༄༅།། འབའ་ཐང་གི་མིང་གི་འབྱུང་ཁུངས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། སྤེལ་དུས། 06-26


        འབའ་ཐང་རྫོང་ནི་ལྷ་ཡུལ་ནས་འབྱུང་བའི་ལྷ་ལུག་དཀར་པོ་འབའ་ཐང་གི་སར་བབས་པའི་ཚེ་འབའ་ཞེས་པའི་སྒྲ་གྲག་པ་ལ་བརྟེན་ནས་བཀྲ་ཤིས་པའི་རྟགས་མཚན་རེད་ཅེས་མིང་དེ་ལྟར་བཏགས་པ་དང་། འབའ་ཐང་གི་ས་དབྱིབས་བྱ་ཁྱུང་ཞིག་གི་དབྱིབས་དང་འདྲ་ཞིང་དེ་ཡང་བྱ་རྒྱལ་ཁྱུང་ནམ་མཁའ་ལ་ལྡིང་སྐོར་བརྒྱབ་ནས་ཁྱུང་སྐད་སྒྲོག་པའི་ཚེ་ས་གཞིའི་ཐང་ལ་ཡོད་པའི་ལུ་གུ་སྐྲག་ནས་འབའ་སྒྲ་རྒྱག་པས་འབའ་ཐང་ཞེས་མིང་ཐོགས་པ་རེད་ཅེས་ཀྱང་བཤད་སྲོལ་ཡོད་པ་དང་།


ཁམ་སྡོང་ཁྲ་མོ།

        འབའ་པ་སྐལ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་འབའ་ཐང་ཞེས་པའི་མིང་དོན་འཇུག་སྟངས་སྐོར་ཅུང་ཟད་དཔྱད་པ་ཞེས་པ་ལས། འབའ་ཐང་ཞེས་པའི་མིང་འཇུག་སྟངས་ཐད་འབའ་ཐང་གི་ལོ་རྒྱུས་གསར་རྙིང་ཁག་ན་འཕགས་པ་མ་འགག་པ་མི་ཡི་རྣམ་པར་རོལ་ནས་ས་དེ་གར་ཕེབས་སྐབས་སྲིད་པའི་ལྷ་ལུག་དཀར་པོས་འབལ་ཞེས་པའི་སྒྲ་སྒྲོག་པར་བརྟེན་འབལ་ཞེས་མིང་ཐོགས་པ་དང་། ཕྱིས་སུ་འབའ་ཞེས་སྒྲ་ཟུར་ཆགས་པ་ཡིན་ཞེས་དང་།


བྲག་གི་འོ་སེ་སྡོང་བུ།

        ཡང་རྒྱ་ཡིག་ཐོག་ཡོད་པའི་འབའ་ཐང་གི་ལོ་རྒྱུས་ཁག་ན་སྔོན་ས་གནས་དེ་འབྲོག་པའི་ས་ཆ་ཞིག་ཡིན་པ་དང་ས་གནས་དེར་འབྲོག་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡོད། ཉིན་ཞིག་ཆུ་ལོག་གི་འཇིགས་པ་བྱུང་ནས་འབྲོག་ལུག་རེ་རེ་བཞིན་འབའ་འབའ་ཞེས་སྒྲོག་ནས་ཆུ་ནང་འཐིམས་སོང་བ་དང་། འབྲོག་པའི་ཕ་རྒན་གྱིས་རང་བུ་ཡི་མིང་ནས་ཐང(བུ་དེའི་མིང་ལ་ཐང་ཟེར)ཞེས་ཡང་ཡང་བོས་པར་བརྟེན་འབའ་ཐང་ཞེས་པའི་མིང་ཐོགས་རབས་བཤད་སྲོལ་འདུག   འབའ་སྡེ་དང་འབའ་ཐང་གཉིས་དོན་གཅིག་པ་ཡིན་ཞིང་། འབའ་སྡེ་ཞེས་པ་དེ་གཙོ་བོ་སྐབས་དེའི་སྲིད་འཛིན་ཁྱབ་ཁོངས་ཀྱི་མིང་དང་སྦྲེལ་ནས་བཏགས་པ་ཞིག་སྟེ། གཙང་སྡེ་པ་དང་སྡེ་པ་གཞུང་ཞེས་པའི་མིང་འདོགས་སྟངས་ལྟར་སྐབས་དེའི་འབའ་ཐང་སྲིད་གཞུང་ལ་འབའ་སྡེ་པ་ཟེར་བ་དང་དེའི་ཁྱབ་ཁོངས་ཡོད་པའི་སྡེ་འབངས་ཚང་མར་འབའ་སྡེ་ཞེས་ཟེར།འབའ་ཐང་ཞེས་པ་ནི་རིགས་རུས་དང་ས་གནས་ཆགས་བབ་གཉིས་ལྷན་དུ་སྦྲེལ་ནས་བཏགས་པའི་མིང་ཡིན་ཞིང་། འབའ་ནི་ས་དེའི་མི་རྣམས་ཀྱི་མཆེད་ཁུངས་ཀྱི་རུས་མིང་དང་། ཐང་ཞེས་པ་ནི་ས་དེའི་གནས་བབ་དེ་གཤོངས་རོང་ཡིན་པར་བརྟེན་ནས་བཏགས་པ་ཞིག་ཡིན།
མཚོ་ཕུ་ལུང་པའི་མཛེས་ལྗོངས།
        དེང་འབའ་པའི་མི་མང་པོ་ཞིག་གིས་འབའ་ཐང་ཞེས་པ་དེ་ཕྱི་འབྱུང巴塘ཞེས་པའི་རྒྱ་སྐད་ཟུར་ཆགས་པར་བསམས་ཏེ་དེང་སྐབས་འབའ་ཐང་རྫོང་གི་ཁྱབ་ཁོངས་རང་ལ་ངོས་འཛིན་མཁན་ཡང་ཡོད་མོད། རྒྱལ་དབང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་རྐརྨ་པའི་རྣམ་ཐར་སོགས་ལོ་རྒྱུས་རྙིང་པ་མང་པོར་འབའ་ཐང་ཞེས་པའི་མིང་དེ་བཀོད་ཡོད་པས་ཐ་སྙད་དེ་གསར་བྱུང་ཞིག་གཏན་ནས་མིན། དེས་ན་དོན་དངོས་ཐོག་འབའ་ཐང་དང་འབའ་སྡེ་གཉིས་མིང་འདོགས་སྟངས་ཙམ་ལས་དོན་གཅིག་པ་ཡིན།
འབའ་ཐང་གི་ལོ་རྒྱུས་མདོར་བསྡུས།
        འབའ་ཐང་རྫོང་ནི་དཀར་མཛེས་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་། སི་ཁྲོན་དང་ཡུན་ནན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་སུ་ཆགས་ཡོད། རྫོང་ཡོངས་ཀྱི་མཚོ་འཕགས་ཆ་སྙོམས་སྨི་3300ཡོད། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་7844ཡོད་ཅིང་། མི་འབོར་ཁྲི་5ལ་ཉེ་བ་ཡོད་ཅིང་དེའི་ནང་དུ་བརྒྱ་ཆ་95ཡན་ནི་བོད་རིགས་ཡིན། རྫོང་སྲིད་གཞུང་འབའ་ཐང་བྱ་ཁྱུང་གྲོང་རྡལ་དུ་གནས་ཡོད་ཅིང་མཚོ་འཕགས་2600ཡོད། མངའ་ཁོངས་སུ་གནམ་གཤིས་དྲོ་གྲང་རན་ཞིང་རི་ཀླུང་མཛེས་སྡུག་ལྡན་པ་དང་ཐོན་ཁུངས་ཕུན་སུམ་ཚོགས་པས་འབའ་ནོར་བུའི་ས་ཆ་ཞེས་པའི་མཚན་སྙན་ཐོབ། ལོ་ངོ་བརྒྱ་སྟོང་མང་པོར་བརྒྱུད་ས་འདི་ན་འཚོ་སྡོད་བྱས་པའི་མི་རིགས་ཁག་གི་མི་དམངས་ཚོས་འོད་སྟོང་འཕྲོ་བའི་རིག་གནས་དང་ཐུན་མིན་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་བསྐྲུན་པ་རེད། ཁྱད་པར་དུ་འབའ་གཞས་ཀྱི་སྐད་གྲགས་རྒྱལ་ཕྱི་ནང་ཀུན་ཏུ་གྲགས་ཤིང་བོད་རིག་གནས་སྒྱུ་རྩལ་ནོར་མཛོད་ཀྱི་རིན་བྲལ་ནོར་བུ་ཞིག་ཏུ་གྱུར་ཡོད།

འབབ་ཐང་གི་ཀུ་ཤུ།

འབའ་ཐང་གི་སྐྱུར་ཁུ་སེ་པན།
འབའ་གཞས།   
        འབའ་བ་སྐྱིད་པའི་ཐོག་ལ། དབྱར་གྱི་སྟོན་ཐོག་ཉིས་བརྩེགས། དགོན་པ་ཆགས་ལུགས་ཡག་པོ། ཤུག་པས་གཡས་སྐོར་བཏང་ཡོད་ཅེས་པའི་གཞས་ཚིག་ལས་འབའ་ཐང་ནི་ས་བབ་ཅུང་ཟད་དམའ་ལ་གནམ་གཤིས་དྲོ་བ། རིག་གནས་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ནོར་བུའི་ལུང་པ་ཞིག་ཡིན་པ་ཤེས་ཐུབ།  འབའ་གཞས་ལ་ད་བར་ལོ་ངོ་སྟོང་ཕྲག་གཅིག་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་ཞིང་ལས་ཀྱི་འཚོ་བ་དང་འབྲལ་ཐབས་མེད།  
        འབའ་གཞས་ཀྱི་ཁོངས་ནི་གདོད་མའི་མཆོད་སྦྱིན་གླུ་གར་ལ་གཏུག་ཆོག་ཅིང་རིམ་པར་སྒོར་བྲོའམ་སྒོར་གཞས་སུ་བསྒྱུར་ནས་དར་ཡོད། སྤྱི་ལོ1906ལོ་ནས་བཟུང་རིམ་བཞིན་ཁམས་འབའ་ཐང་གཙོས་པའི་ཕྱག་ཕྲེང་དང་སྡེ་རོང་། ཡུན་ནན་གྱི་བདེ་ཆེན། བོད་ལྗོངས་ཆབ་མདོ་ཁུལ་གྱི་སྨར་ཁམས་རྫོང་སོགས་བོད་ཁུལ་གྱི་ཡུལ་གྲུ་མང་ཆེ་བར་དར་ཁྱབ་བྱུང་ཡོད། འབའ་གཞས་ཀྱི་རམ་དཀྲོལ་རོལ་ཆ་ནི་པི་ཝང་ཡིན་ཞིང་། སྒྲ་སྙན་ཡང་ཟེར། འབའ་གཞས་ནི་བོད་ཀྱི་ཟློས་གར་ནང་གི་ཡན་ལག་ཅིག་ཡིན། དར་ཁྱབ་ཆེ་བའི་གཞས་ཚིག་ཁོ་ན་ཁྲི་ལྷག་ཡོད།
        
        གཞས་ཚིག་དེ་དག་ཚིག་སྦྱོར་གསལ་ཞིང་དྭངས་པ་མ་ཟད། ལུས་རྒྱན་འོས་ཤིང་འཚམ་ལ་ཚིག་སྦྱོར་གྱི་འགྲོས་གོ་བདེ་ཞིང་བློ་ངོར་འཇགས་སླ་བ་བཅས་ཡིན་ལ་མང་ཆེ་བ་ཚེག་བར་དྲུག་མའི་རྐང་བཞི་ཅན་ཡིན། འབའ་གཞས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་སྟེ། ཁམས་བོད་མི་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་རིག་གནས་དཔལ་འབྱོར། ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས། རང་བྱུང་ཁོར་ཡུག་དང་མི་རིགས་ཀྱི་འབྲེལ་བ་སོགས་མངོན་པར་མཚོན་ཡོད། 
འབའ་ཐང་གི་པི་ཝང་།
     གཙོ་བོར་མཆོད་བྲོ་དང་འཛོམས་གཞས། བསྟོད་གཞས། འཛོམས་བྲོ་དང་གཉེན་བྲོ། མཛའ་གཞས། སྐྱོ་གླུ། རྟེན་འབྲེལ་བྲོ་སོགས་ཡོད་དོ། །འབའ་གཞས་བོད་ཁུལ་གྱི་གཞས་གཞན་དག་དང་མི་འདྲ་བའི་མངོན་གསལ་གྱི་ཁྱད་ཆོས་ནི་ཡང་ཞིང་ལྡེམ་ལ་བརྩེ་དུང་ལྷུག་པར་སྟོན་པ་དང་། མཛེས་སྡུག་ཡིད་དབང་འཕྲོག་ཅིང་དོན་ལེགས་ཤིང་ཚིག་སྙན་པ་རེད། ཁྱད་ཆོས་དེ་དག་ཀྱང་གཞས་གདངས་དབྱངས་རྟ་དང་པི་ཝང་དཀྲོལ་སྟངས། གཞས་ཀྱི་སྟངས་སྟབས་བཅས་ཀྱི་ཐད་ནས་མཚོན་ཐུབ།
འབའ་ཐང་གི་བུ་མོ།
འབའ་ཆས།
མཚོ་ལའི་རང་བྱུང་སྲུང་སྐྱོང་ཁུལ།

        མཚོ་ལའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མཚོ་མོ་ཆེ་ཆུང1145ཡོད་ཅིང་ཀྲུང་གོའི་མཚོའུ་ཆེས་མང་བའི་ས་ཁུལ་ཡིན། གངས་རི་དང་རྩྭ་ཐང་གི་ཞིང་ཁམས་སུ་གྱུར།འབའ་ཐང་མཚོ་ཕུ་ལུང་པ། 

མཚོ་ལའི་མཚེའུ་སྤུན་གཉིས།


མཚོ་ལའི་སྤྲིན་གྱི་རྒྱ་མཚོ།


འབའ་ཐང་མཚོ་ཕུ་ལུང་པ།
        འབའ་ཐང་མཚོ་ཕུ་ལུང་པ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་གནས་ཤིང་འབའ་ཐང་གི་མཚོ་ལ་ཡུལ་ཚོའི་མངའ་ཁོངས་སུ་ཡོད། ཤར་ལི་ཐང་གི་འབུམ་ཡག་རྩྭ་ཐང་དང་། ནུབ་ཡག་སོ་རི། ལྷོ་ལེབ་ཡུལ་ཡུལ་ཚོ། བྱང་བྲག་ཆེན་རྒྱལ་པོ་བཅས་དང་འབྲེལ་ཞིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་900ལྷག་ཡོད། གངས་རི་དང་བྲག་རི། ནགས་རི། སྤང་རི། མཚོ་མོ། རང་བྱུང་ཆུ་ཚན་བཅས་རང་བྱུང་ལྷུན་གྱིས་གྲུབ་ཅིང་། མཚོ་ཕུ་དགོན་པ་མཚོའི་ཕུགས་སུ་ཆགས་ཡོད། རི་དྭགས་ཤ་བ་དང་གནའ་བ། དེ་མིན་སྲོག་ཆགས་འཕྱི་བ་སོགས་མི་དང་བག་ཕེབས་མཉམ་དུ་གནས་ཤིང་། མཚོ་མོ་ཕྱི་ནང་གཉིས་ཡོད་པའི་ནང་དུ་ཉ་རིགས་རྩ་ཆེན་འབུམ་ཕྲག་ཡོད་ཅིང་མིའི་སྐད་སྒྲ་ཚོར་བ་དང་མཚོ་ངོགས་སུ་རུབ་ནས་ཉ་ཟས་ཟ་རུ་ཡོང་། མཛེས་སྡུག་རི་ཀླུང་ལྷ་ཡི་ཞིང་ཁམས་དང་གཉིས་སུ་མ་མཆིས།


འབའ་ཐང་གི་དབྱར་གནས་དུས་ཆེན་དང་ལྷ་མོའི་ཟློས་གར།



        དབྱར་གནས་ནི་འབའ་ཐང་མི་དམངས་ཀྱི་ལོ་རེའི་བོད་ཟླ་དྲུག་པ་དང་བརྒྱད་པར་འབའ་ཉ་ཆུང་སྟེང་ཞེས་པའི་ཐང་སྐྱིད་པོ་ལྕང་མའི་ར་བས་བསྐོར་བའི་སར་གཏོང་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན། དབྱར་གནས་སུ་འབའ་རྒྱང་མཁར་རས་ལོ་རེར་ལྷ་མོ་ཟློས་གར་ཆེན་པོ་བརྒྱད་རེས་མོས་འཁྲབ་པ་དང་། དེ་མིན་འབའ་གཞས་འཆམ་པ་དང་། ཆང་གཞས་དང་གནས་མོ། ལ་གླུ་བཅས་ལེན་བ། ཁ་ཤགས་རྩེ་བ་སོགས་ཀྱི་བྱ་འགུལ་སྣ་མང་སྤེལ་དགོས་ཀྱི་ཡོད། ཨ་ཅེ་ལྷ་མོ་ཞེས་པ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྤྱི་ལོ1385ལོ་ཙམ་ལ་གསར་གཏོད་མཛད་པ་ཞིག་ཡིན། 

        1659ལོར། རྒྱལ་དབང་སྐུ་ཕྲེང་ལྔ་པས་དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་འབའ་ཐང་དུ་མངགས་ཏེ་འབྲས་སྤུངས་དགོན་གྱི་བློ་གསལ་གླིང་གི་དཔེ་ལྟར་འབའ་ཆོས་སྡེ་དགོན་ཕན་བདེ་གླིང་གི་འདུ་ཁང་བཞེངས་བཅུག་པ་དང་། འདུ་ཁང་བཞེངས་གྲུབ་ནས་རབ་གནས་དགའ་སྟོན་བྱེད་སྐབས།
        འབའ་ཆོས་སྡེ་དགོན་གྱི་གཙོ་བདག་འབའ་ལཱ་ཁ་བླ་མ་སྐུ་ཕྲེང་བཅུ་བཞི་པ་མགོན་དཀར་བློ་བཟང་ཆོས་གྲུབ་ཀྱིས་བོད་ནས་གདན་པའི་ལྷ་མོ་ཚོགས་པའི་མཁས་ཆེན་ཆོས་འགྱུར་ལགས་ཀྱི་ཁྲིད་སྟོན་འོག  གྲྭ་བ་འགའ་ཞིག་གིས《རྒྱང་མཁར་ར》དང《བཀྲ་ཤིས་ཞི་བ》སོགས་ཟློས་གར་འཁྲབ་པ་རེད།

        དེ་ནས་བཟུང་། བོད་ཀྱི་ཟློས་གར་དེ་འབའ་ཐང་དུ་ཟམ་མི་ཆད་པར་གོང་འཕེལ་བྱུང་བ་དང་ཆབས་ཅིག་རིམ་བཞིན་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་འབའ་ཐང་གི་རྒྱང་མཁར་ར་ཞེས་པ་དེ་ཆགས་དེ་ད་ལྟའི་བར་དུ་ལོ་ངོ་སུམ་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ཡོད་དོ།།

བཙལ་བའི་ཚེར་གནའ།
        འབའ་བ་བློ་བཟང་མགོན་པོས་བརྩམས་པའི་འཛམ་གླིང་ཐོག་ཆེས་དཀོན་པའི་གནའ་བ་སྟེ་བཙལ་བ་ཚེར་གནའ་ལ་དཔྱད་པ་ཞེས་པ་ལས་ཚེར་གནའ་ནི་གནའ་བའི་རིགས་ཤིག་ཡིན། བོད་གངས་ཅན་ལྗོངས་སུ་གནའ་བ་ལ་རིགས་གཉིས་དབྱེ་ཆོག་པ་སྟེ་གངས་གནའ་དང་ཚེར་གནའ་གཉིས་ཡིན།

བཙལ་བའི་ཚེར་གནའ།

        ཚེར་གནའ་ལ་རྒྱ་སྐད་དུ་ཨེ་ཡན་ཡངས(矮岩羊)ཞེས་འབོད། དབྱིན་སྐད་དུ་སྒྲོག་ཧྥུ་བི་ལུག་ཤི་ཕོ(Dwarf Blue Sheep)ཞེས་འབོད། ཚེར་གནའ་ནི་འོ་འཐུང་རི་དྭགས་ཀྱི་ཁོངས་སུ་གཏོགས་ཤིང༌། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རང་སྐྱོང་ཁུལ་འབའ་ཐང་རྫོང་གྲུ་བ་ལུང་ཤང་བཙལ་བ་གྲོང་སྡེ་ལ་འཚོ་གནས་གཙོ་བོ་བྱེད་བཞིན་ཡོད།

བཙལ་བ་ལུང་པ།

        ཚེར་གནའ་ཞེས་པའི་མིང་དེ་བྱུང་ཚུལ་རག་ཙམ་བརྗོད་ན། བཙལ་བ་གྲོང་སྡེའི་ས་ཆགས་ཡུལ་དེ་རོང་ས་ཡིན་པས་ཚེར་མ་སྡོམ་པོ་ཧ་ཅང་མང་པོ་ཡོད། ཚེར་གནའ་ཞེས་པ་དེ་ཚེར་མ་སྡོམ་པོའི་འོག་ཏུ་ངལ་གསོ་དང་ཉལ་རྒྱུར་དགའ་བ་ལས་མིང་ཐོགས་པ་རེད་ཅེས་བཤད་སྲོལ་ཡོད། འབའ་ཐང་རྫོང་གི་མངའ་ཁོངས་སུ་ཚེར་གནའ་ཡི་གྲངས་འབོར་200ལས་བརྒལ་མེད་ཅེས་བྲིས་འདུག
འབའ་རུ་བྱུང་བའི་མི་སྣ་གྲགས་ཅན།
        འབའ་ཐང་དུ་མི་སྣ་གྲགས་ཅན་དུ་མ་བྱུང་བ་སྟེ། དཔེར་ན་ཕུན་ཚོགས་དབང་རྒྱལ་དང་ཡངས་གླིང་རྡོ་རྗེ། བཀྲ་ཤིས་ཚེ་རིང་། འཇམ་དཔལ་རྒྱ་མཚོ། རྒྱལ་མཚན་ནོར་བུ། ཡེ་ཤེས་ཟླ་བ། བཀྲ་ཤིས་ཟླ་བ། སྐལ་བཟང་ཚེ་རིང་། འབའ་བ་བློ་བཟང་མགོན་པོ། སྐལ་བཟང་འགྱུར་མེད། མགོན་པོ་རྒྱལ་མཚན། ཉི་མ་ཚེ་རིང་སོགས་སོ།། 

འབའ་ཐང་རྫོང་གི་ལམ་སྒྲོན་གྱི་ཁྱད་ཆོས།

        འབའ་ཐང་རྫོང་གྲོང་གི་ལམ་སྒྲོན་ནི་སྟབས་བདེ་སྤྱད་བདེ་ཞིག་ཡིན་ཏེ་གཞུང་རྟ་ཁེར་རྐྱང་ཞིག་གི་སྟེང་དུ་ཉི་ནུས་འོད་ཤེལ་སྤྲད་ཡོད་ཅིང་། འོག་ལ་ཀྲུང་གོའི་གཞས་ཀྱི་ཆོལ་ཁ་ཡིན་པའི་མཚོན་རྟགས་ཏེ་སྒྲ་སྙན་རྒྱུད་གཉིས་མ་དང་ཡང་ན་པི་ཝང་གི་གཟུགས་ཤན་ཡོད། པི་ཝང་གི་མོ་ཤིང་དང་ཕོ་ཤིང་གི་རྩེ་མོ་ནི་སྒྲོན་སྣོད་གཉིས་སུ་བྱས་པས་ས་གནས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་མ་ཟད་འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བསྲེས་ཡོད་པ་རེད།།
       (ཁམས་པའི་དྲ་བའི་འཕྲིན་སྟེགས་ལས་བཤུས། )


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1