ལས་ཀྱིས་ཇི་ལྟར་གཙེས་ཀྱང་འཚོ་བའི་སྙིང་སྟོབས་ལ་ཞུམ་པ་མེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-13


        ཉེ་ཆར། གསར་འགོད་པ་འབར་ཁམས་གྲོང་ཁྱེར་རྫོང་འགག་གྲོང་རྡལ་གྱི་ལྷ་ཕྱུག་སྡེ་བའི་དབུལ་ཁྱིམ་མུའུ་ཧུང་ལེའང་ཚང་ལ་སོང་། ར་ནང་དུ་འཛུལ་མ་ཐག་ཁོ་ཚང་གི་ར་སྐོར་ཆུང་ཆུང་དུ་སྦྲང་སྒམ་བཅུ་ཕྲག་ཐར་ཐོར་དུ་བསྒྲིགས་པ་མིག་ལམ་དུ་ཤར་ཡོང་། སྐབས་དེར་མུའུ་ཧུང་ལེའང་སྦྲང་སྒམ་སྒྲིག་པའི་ལས་ལ་བྲེལ་བཞིན་མཆིས།
        བྱིས་དུས་སུ་མུའུ་ཧུང་ལེའང་བདེ་སྐྱིད་ཀྱི་ཁྱིམ་ནས་དགའ་བའི་རྩེད་འཇོ་ལ་གཡེང་། ཁྱིམ་ཚང་དེར་ལས་ལ་བརྩོན་པའི་ཕ་མ་དང་། ཕུ་བོ་གཅིག་དང་ནུ་བོ་གཉིས་དང་ནུ་མོ་གཅིག་བཅས་ཡོད། ལོ་ན་ལྔ་ལ་སོན་དུས་སུ། ཁོ་རྩེད་མོ་རྩེ་དུས་སུ་ལྕགས་སྦུབ་ཅིག་ལྷུང་ནས་ལག་པ་ཡ་གཅིག་ལ་རྨས་སྐྱོན་བྱུང་། སྐབས་དེར། ཁོས་མི་ཚེ་ཟེར་བ་ཅི་ཡིན་མི་ཤེས་པ་དང་། རྨས་སྐྱོན་གྱིས་ཁོ་ཡི་མི་ཚེ་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་སྲིད་པ་དེ་བས་ཀྱང་མི་ཤེས་ལ། འདང་ཡང་རྒྱག་མ་མྱོང་།  
        དེ་ཡང་། འཕྲོ་རིམ་འཕྲོར་བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ནས་ཁྱིམ་གྱི་སྤུན་གསུམ་འཇིག་རྟེན་གཞན་ཞིག་ཏུ་ཕྱིན་པ་དང་།  ནུ་མོའང་ཡུལ་ཐག་རིང་དུ་གནས་ལ་བུད་སོང་། དེར་བརྟེན། ཁྱིམ་ཚང་གི་ཁུར་པོ་ཇེ་ཡང་དུ་གཏང་ཆེད། ལོ་ན16 ལས་སོན་མེད་པའི་ཁོས་ས་ཞིང་མུའུ་12ལ་རྨོ་འདེབས་བྱེད་པའི་ལས་ཕྲག་ཏུ་འཁུར། ཁོས་རྨོ་བསྐྱུར་ནགས་འདེབས་ཀྱི་སྲིད་ཇུས་ལག་ཏུ་བསྟར་རག་བར་དུ། ངས་ཞིང་མཐེ་མོང་ཙམ་ཡང་སྟོང་བར་བསྐྱུར་མ་མྱོང་ཞེས་ཡིད་ཆེས་ངང་བཤད་བྱུང་། 

            2005ལོར། ཨ་ཕ་ལ་ཚིགས་གྲུམ་ནད་བྱུང་ནས་ཤི་སོང་། ད་རུང་ངན་པའི་ལས་ཀྱིས་ཐབས་རྡུགས་ཀྱི་ཁྱིམ་ཚང་འདི་གཏན་ནས་མ་བཏང་བར། ནད་ཀྱིས་ཟིན་པའི་ཨ་མའི་ཕུང་བོ་ལོ་རེ་བཞིན་ཇེ་ཞན་དུ་གྱུར་ཞིང་། 2010ལོར་གློ་སྙིང་གི་ནད་ཡོད་པར་ཤེས།  དུས་དེ་ནས་བཟུང་མུའུ་ཧུང་ལེའང་ཐག་རིང་ལ་ཞོར་ལས་སུ་འགྲོ་ཁོམ་མེད་པར། ཉིན་གཅིག་གི་ཟས་ཐུན་གསུམ་ལ་ཨ་མར་ཟས་དང་སྨན་ལྡུད་རྒྱུ་ནི་ཁོའི་ལས་དང་པོ་རུ་གྱུར། 

        ཞོགས་པར་མལ་ལས་ལངས་ནས་ཟ་མ་བསྐོལ་རྗེས་ཞིང་ཁར་འགྲོ་དགོས།  ཡིན་ནའང་ཨ་མའི་དོན་དུ་སེམས་མི་བདེ་བས་ཞིང་ཁ་དང་ཁྱིམ་གྱི་བར་ལ་ཡར་འདུར་མར་རྒྱུག་བྱས། ལོ་རེར་སྨན་རིན་ལ་སྒོར་ཁྲི་དུ་མ་དགོས་པས་ངས་ཟས་ཀྱང་མ་ཟོས་པར་ཇི་ལྟར་འབད་རུང་སྨན་རིན་སྤྲོད་ཐབས་བྲལ་ཞེས་བཤད། སྨན་བཅོས་འགན་ལེན་གྱི་སྲིད་ཇུས་དང་གཉེན་ཉེའི་རོགས་རམ་འོག ཁོས་གང་ས་གང་ནས་སྒོར་མོ་བསྐྱིས་ནས་ཨ་མར་སྨན་བཅོས་བྱས། ལོ་དེ་དག་རིང་། ཨ་མར་སྲི་ཞུ་བསྒྲུབ་པ་ནི་གོམས་སྲོལ་ཞིག་ཏུ་གྱུར་ཡོད། སྒོར་མོ་གྲོན་ཆུང་བྱ་ཆེད།  ཁོས་ཅ་ལག་མང་བོ་མ་ཉོས་ལ་ཐ་ན་རང་ཉིད་ལ་གོས་ལྭ་གསར་བ་ཞིག་ཀྱང་མ་ཉོས།  

        དེང་སང་། ཁོ་ལོ་ཞེ་བདུན་ལ་ལོན་ཡོད། ད་ལོའི་ཟླ་3 པར་ཨ་མ་ཡང་ནད་ཀྱི་དབང་གིས་ཚེ་ལས་འདས་ཤིང་། ཁོ་མི་རྐྱང་རྟ་རྐྱང་དུ་ལུས། དབུལ་ཕོངས་ཁྱིམ་ཚང་འདི་ཡི་ངལ་རྩོལ་ནུས་ཤུགས་གཅིག་པུ་སྟེ་ཁོ་རང་མི་ཚེ་གང་བོར་བྲེལ་འཚུབ་ཀྱི་ལས་ལ་ཞུགས་ཤིང་། ཁོའི་ཡིད་ངོར་ནད་ཕོག་པའི་ཕ་མ་དང་། གཅིག་རྗེས་གཉིས་མཐུད་དུ་འདས་པའི་ཕུ་ནུ་དང་། སྡུག་གིས་ཁེངས་པའི་ཁྱིམ་ཚང་བཅས་ལས་གཞན་ཅི་ཡང་མེད། 
         ནད་བཅོས་བྱ་ཆེད་གཞན་ལ་ཆད་པའི་དངུལ་བུན་གྱིས་རང་གི་མགོ་བོ་ཡར་འགྱོག་དཀའ་བ་འདྲ། དབུལ་ཕོངས་ལས་ཐར་བར་ངས་འབད་པ་བྱས་ན་ད་གཟོད་བསྐྱིས་དངུལ་དག་སྤྲོད་ཐུབ་པ་རེད་ཅེས་བཤད། 2016ལོར་མུའུ་ཧུང་ལེའང་དབུལ་ཁྱིམ་དུ་བདམས་པ་དང་། རྫོང་དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་རམ་འོག མུའུ་ཧུང་ལེའང་གི་འཚོ་བར་རེ་བ་གསར་བ་བསྩལ་བ་སྟེ་ཁོས་སྦྲང་མ་གསོ་བའི་འགོ་བརྩམས། 

        ན་ནིང་སྲིད་གཞུང་གིས་ངེད་ཚང་ལ་ཐོན་ལས་འཕེལ་རྒྱས་ཀྱི་དབུལ་སྐྱོར་གྲོན་དངུལ་སྒོར་6000གིས་རྒྱབ་སྐྱོར་འོག་སྦྲང་གསོའི་ལས་ལ་འབད་པ་ཡིན། ཚན་རྩལ་ཅུས་ཀྱི་རོགས་རམ་འོག ད་ལོར་ང་ལ་སྦྲང་སྒམ་31ཡོད། 

        ན་ནིང་ངས་སྦྲང་སྒམ་19གསོས་བ་ལ་ཡོང་འབབ་ཧ་ལམ་སྒོར་7000ལྷག་ཙམ་ཡོད། ད་དུང་བྱ་དེ་དང་ཕག་གསོས་ཡོད། དེའི་ཁར་སྤྱི་ཕན་རང་བཞིན་གྱི་ལས་གནས་དང་ཐག་ཉེ་སའི་ལས་ཀ་གཉེར་བས། ཡོང་སྒོ་ལ་ཕལ་ཆེར་སྒོར་ཁྲི་5 ལྷག་ཡོད། ད་ལོ་སླར་ཡང་མ་དངུལ་ཇེ་མང་དུ་སོང་ཡོད་པས། ངེད་ཚང་གི་ཆ་རྐྱེན་ཇེ་བཟང་ནས་ཇེ་བཟང་ཡིན་སྲིད་ཅེས་བཤད་ཞོར་གདོང་ལ་ཡིད་ཆེས་ཀྱིས་ཁེངས་འདུག  
                    (རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་ཚན་ཆུང་གིས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1