རྫོང་མཁར་གྱི་ལས་བྱེད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་བདེ་སྐྱིད་དང་། རྫོང་མཁར་དང་ཐག་མི་རིང་བའི་འབྲོག་ཚང་ཞིག་ཏུ་སྐྱེས་པའི་རིག་འཛིན་རྡོ་རྗེ་གཉིས་སོ་སོར་སློབ་ཆེན་ནས་མཐར་ཕྱིན་རྗེས་ཕ་ཡུལ་གྱི་རྫོང་མཁར་དེར་ལས་ཀར་ཞུགས། ཁོ་དང་ཁོ་མོ་གཉིས་ཀྱི་བར་ལོ་ངོ་གསུམ་གྱི་རིང་དུ་བརྩེ་དུང་གི་མྱུ་གུ་འབུས་ཤིང་། དུངས་བའི་འབྲས་བུ་སྨིན་ཏེ་གཉེན་སྒྲིག་གི་མཛད་སྒོ་སྤེལ་བའི་ཚོད་དུ་བསྐྱལ།
ཁོ་གཉིས་ལ་ཆ་རྒྱུས་ཆེ་བའི་སློབ་གྲོགས་ཚོའི་ཁ་ནས་བུད་པ་འདྲ་སྟེ། གང་ལྟར“རིག་འཛིན་རྡོ་རྗེ་ད་ལྟའི་བར་དུ་བུ་མོ་གཞན་དང་འགྲོགས་མ་མྱོང་ལ། བདེ་སྐྱིད་ད་ལྟའི་བར་དུ་སྐྱེས་པ་གཞན་དང་འགྲོགས་མ་མྱོང་བས། ཁོ་གཉིས་ནི་དངོས་གནས་ཨ་འགྲིག་ཆ་འགྲིག་ཅེས་པའི་དཔེ་གཞི་གསོན་པོ་རེད་ཨང”ཞེས་པའི་སྐད་ཆ་ཞིག་འཇགས་མར་མེས་ཟིན་པ་ལྟར་གཅིག་ལ་གཅིག་ཟིན་གྱིས་བཤད་བཞིན་འདུག་ལ། འདི་ལྟ་བུ་ནི་ད་ལྟའི་སྤྱི་ཚོགས་སུ་ཤིན་ཏུ་མཐོང་དཀོན་པོ་ཡིན་པས་ཁོ་གཉིས་ཀྱི་བརྩེ་དུང་ལ་སེམས་གཏིང་ནས་ཡིད་སྨོན་སྐྱེ་བཞིན་པའི་གསར་བུ་གསར་མོ་བགྲང་ལས་འདས་པ་ཞིག་ཡོད་ཚོད་རེད།
གཉེན་སྒྲིག་བྱས་རྗེས་རིག་འཛིན་རྡོ་རྗེ་ནི་རང་གི་བཟའ་ཟླར་བརྩེ་དུང་ཟབ་ཅིང་། བརྩི་འཇོག་ཆེ་བའི་སྐྱེས་པ་ཡ་རབས་ཤིག་ཡིན། ཁོའི་ཁོར་ཡུག་གི་སྐྱེས་པ་དག་གིས་རང་གི་བཟའ་ཟླར“རྒན་མོ”དང་། “ཨ་ཡེ” “ནག་མོ”སོགས་སུ་འབོད་ལ། འབོད་ཚིག་དེ་དག་ནི་ཆེས་རྒྱུན་ལྡན་ལྟ་བུར་གྱུར་ཡོད། ཡིན་ནའང་རིག་འཛིན་རྡོ་རྗེས་བདེ་སྐྱིད་དང་གཉེན་སྒྲིག་བྱས་པ་ནས་བཟུང་མོ་ལ་འབོད་ཚིག་དམེ་བོ་དེ་དག་གིས་ཐེངས་གཅིག་ལའང་འབོད་མ་མྱོང་ལ། ད་དུང་རང་གི་གྲོགས་གཉེན་ཉེའི་འདུ་འཛོམས་སོགས་གང་གི་སྐབས་སུའང་འབོད་ཚིག་འདི་དག་ནི་སྐྱེས་མ་དམན་པར་བལྟ་བའི་ཐ་སྙད་དམེ་བོ་ཁོ་ན་ཡིན་པས་དེ་ལྟར་འབོད་མི་རུང་བའི་གནས་ལུགས་རྒྱུ་མཚན་མང་པོ་འདྲེན་སྲོལ་ཡོད།
རིག་འཛིན་རྡོ་རྗེ་དེ་འདྲ་ཞིག་ཡིན་པའང་གཉེན་ཉེ་དང་ཁྱིམ་མཚེས། གྲོགས་ཚོམས་སོགས་གང་དུའང་ཁས་མི་ལེན་རང་ལེན་ཡིན་པས། ཁོ་ཚོའི་སེམས་ནང་གི་དོན་དག་དེ་འཚོ་བའི་ཁ་བརྡ་གང་གི་སྐབས་སུའང་ཁ་ནས་བུད་པ་མང་། ཁ་ནས་བུད་པ་མང་བས་མི་སུ་ཡིན་ཡིན་ཡང་ཁོ་ནི་བཟའ་ཟླར་གཅེས་པའི་སྐྱེས་པ་མིག་དཔེ་བལྟ་ས་ཞིག་ཏུ་གྱུར་བས། ནམ་རྒྱུན་བུད་མེད་མང་པོ་ཞིག་གིས“ཁྱོད་ཀྱིས་རིག་འཛིན་རྡོ་རྗེར་སློབ་སྦྱོང་ཞིག་བྱས་ན་ཅི་མ་རུང”དང་། “ང་ལ་རིག་འཛིན་རྡོ་རྗེ་ལྟ་བུའི་ཁྱོ་ག་ཞིག་ཡོད་རྒྱུ་ན་ཤུ་རེ་ཁོ”སོགས་རང་གི་ཁྱོ་གར་འཁང་རའམ་གོ་རྒྱུ་ཅན་གྱི་སྐད་ཆ་མང་ཙམ་བཤད་སྲིད།
བཟའ་ཚོ་གཉིས་ཀྱི་བར་དུ་འགལ་བ་ཉག་གཅིག་ཡོད་པ་ནི། བདེ་སྐྱིད་རྒྱ་སྐད་བཤད་རྒྱུར་དགའ་བ་དང་། རིག་འཛིན་རྡོ་རྗེ་དེ་ལས་ལྡོག དོན་དག་དེ་ཁོ་ནའི་ཆེད་དུ་རིག་འཛིན་རྡོ་རྗེས་བདེ་སྐྱིད་ལ“སྤྱིར་དུས་རབས་འདིར་གཞན་སྐད་དང་གཞན་ཡིག་ཤེས་ན་ལེགས་མོད། རང་སྐད་དང་རང་ཡིག་ནི་ཅིས་ཀྱང་བོར་མི་ཉན་པའམ་དང་པོར་འཇོག་དགོས་པའི་དོན་ཆེན་ཞིག་ཡིན། ངེད་གཉིས་ཀྱིས་རྒྱ་སྐད་དང་རྒྱ་ཡིག་བཀོལ་ན་འབྱུང་འགྱུར་ངེད་གཉིས་ཀྱི་བུ་ཕྲུག་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་ཚོད་དཔག་ཐུབ་པ་མིན་ནམ”། “གཞན་གྱི་སྐད་ཡིག་ཤེས་ན་ལེགས་མོད་ཀྱང་། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །”ཞེས་སོགས་བོད་ཀྱི་མཁས་པ་དང་རྒྱལ་ཕྱི་ནང་གི་མཁས་པས་སྐད་ཡིག་གི་གལ་ཆེའི་རང་བཞིན་བཤད་པའི་ལེགས་བཤད་མང་པོ་རྒྱུན་དུ་མོའི་རྣ་བར་བླུགས་ཏེ་རྒྱ་སྐད་ཉུང་ཙམ་རྒྱག་རྒྱུའི་རེ་འབོད་བྱས། ཟླ་ནས་ཟླར་མཐུད་དེ་རེ་འབོད་བྱས། ལོ་ནས་ལོར་མཐུད་དེ་རེ་འབོད་བྱས། ཡིན་ནའང་བདེ་སྐྱིད་ནི“ངན་ལངས་མར་བཅོས་ལངས་མེད།”ཅེས་པའི་འཇིག་རྟེན་གཏམ་དཔེ་ལྟར། སྐད་ཆའི་ནང་དུ་རྒྱ་སྐད་ཤིན་ཏུ་མང་པོ་བསྲེ་ཞིང་། དཔེ་ཀློག་བྱ་རྒྱུ་ཧ་ཅང་ཉུང་ལ། དཔེ་ཆ་འགའ་རེར་བལྟ་བའང་རྒྱ་ཡིག་ཁོ་ན་ལས་བོད་ཡིག་ལ་མི་བལྟ་བ་སོགས་ཀྱིས་རིག་འཛིན་རྡོ་རྗེའི་སྙིང་ལ་ཟུག་རྔུ་ཡང་ཡང་སྟེར།
མཐར་རིག་འཛིན་རྡོ་རྗེས་ལོ་ངོ་གསུམ་ཅན་གྱི་རང་གི་བུ་ཕྲུག་ཁྲིད་དེ་མོ་དང་ཁ་ཕྱོགས་མི་གཅིག་པའི་ལམ་གཞན་ཞིག་ཏུ་སོང་། བརྩེ་དུང་དང་མི་ཁའི་ལྕགས་ཐག་སིལ་བུར་གཏོར་ནས། དཀའ་ཁག་དང་སྡིག་དམོད་ཀྱི་བགྱི་བ་དང་དུ་བླངས་ནས། ལམ་ཁ་གཞན་ཞིག་ཏུ་ཆས།
བཟའ་འཐོར་བྱས་པའི་ཉིན་དེ་ནས་བཟུང་། བུ་ཕྲུག་གིས་རིག་འཛིན་རྡོ་རྗེའི་པང་ནས“ཨ་མ། ཨ་མ།”ཞེས་ངུ་སྐད་རིང་པོ་ཞིག་གིས་རྫོང་མཁར་གྱི་ལྷིང་འཇགས་དཀྲོགས་ཤིང་། རིག་འཛིན་རྡོ་རྗེའི་དོན་ལྔའི་འོག་རིམ་ནས་ཅི་ཞིག་གིས་བཀྱག་པ་ལྟར་ཡ་ཆུང་ཁོག་པར་མི་ཆུད་པའི་ཚོར་བ་ལྕི་མོས་ཞིག་གིས་ཡོངས་སུ་བཟུང་ཞིང་། ལོ་བཅུ་གཉིས་བཅུ་གསུམ་གྱི་བྱིས་དུས་བརྒལ་རྗེས་ནས་བཞུར་མ་མྱོང་བའི་མིག་ཟུང་ལས་མཆི་མའི་ཐིགས་པ་ཟགས། ཕོ་ལོ་སུམ་ཅུའི་སྟག་ཤར་གྱི་གདོང་པ་རྒྱ་ར་དེ་མཆི་མས་བརླན། བདེ་སྐྱིད་དབང་པོ་ཤོར་ཏེ་ལྕགས་ཐབས་ཀྱི་ཟུར་དུ་རྩ་བ་བཅད་པའི་སྡོང་བོ་བཞིན་དུ་འགྱེལ་སོང་ཟེར། དེ་དུས་མོས“我的孩子”ཞེས་འབོད་སྐད་ཙམ་ཡང་སྒྲོག་མ་ཐུབ་པར་ལོག་སོང་ཟེར། །