2017ལོའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་དངོས་བཤུས་གློག་བརྙན་ལེ་ཚན་སྟོན་འགོ་བརྩམས་པའི་བརྩམས་ཆོས《གངས་ལྷ་མེ་ཏོག》ཅེས་པའི་ནང་དུ་ཁྱིམ་ཚང་གི་རྒྱབ་ལྗོངས་མི་འདྲ་ལ་གཤིས་ཀ་ཡང་མི་གཅིག་པའི་བོད་རིགས་བུ་མོ་གསུམ་གྱིས་དམིགས་ཡུལ་མི་འདྲ་བ་བཅངས་ནས་གྲོང་ཁྱེར་དུ་ངོ་གདོང་དང་སྐྲ་མཛེས་བཟོ། གཟུགས་བརྙན་ཇུས་འགོད་བཅས་སློབ་སྦྱོང་བྱས་པའི་གཏམ་བརྒྱུད་བརྗོད་ཡོད་པ་རེད།
《གངས་ལྷ་མེ་ཏོག》གི་འཁྲབ་ཁྲིད་མི་སྣ་ཚོ་དང་སྨྱན་སྦྱོར་ལས་ཁུངས་ཀྱི་ངོ་འཕྲད་ཚོགས་འདུ་ཟླ་6ཚེས་21ཉིན་ཧྲང་ཧའེ་རུ་འཚོགས་པ་དང་། གློག་བརྙན་དེའི་བོད་རིགས་འཁྲབ་ཁྲིད་པ་བཀྲ་ཤིས་ཆོས་འཕེལ་གྱིས། དངོས་བཤུས་གློག་བརྙན་འདི་པར་ལེན་བྱེད་པའི་དམིགས་ཡུལ་ནི་བོད་རིགས་འབྲོག་པ་མི་རབས་གསར་པའི་འཚོ་བའི་གནས་ཚུལ་ཟིན་འགོད་བྱ་ཆེད་ཡིན་ཞིང་། གཏམ་རྒྱུད་ནང་གི་མི་སྣ་གཙོ་བོ་བོད་རིགས་བུ་མོ་བསོད་ནམས་སྐྱིད་ཀྱིས་ངོ་གདོང་དང་སྐྲ་མཛེས་བཟོ། གཟུགས་བརྙན་ཇུས་འགོད་བཅས་སློབ་སྦྱོང་བྱེད་པའི་ལམ་དུ་འགལ་རྐྱེན་མང་པོ་ཐུག་པ་སྟེ། ཐོག་མར་ནང་མི་ཚོས་མོས་མཐུན་མི་བྱེད་པ་དང་། དེའི་རྗེས་སུ་ནང་མི་ཚོས་མོས་མཐུན་བྱུང་རུང་། གཅེན་མོ་མནའ་མར་འགྲོ་བསམ་པའི་གནས་ཚུལ་བྱུང་བ་དེས་ཀྱང་ཁོང་གིས་ཕུགས་འདུན་མངོན་འགྱུར་བརྩོན་པའི་ལམ་དུ་འགལ་རྐྱེན་གསར་པ་བྱུང་ཡོད་རེད་ཅེས་བཤད་པ་རེད།
འཁྲབ་ཁྲིད་པ་བཀྲ་ཤིས་ཆོས་འཕེལ།
དངོས་བཤུས་གློག་བརྙན་འདི་ལོ་གཉིས་ལྷག་ལ་པར་ལེན་བྱས་པ་དང་། གློག་བརྙན་ནང་དུ་བསོད་ནམས་སྐྱིད་དང་། མཁའ་འགྲོ་སྐྱིད། གསང་བདག་སྒྲོལ་མ་བཅས་བོད་རིགས་བུ་མོ་གསུམ་གྱི་གཏམ་རྒྱུད་ཟིན་འགོད་བྱས་ཡོད་པ་དང་། གློག་བརྙན་གཙོ་བསྐྲུན་ཚོགས་པས་དེའི་ཁྲོད་ཀྱི་ལོ་གཅིག་རིང་པར་ལེན་བྱས་པའི་ནང་དོན་བཅད་ལེན་བྱས་ཏེ་བསོད་ནམས་སྐྱིད་ཀྱི་གཏམ་རྒྱུད་གཙོ་བོར་བྱས་ནས《གངས་ལྷ་མེ་ཏོག》ཅེས་པའི་གློག་བརྙན་འདི་བཟོ་སྐྲུན་བྱས་པ་རེད། གཙོ་འཁྲབ་པ་བསོད་ནམས་སྐྱིད་ནི་བབ་ཆགས་ཤིང་འཚེར་སྣང་བྱེད་པ་ཞིག་ཡིན་ཞིང་། ངོ་འཕྲད་ཚོགས་འདུའི་ཐོག་ཁོང་གིས་མ་འོངས་པའི་རེ་འདུན་གླེང་སྐབས"ངས་སྐྲ་བཞར་ཁང་ཞིག་འཛུགས་གཉེར་བྱས་ཏེ་ཕ་མ་གཉིས་ཀ་མདོ་གསུམ་ཤང་དུ་བསུས་ནས་མཉམ་དུ་འཚོ་བ་སྐྱེལ་རྩིས་ཡོད"ཅེས་བརྗོད་པ་རེད།
གཙོ་འཁྲབ་པ་བསོད་ནམས་སྐྱིད།
གློག་བརྙན་པར་ལེན་བཟོ་སྐྲུན་ལྟ་ཞིབ་པ་པདྨ་ཚེ་བརྟན་གྱིས"པར་ལེན་བྱེད་པའི་ཆ་རྐྱེན་ཞན་ཞིང་། པར་ལེན་ཚོགས་པའི་མི་སྣ་རྒྱུན་ཆད་མེད་པ་བརྗེ་རེས་བྱས་པ་རེད། ཐོག་མར་གློག་བརྙན་འདིའི་པར་ལེན་བཟོ་སྐྲུན་གྱི་ལྟ་ཞིབ་པའི་འགན་འཁུར་བ་བདམས་པ་ནི་གཅིག་ནས་གློག་བརྙན་འདིའི་བརྗོད་གཞི་ལ་མོས་པ་བྱུང་བ་དང་། གཉིས་ནས་བོད་རིགས་ཀྱི་རང་བརྟེན་གློག་བརྙན་པར་ལེན་བཟོ་སྐྲུན་འཁྲབ་ཁྲིད་པ་ཕུལ་བྱུང་ལ་རོགས་སྐྱོར་བྱ་ཆེད་ཡིན"ཞེས་བརྗོད་པ་དང་། གངས་ལྷ་མེ་ཏོག་ཅེས་པའི་གློག་བརྙན་ནི་བོད་རིགས་བུ་མོའི་བློ་བརྟན་འགྱུར་མེད་དང་སྙིང་རུས་ཆེ་བའི་གཟུགས་བརྙན་མཚོན་བྱེད་ཡིན་ཞིང་། གློག་བརྙན་འདི་པར་ལེན་བཟོ་སྐྲུན་བྱས་པ་བརྒྱུད་ལྟད་མོ་བ་ཚོར་མཛེས་སྡུག་ལྡན་པ་ནི་ཡུལ་ལྗོངས་མིན་པར་དེ་ནི་མིའི་ནང་སེམས་ཡིན་པ་དེ་གསལ་བཤད་བྱས་ཡོད་པ་རེད།
འཁྲབ་སྟོན་པ་མཁའ་འགྲོ་སྐྱིད་དང་གསང་བདག་སྒྲོལ་མ། བསོད་ནམས་སྐྱིད།(གཡོན་ནས་གཡས་བར།)
པདྨ་ཚེ་བརྟན་གྱིས་དངོས་བཤུས་གློག་བརྙན་གྱི་ཚོང་རའི་སྐོར་གླེང་བའི་སྐབས་སུ། ཀྲུང་གོའི་དངོས་བཤུས་གློག་བརྙན་གྱི་ཚོང་ར་ནི་འགྱུར་བ་རྒྱུད་ཆད་མེད་པར་འབྱུང་བཞིན་ཡོད་པ་དང་། བརྩམས་ཆོས་མང་པོ་ཞིག་གློག་བརྙན་ཁང་གི་ཁོངས་སུ་ཚུད་ཡོད་མོད། འོན་ཀྱང་དངོས་བཤུས་གློག་བརྙན་འཕེལ་རྒྱས་ཀྱི་ལམ་བུ་སྔར་བཞིན་རིང་པོ་ཡིན་པས། མི་སྔར་ལས་མང་བས་དངོས་བཤུས་གློག་བརྙན་ལ་དོ་སྣང་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《གངས་ལྷ་མེ་ཏོག་》ཅེས་པའི་གློག་བརྙན་དེ་གློག་བརྙན་དུས་ཆེན་རིང་ལ་ཧྲང་ཧའེ་ཡི་ཏ་ཀོང་མིང་གློག་བརྙན་ཁང་(大光明电影院)དང་། ཀོང་ཡིང་འཁོར་ཁང་ཅིང་ཨན་ཁང་།(光影车间静安店) ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན།(上海交通大学) དེ་བཞིན་ཧྲང་ཧའེ་ཟློས་གར་སློབ་གླིང་བཅས་སུ་ལྟད་མོ་བ་ཚོར་བསྟན་རྒྱུ་རེད།།