་དང་འབྲེལ་ཞིང་། ཤར་བྱང་ཕྱོགས་སུ་རོང་བྲག་རྫོང་དང་འབྲེལ་མཚམས་སུ་ཆགས། བྱང་ནས་རྔ་བ་ཁུལ་ཆུ་ཆེན་རྫོང་གི་ས་མཚམས་དང་འབྲེལ་ཞིང་། ནུབ་ནས་བྲག་མགོ་རྫོང་དང་འབྲེལ། ལྷོ་ནས་ཉག་ཆུ་རྫོང་དང་འབྲེལ། ནུབ་ལྷོ་ནས་ཉག་རོང་རྫོང་བཅས་ཀྱི་ས་མཚམས་སུ་ཆགས་ཤིང་། རྫོང་ཡོངས་ཀྱི་ས་ཁྱོན་ལ་སྤྱི་ལེ་7546ཡོད་པ་དང་མི་འབོར་ཁྲི་4.8ཡོད་ཅིང་། བོད་རྒྱ་དབྱི་དང་ཁ་ཆེ་རིགས་སོགས་འདུས་ལ། བོད་རིགས་གཅིག་པུས་རྫོང་ཡོངས་ཀྱི་མི་གྲངས་ཀྱི་བརྒྱ་ཆ་89ཟིན་གྱི་ཡོད་པ་ཡིན། རྫོང་ཡོངས་ཀྱི་ཆ་སྙོམས་མཚོ་འཕགས་སྨི་3000དང་། རྫོང་མཁར་གྱི་མཚོ་འཕགས་སྨི་2970ཡིན།
ཤར་སྟོད་བཞག་བྲ་ལྷ་རྩེ།
རི་བོ་གྲགས་ཅན་ཤར་སྟོད་བཞག་བྲ་ལྷ་རྩེ། རྡོ་རྗེ་གཡུ་ཁྲོམ་དང་། ར་ལུ་རྨོག་མཐོ། རྦ་རོང་བྲག་དཀར། ནས་རྡེ་ཕྱུག་མོ། བཀྲ་ཤིས་རྫོང་རྒོད། ལུག་འབྲོག་གསེར་གྱི་བྱ་ཁྱུང་། རྟའུ་བྲག་དཀར( ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་སྒྲུབ་གནས་བདེ་མཆོག་གི་ཕོ་བྲང་ཡིན་ཞེས་མདོ་སྨད་ཆོས་འབྱུང་ལས་བཤད) སོགས་བན་བོན་གྱི་གཏེར་གནས་དང་སྒྲུབ་གནས་མང་། མགར་ཐར་དགོན་པ(རྒྱལ་བ་བསྐལ་བཟང་དང་གོང་མ་ཡུང་ཏྲིས་བཏབ) མྱི་མཚོ་དགོན། ཀ་བཞི་ཆགས་དགོན(འདིར་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཀླུ་ཡུལ་ནས་དྲངས་པར་གྲགས་པའི་གཏེར་འབུམ་ཡོད)གཡུ་མཁར་དགོན། དམུ་རྐྱོ་དགོན་སོགས་དགོན་སྡེ་སུམ་ཅུ་ལྷག་ཡོད། མི་ཉག་རབ་སྒང་གི་ཁོངས་ཡིན་ནོ།། གཤིས་ཆུའི་ཕར་ངོས་སུ་དཔོན་ཁྲོ་ཐུང་གི་མཁར་ཤུལ་ཡོད་པ་ལ་སྟག་མཁར་ཟེར། དཔལ་སྨད་གསེག་རི། མགར་ཐར་གནའ་གྲོང་། ལུང་བསྟན་གེ་སར་རྩྭ་ཐང་། རྟའུའི་ཡུལ་མིའི་སྡོད་ཁང་། འདྲ་པའི་གཉུག་མར་གནས་པའི་དམངས་སྲོལ། མདོ་སྨད་གཡུ་མཁར་རྩྭ་ཐང་སོགས་སྣོད་བཅུད་གཉིས་ཀྱི་མཛེས་སྡུག་གིས་ཕྱོགས་བཅུའི་སྐུ་མགྲོན་དག་མ་བོས་མགྲོན་དུ་འགུག་བཞིན་ཡོད།
རྟའུ་རྫོང་ལ་དམངས་ཁྲོད་ཀྱི་རིག་གནས་ཕུན་སུམ་ཚོགས་ཤིང་དེ་དག་ལས་རྟའུ་མི་མཚོ་དགོན་པའི་བཅོ་ལྔ་མཆོད་པ་དང་། མགར་ཐར་དགོན་པའི་ལྷ་མོ་ཟློས་གར་། འདྲ་པའི་ཨ་འགྲོག་གཉེན་སྲོལ་དང་། མགར་ཐར་གནའ་བྲོ། གཉེན་སྟོན་གཏམ་བཤད། མགར་ཐར་རྟ་རྒྱུག བོད་ཁང་བཟོ་རྩལ་སོགས་རྒྱལ་ཕྱི་ནང་ཀུན་ལ་སྙན་པའི་གྲགས་པ་འབར་བཞིན་པའི་སྒང་ཡིན།
རྟའུ་ཡུལ་གྱི་སྡོད་ཁང་ནང་གི་བཟོ་བཀོད།
རྟའུ་རྫོང་གི་ལམ་སྒྲོན་ནི་བོད་ཀྱི་སྲོལ་རྒྱུན་གྱི་གནའ་བོའི་བཏེགས་སྒྲོན་གྱི་རྣམ་པ་ལ་བརྟེན་ནས་གསར་བཟོ་བྱས་ཤིང་། ལམ་སྒྲོན་གཞི་དཀར་པོའི་སྟེང་དུ་རྟའུ་ཞེས་པའི་ཡིག་འབྲུ་སྔོན་པོ་གཉིས་གསལ་ལ་ཆེ་བའི་སྒོ་ནས་གསལ་པོར་བྲིས་ཡོད་པ་ནི་བོད་ཁ་བ་གངས་རིས་བསྐོར་བའི་ས་ཆ་ན་རྟའུ་ཞེས་པའི་ཡུལ་སྡེ་འདིའི་མིང་གི་གྲགས་པ་ཁྱབ་ཡོད་ཚུལ་མཚོན་ལ། རྟའུ་ཞེས་པའི་བོད་ཡིག་གི་ཡིག་འབྲུ་གཉིས་པོ་དེང་རབས་ཀྱི་སྒྱུ་རྩལ་རྣམ་པས་བཟོ་ལྟ་ཅུང་བསྒྱུར་ཏེ་ཁང་བ་ཞིག་གི་གཟུགས་སུ་གྲུབ་ཡོད་པ་འདི་ནི་རྟའུ་ཡུལ་མིའི་བོད་ཁང་ནི་འཛམ་གླིང་གི་སྒང་ནས་མཐོང་དུ་མེད་པའི་ངོ་མཚར་བའི་བོད་རང་གི་བཟོ་བཀོད་མཆོག་ཏུ་གྱུར་བ་ཞིག་ཡིན་ལ། དེང་རབས་ཀྲུང་གོ་བོད་དམངས་སྡོད་ཁང་གི་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་གྱི་བ་དན་དཀར་པོ་རྒྱལ་སྤྱི་འཛིན་མའི་སྒང་ན་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པའི་རིན་ཐང་དང་སྙན་གྲགས་མཚོན་ཡོད་པའོ།།
༼བོད་ཀྱི་ལོ་རྒྱུས་དང་ས་ཁམས་ལས་འཕྲོས་པའི་གཏམ་དང་རྟའུ་ཤོད་ཆེན་ལྗོངས་ཀྱི་ལོ་རྒྱུས་ཞེས་པའི་པོད་གཉིས་ལས་བཏུས། ༽
༼བཀྲ་ཤིས་དང་ཨོ་རྒྱན། བདེ་ཆེན། གངས་སྐྱིད་བཅས་ཀྱིས་རྩོམ་སྒྲིག་བྱས།༽