ནོར་གནག་གི་མཐོ་སྒང་གི་གྲུ་གཟིངས་དང་འབྲོག་པའི་འཚོ་རྟེན་ཞེས་པའི་མཚན་སྙན་བོད་མདོ་དབུས་ཁམས་གསུམ་དུ་ཁྱབ་ཡོད་ལ། མངོན་སུམ་འཚོ་བར་སྦྱར་ནའང་མིང་དོན་མཚུངས་པ་ཞིག་ཡིན། ནོར་གནག་འཚོ་སྐྱོང་བཟང་མིན་གྱིས་འབྲོག་པ་རྣམས་ཀྱི་རྒྱབ་ཀྱི་གོས་དྲོ་མིན་དང་ཁ་ཡི་ཟས་ཞིམ་མིན་ཐད་ཀར་ཐག་གིས་གཅོད་བཞིན་ཡོད་པ་རེད།
ཧུང་ཡོན་རྫོང་ནི་འབྲོག་པ་རྐྱང་རྐྱང་གི་འབྲོག་རྫོང་ཞིག་ཡིན་པས། ཡུལ་དེ་གའི་འབྲོག་པ་མང་ཚོགས་ཀྱིས་ནོར་གནག་འཚོ་སྐྱོང་ལ་བརྟེན་ནས་དཔལ་འབྱོར་གྱི་ཡོང་འབབ་འཚོལ་བ་དང་ཁྱིམ་ཚང་དབུལ་ཕྱུག་གི་ཁྱད་པར་འབྱེད་པའི་རྒྱུ་གཙོ་བོའང་ནོར་གནག་ཡིན།
ཧུང་ཡོན་རྫོང་ཨ་མོ་ཡུལ་ཚོས་དབུལ་ཕོངས་ཁྱིམ་ཚང་མཐའ་ནས་བསྐྱོར་ཏེ་དབུལ་ཕྱུག་གི་ཁྱད་པར་མི་ཆེ་བ་དང་། འབྱོར་བ་འབྲིང་ཙམ་གྱི་འཚོ་བ་སྐྱིད་པོ་སྔ་མོ་ནས་རོལ་ཐུབ་ཆེད། ཡུལ་བབ་དང་བསྟུན་པའི་ཐབས་མཆོག་སྟེ་ནོར་གནག་རྫི་རེས་ཀྱིས་དབུལ་ཕོངས་ཁྱིམ་ཚང་ཕྱུག་སྒྱུར་གྱི་ལམ་དུ་ཁྲིད། འབྲོག་པ་མདོ་སྡེ་ཡིས་ནོར་གནག་རྫི་རེས་འདི་ཧ་ཅང་བཟང་པོ་འདུག ང་ཡི་ནོར་གནག་གི་འཕེལ་ཚད་ལ་བེའུ་དང་ཡ་རུ་བཅུ་བདུན་ཡོད། དེ་མིན་མར་ཆུར་གྱི་ཡོང་སྒོ་ཚང་མ་ཁྱིམ་ཚང་རང་ལ་འབབ་པ་རེད། དབུལ་ཕོངས་མཐའ་རུ་བསྐྲོད་པའི་ཐབས་བཟང་ཞིག་རེད་ཅེས་བཤད་པ་ལྟར་འབྲོག་པ་མང་ཚོགས་ཀྱིས་ནོར་གནག་རྫི་རེས་ལ་བསྟོད་པའི་མཐེ་མོང་ཡང་ཡང་བསྒྲེངས་བྱུང་།
ཨ་མོ་ཡུལ་ཚོའི་འབྲེལ་ཡོད་མི་སྣས་ངོ་སྤྲད་པ་ལྟར་ན། 2015ལོར། ནོར་གནག་རྫི་རེས་ཀྱི་བྱ་གཞག་འདི་ཐོག་མར་སྤེལ་བ་དང་། ཁྱིམ་ཚང་རེས་ནོར་གནག་རྫི་རེས་ཀྱི་དུས་ཡུན་ནི་ལོ་གཉིས་རེ་ཡིན། རྫི་རེས་སྐབས་ཀྱི་ནོར་གནག་གི་འཕེལ་ཚད་དང་འོ་མ། མར་ཆུར་སོགས་ཀྱི་ཡོང་འབབ་ཚང་མ་ཁྱིམ་ཚང་རང་ལ་འཐོབ་པ་རེད། ཐེངས་དང་བོའི་ནོར་གནག་རྫི་རེས་སྐབས་སུ། དབུལ་ཁྱིམ་16ལ་རྒྱུད་བཟང་འབྲི་200འཚོ་སྐྱོང་བྱེད་དུ་བཅུག ཐེངས་དང་བོའི་ནོར་གནག་རྫི་རེས་ཀྱི་ཡོང་འབབ་ལ་སྒོར་ཁྲི21.15ཡོད་ཅིང་། འབྲོག་དམངས་82ཀྱིས་ལོངས་སུ་སྤྱད་དེ་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་1290ཡོད། དེ་ལས་བེའུ་181བཙས་ཤིང་གསོན་ཚད་བརྒྱ་ཆ་98.5ཡིན།
ཨ་མོའི་ཡུལ་ཚོའི་འབྲེལ་ཡོད་མི་སྣས་ངོ་སྤྲད་པ་ལྟར་ན། ཉེ་ཆར། ཡུལ་ཚོའི་ཏང་ཨུས་གཅིག་གྱུར་གྱི་འགོ་ཁྲིད་འོག ཚན་ཆུང་བགོས་ནས་སྤྱི་ལེ་50ལྷག་ཡོད་པའི་འབྲོག་པའི་ཕྱུགས་རར་སོང་ནས་ཐེངས་དང་བོའི་ནོར་གནག་རྫི་རེས་ལ་ནོར་གནག་གི་ཁ་གྲངས་དང་ཡོང་འབབ་སོགས་ཞིབ་རྩིས་བྱས་ཤིང་། ནོར་གནག་རྫི་རེས་ཀྱིས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་ལས་ཀའི་འཆར་གཞི་ལྟར། ནོར་གནག་རྫི་རེས་ཀྱི་ཁྱིམ་ཚང་གཏན་ལ་ཕབ་པ་དང་། ནོར་གནག་རྫི་རེས་ཀྱི་གྲོས་མཐུན་ཡི་གེར་མིང་མཆན་བཀོད་དེ། ཐེངས་གཉིས་པའི་ནོར་གནག་རྫི་རེས་ཀྱི་ལས་ཀ་འགོ་བརྩམས་པ་རེད། ད་ཐེངས་ཁྱིམ་ཚང་16བདམས་ནས་འབྲི་200བགོས་ནས་རྫི་རེས་བྱས་པ་རེད།
ཨ་མོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་མགོན་པོས་བཤད་པ་ལྟར་ན། ནོར་གནག་རྫི་རེས་ཀྱིས་ཡུལ་ཚོ་ཡོངས་ཀྱི་དབུལ་སེལ་འགག་སྒྲོལ་ལས་ཀ་ཕན་ལྡན་ངང་གོང་ནས་གོང་དུ་སྤེལ་ཐུབ་ལ། དབུལ་ཕོངས་ཁྱིམ་ཚང་གི་འཚོ་བ་ཇེ་བཟང་ཇེ་སྐྱིད་དུ་གཏོང་ཐུབ་པས། འབྲོག་པ་མང་ཚོགས་ཀྱིས་ནོར་གནག་རྫི་རེས་ཀྱིས་དབུལ་ཕོངས་ལས་ཐར་བར་བྱེད་པའི་ཐབས་ཤེས་འདི་ལ་དགའ་བསུ་བྱེད་བཞིན་ཡོད་པར་མ་ཟད། ཡུལ་ཚོ་ཡོངས་ཀྱི་ཕྱུགས་ལས་འཕེལ་རྒྱས་ལའང་སྐུལ་འདེད་ཆེན་པོ་ཐེབས་ཡོད།།