༄༅།། ཞོགས་པ་ཞིག་ལ་སྨྲས་པ།
ཨ་རྡོར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-13
ཨ་རྡོར།
ཡར་ལངས་ནས་བསམ་བློ་ཞིག་བཏང་ན།
མུན་པ་དང་གཤོག་པ། དེ་ལས་ཀྱང་ཞོགས་པ། དེ་ལས་ཀྱང་སྐད་ཆ།
རྡེའུ་ཞིག་གི་གློ་བ་ལྟར་འཁྱག་པའི་མིག་གི་འོད་ཀྱི་མདངས་རྣོན་པོ།
ངས་བཤད་པ་ནི་ཞོགས་པ་སླེབས་པའི་བར་གྱི་སེམས་ཀྱི་རྐང་རྗེས་དེའོ།།
ཡར་ལངས་ནས་བམས་བློ་ཞིག་བཏང་ན།
ཆར་བའི་གསེབ་ཀྱི་ནགས་ཚལ། དཔེ་ཆའི་ཁྲོད་ཀྱི་སྟོང་ཉིད།
གཞན་ཡང་ཅི་ཡིན་མི་ཤེས་པའི་ཞོགས་པ་འདི།
ཁོ་བོའི་བྲང་ཁོང་མེ་ལྟར་འབར་བའི་དབྱར་དུས་སུ་ནི།
ངས་བཤད་འདོད་ཀྱི་སྙན་ངག་ཁྲོད་ཀྱི་མཛེས་སྡུག་ཁོ་ན་མ་ཡིན་པ་དེའོ།།
ཡར་ལངས་ནས་བསམ་བློ་ཞིག་བཏང་ན།
ཁོར་ཡུག་གི་ལྕགས་ཀྱི་ཐུ་ལུམ་འདི་ཟ་འདོད་ཡོན་ནའང་།
དུང་སྒྲ་ལྟ་བུའི་མཁའ་དབུགས་ཁྲོད་ཀྱི་འོད་རྣོན་པོ།
རྗེན་པར་སྒོམ་པའི་ཡིད་ལ་བརྣག་དཀའ་བའི་ལྷ་དང་ལྷའུ།
བཞུར་སྒྲ་ཡིན་ནའང་རྣ་ལ་མི་བདེ་བ་ནི་སྦུག་གུའི་ནང་གི་མི་གཙང་བ་མཐའ་དག་གོ།
ང་ཚོ་འདུ་སའི་ཁྱིམ་གཞིས་ནི་རས་གུར་ཁྲ་ཁྲ་དང་ཁང་མིག་ཧྲལ་ཧྲུལ་དག་ཡིན་འདུག
ཞོགས་པ་འདིར། ཡར་ལངས་ནས་བསམ་བློ་ཞིག་བཏང་ན།
མཐེབ་གཞོང་ལ་གཏགས་པ་ནི། ཡི་གེ་དང་ནོར་འགྲོ་བའི་རང་ཉིད་ཀྱི་བཞིན་རས་ཏེ།
སྐབས་དང་སྐབས་སུ། སྐད་ཆའི་ལག་པ་གང་སར་རྐྱོང་བར་དགའ་བའི་རང་ཉིད།
གཏམ་རྒྱུད་ཀྱི་ལོ་མ་ས་ནས་རྙིད་དེ་མཁའ་རུ་འཕུར་ན།
རླུང་བུའང་འཐེང་འགྲོས་སུ་གཡུགས་པ་མ་ཡིན་པར།
ཡིད་དང་འདྲེས་པའི་ཁྱོད་ཀྱི་མིག་གི་བདུད་རྩི།
གང་སར་འཕྱོ་བ་དེའོ།།
(2017ལོའི་《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》དེབ་གཉིས་པ་ལས་བཤུས།)
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1