( དེབ་གོང་མའི་འཕྲོར་མཐུད། )
གོང་མ་འགྲོ་མགོན་གོང་དཀར་བཞུགས། །
གདུང་སྲས་ངག་དབང་གྲགས་པ་འཁྲུངས། །
གྲགས་འབྱུང་ཐེལ་གྱི་གདན་སར་ཕེབས། །
ཐུགས་དམ་ཟབ་བཞེས་རྟགས་ཐོན་ཟེར། །
རྒྱལ་བ་ལྔ་པ་ཆེན་པོའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་གསལ་བ་ལྟར་ན། ངག་དབང་བཀྲ་ཤིས་གྲགས་པའི་སྲས་ཆེ་བ་འགྲོ་བའི་མགོན་པོ་གོང་དཀར་དུ་གདན་ས་འཛིན། དཔོན་ས་འཕྱོང་རྩེའི་མོ་ཁབ་ཏུ་བཞེས། དེ་ལས་སྲས་ཞབས་དྲུང་ངག་དབང་གྲགས་པ་འཁྲུངས། སྤྱི་ལོ་1560པའི་ལྕགས་སྤྲེལ་ལོ་ཙམ་ན་ཞབས་དྲུང་ངག་དབང་གྲགས་པ་གོང་དཀར་ན་བཞུགས་སྐབས། རྩེར་ཡུམ་མི་གཅིག་པའི་སྐུ་མཆེད་ཡོད་པར་བརྟེན། དཔོན་ས་འཕྱོངས་རྩེ་མས་གནང་བཀོད་མ་ལེགས་པའི་ཟེར་བུན་བསླངས་ཏེ། རིན་སྤུངས་པ་དང་དགའ་ལྡན་པ་སོགས་ཞབས་དྲུང་ངག་དབང་གྲགས་པའི་ཞབས་ཏོག་ཏུ་རྩེར་དཔུང་གི་སྦྱོར་བ་བཤམས། ཧོར་བསོད་ནམས་དར་རྒྱས་སོགས་བློན་པོ་གཞན་རྣམས་དཔུང་ཁྱེར་གྱི་ཕྱོགས་ལྷུང་མངོན་ཚན་ཅན་མེད་ནའང༌། གོང་མ་ཆེན་པོས་བཀྲ་ཤིས་རྩེ་པར་ནང་བློན་བཅོལ་བར་མ་རངས་པའི་བར་ཞུགས་ཁོག་ནས་རྩེར་དཔུང་གིས་བསྐོར་མ་དགོས་པའི་ངོས། གོང་མ་འོན་རྒྱལ་བཟང་དུ་ཕེབས་བཅུག་ནས། ཞབས་དྲུང་ངག་དབང་གྲགས་པ་རྩེའི་ཁྲི་ཐོག་ཏུ་གདན་དྲངས། འོན་ཀྱང་འབྲུག་པ་སྤྲུལ་སྐུ་པདྨ་དཀར་པོས་སྡེ་དཔོན་རྣམས་ལ་རྒྱུ་མཚན་གནང་ཡང་ཟེར། གང་ལྟར་འགྱངས་མེད་དུ་གོང་མ་ཕྱིར་རྩེར་ཕེབས། ཞབས་དྲུང་ངག་དབང་གྲགས་པ་གོང་དཀར་དུ་བཞུགས་པ་ལ་ཡང་བསྐོར་རྒྱག་ཆ་གྲུལ་ཆེ་བ་བྱུང་སྐབས་གོང་དཀར་འདི་དབུས་གཙང་གཉིས་ཀྱི་བདུད་འཛོམ་པའི་ལྟེ་བ་ལྟ་བུར་འདུག་པས་རང་རེའི་མི་ངོ་ཞིག་གིས་མ་བཟུང་ན་བོད་ཀྱི་བདེ་སྐྱིད་ལ་གནོད་པས་རྫོང་གཏོད་མི་དགོས་ཚུལ་གྱི་གོང་མའི་བཀའ་ཤོག་གོང་དཀར་དུ་གནང་བར་མི་རྣམས་ཀྱི་ལག་ཏུ་བརྒྱབ་པས་དམག་རྣམས་གྱེས་ཏེ་བདེ་འཇགས་ཆེ་བར་བྱུང༌། ཞེས་གསལ། འདིར་གོང་མའི་ཚ་བོ་འགྲོ་བའི་མགོན་པོ་ལ་རིན་སྤུངས་པས་གྲོགས་བྱས་ཏེ་ཟླ་ངོ་ཙམ་ཁྲི་ཐོག་བཞུགས་ཡོད་པར་འདྲ། །
གོང་མའི་སྲས་ཆུང་བ་སྤྱན་སྔ་གྲགས་འབྱུང་བ་ཐེལ་གྱི་གདན་སར་ཕེབས། ཞབས་མི་བདེ་བའི་དབང་གིས་ཟབ་བཞེས་ཐུགས་དམ་གྱི་རིམ་པ་གཙོ་བོར་མཛད། ཁྱད་པར་གཤེད་སྐོར་དང་མ་མགོན་བྱ་རོག་གདོང་ཅན་རྩལ་དུ་ཐོན་པས་སྡེ་པ་འོལ་ཁ་བ་ཕུན་ཚོགས་རབ་བརྟན་པས་ཐེལ་གྱི་མཆོད་བཞེས་སོགས་ལ་ལོག་སྒྲུབ་མང་དུ་མཛད་པར་མངོན་སྤྱོད་ཀྱི་ལས་སྦྱོར་གནང་བས་གྲུབ་རྟགས་ཐོན་པར་གྲགས། །
ཆུ་ཕག་གཡས་རུ་བྱང་སྡེ་ལ། །
ས་རིན་ཟུང་གི་དམག་དཔུང་ཆས། །
ལོ་དེར་འབངས་མི་གྱེན་ལོག་གིས། །
ཐུགས་སྲས་པདྨ་དཀར་པོ་བཀྲོངས། །
དེ་རྗེས་གཙང་རོང་དམག་འཁྲུག་ལངས། །
གཡུལ་ཉེས་བསྟུད་མས་རིན་སྤུངས་ཉམས། །
སྤྱི་ལོ་1563པའི་ཆུ་ཕག་ལོར་ས་སྐྱ་པའི་རྒྱབ་ཏུ་རིན་སྤུངས་ངག་དབང་འཇིགས་གྲགས་ཀྱི་དམག་དཔུང་གཡས་རུ་བྱང་པའི་ཕྱོགས་སུ་བཏེགས་པའི་ཚེ། ངག་དབང་འཇིགས་གྲགས་རང་ཡང་དམག་རྒྱབ་ཏུ་ཕེབས། ལམ་ཞོར་དུ་བྱ་རྒོད་གཤོངས་པ་རྣམས་བརྡུངས་པས་དགེ་འདུན་པ་ཚོ་ལའང་འོ་བརྒྱལ་ཆེ་བ་བྱུང་། ལོ་དེ་གར་འབངས་གྱེན་ལོག་བྱས་ཏེ། གཙང་རོང་ཕྱོགས་སུ་དམག་འཁྲུག་ལངས་པ་དང༌། ངག་དབང་འཇིགས་གྲགས་ཀྱི་སྲས་པ་དཀར་པོ་བཀྲོངས། རྗེས་རིན་སྤུངས་པས་རྒྱལ་རྩེ་པ་དང༌། འབྲོང་རྩེ་པ། སྣར་ཐང་པ་སོགས་ལའང་དཔུང་འཇུག་བྱས་ཀྱང༌། ཕ་རོལ་པོའི་ཕྱོགས་སུ་ཞིང་ཤག་པས་རྒྱབ་སྐྱོར་བྱས་པ་སོགས་གཡུལ་འགྱེད་དེ་དག་ན་རིན་སྤུངས་པར་ཕམ་ཁ་གཅིག་རྗེས་གཉིས་མཐུད་དུ་ཕོག་སྟེ་ངག་དབང་འཇིགས་གྲགས་ཀྱི་མངའ་ཐང་ཕལ་ཆེར་ཤོར། དུས་དེར་ཕྱི་ལྟར་ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་རྣམ་པ་ལ། ནང་དོན་དངོས་སྡེ་པ་རིན་སྤུངས་པས་བོད་ལ་དབང་བསྒྱུར་བྱེད་པའི་སྲིད་དབང་དེ་ཉམས་པའི་འགོ་ཚུགས། སྤྱི་ལོ་1565པའི་ཤིང་གླང་ལོར་ཞིང་ཤག་པ་རང་གི་དམག་སྣེ་ཁྲིད་དེ་པ་རྣམ་ལྷུན་གྲུབ་རྩེ་བསྐོར་པ་དང༌། རྫོང་གསར་ཕག་རི་བཅས་བླངས་པར་མ་ཟད། ལྷུན་གྲུབ་རྩེ་པ་སང་ཤོར་གནང་ཤོར་དང༌། མྱང་སྟོད་པ་རྣམས་སུ་ཡི་ཕྱོགས་སུ་འགྲོ་ངེས་གཏན་མེད་པའི་ཁར། རིན་སྤུངས་པ་ལའང་ཉེན་ཁ་ཆེན་པོ་ཆགས་པའི་མཚམས་སུ་སླེབས་ཚེ། རིན་སྤུངས་པས་འབྲུག་པ་པད་མ་དཀར་པོ་སླར་ཡང་རིན་གཙང་གཉིས་ལ་བར་འདུམ་གནང་བར་གདན་ཞུས་བྱས་མཐར། པ་རྣམ་པ་ཡོངས་རྫོགས་ཞིང་ཤག་པར་སྤྲད་ནས་འཐུས་ཙམ་བྱུང་བ་བཅས་སྐབས་དེར་ཡང་ཞིང་ཤག་པར་རྒྱལ་ཁ་ཐོབ། །
སྣེའུ་གདོང་གྲགས་འབྱུང་མིང་གིས་བརྒྱན། །
གཙང་སྡེ་ཞིང་ཤག་པ་ཡིས་བཟུང་། །
གདུང་སྲས་གསུམ་གྱིས་མཛད་རྗེས་བསྐྱངས། །
ས་ཡོས་ལྷ་དབང་རྡོ་རྗེ་ཡིས། །
བྱང་བདག་ཆེན་པོ་གནས་དབྱུང་ཀྱང་། །
མངོན་སྤྱོད་མཐུ་ཡིས་ཞིང་ཤག་གྲོང།
བྱི་གླང་སྡེ་གཟར་ཞེས་པ་ཞིང་ཤག་པས་དབུས་གཙང་ཕྱོགས་དབང་བསྒྱུར་གྱིས་དམག་འཁྲུགས་ལངས་སྐབས། སྣེའུ་གདོང་དུ་ཕག་གྲའི་སྡེ་སྲིད་གྲགས་འབྱུང་བ་ཞེས་པ་ཞིག་ཡོད་པ་《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》སུ་དྲངས་པའི་ལུང་བསྟན་ལས། གྲགས་འབྱུང་མིང་ཅན་སྣེ་ཡི་གདོང་པོ་འཛིན། བདུད་སྤྲུལ་མི་དགུས་ཕག་ཚང་ཡོས་ལྟར་རྔོད། ཅེས་བདུད་མི་སྤུན་དགུ་ཞེས་པ་ནི་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་སྲས་ཀརྨ་མཐུ་སྟོབས་རྣམ་རྒྱལ་སོགས་དགུ་བྱུང་བ་དེ་ལ་ཟེར་ཞིང༌། བྱི་གླང་སྡེ་གཟར་ཞེས་པ་སྤྱི་ལོ་1563ལོའི་ཆུ་ཕག་ལོར་ཞིང་ཤག་པས་གྱེན་ལོག་བྱས་ཏེ་རིན་སྤུངས་པའི་སྲས་པ་དཀར་པོ་བཀྲོངས། དེའི་ཕྱི་ལོ་ཤིང་བྱི་དང་ཤིང་གླང་སྟེ་ལོ་གཉིས་ཀྱི་རིང་ལ་རིན་སྤུངས་དང༌། རྒྱལ་རྩེ། འབྲོང་པ། སྣར་ཐང་སོགས་དབུས་གཙང་ཀུན་ཏུ་འཁྲུག་པ་རྒྱུན་མ་ཆད་པར་བྱུང་བའི་མཐར་སྤྱི་ལོ་1565པའི་ཤིང་གླང་ལོར་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་རང་ཉིད་ཀྱིས་དམག་སྣེ་ཁྲིད་དེ་རིན་སྤུངས་པ་བཏུལ། གཙང་པའི་ཡུལ་གྲུ་ཐམས་ཅད་དབང་དུ་བྱས་པས་གཙང་སྟོད་རྒྱལ་པོ་ཞེས་གྲགས་པ་དེ་བྱུང༌། །
གནམ་བསྐོས་ལྷའི་བུ་ཞིང་ཤག་ཚེ་བརྟན་རྡོ་རྗེ་ཞེས་བསོད་ནམས་ཀྱི་མངོན་པར་མཐོ་བ་འདི་ཉིད་ལས་རིམ་པར་བརྒྱུད་པའི་ལྷ་དང༌། གེ་སར་དང༌། ཀརྨ་པའི་ཆོས་སྐྱོང་སོགས་ཀྱི་སྤྲུལ་པའི་མི་ཕོ་རྣམས་བྱོན་ཞིང༌། དེ་དག་གི་ཞི་རྒྱས་དབང་དྲག་གི་རྣམ་ཐར་དང་སྤྲུལ་པ་བསྐྱེད་པ་བསམ་གྱིས་མི་ཁྱབ་པ། བརྗོད་ཀྱི་མི་ལང་པ་འདུག་ཀྱང་འབྲི་བར་མ་ལང་ཞིང་ཟུར་ཙམ་ཞིག་བརྗོད་པ་ལས། གནམ་སྦྱིན་མིའི་དབང་པོ་ཞིང་ཤག་ཚེ་བརྟན་རྡོ་རྗེ་དེ་ཉིད་ལ། རྒྱལ་བ་ཀརྨ་མི་སྐྱོད་རྡོ་རྗེ་དང༌། རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་གིས་དབུས་གཙང་མངའ་བསྒྱུར་བར་ལུང་བསྟན་ནས་མཚན་དོན་གྱི་དབུ་བརྙེས་ལ། དེ་ལ་སྲས་དགུ་ཙམ་ཞིག་བྱུང་བ་ལས་ཡོངས་སུ་གྲགས་པ་བོད་ཆོས་རྒྱལ་གྱི་སྤྲུལ་པ་ཀརྨ་མཐུ་སྟོབས་རྣམ་རྒྱལ་དང༌། བེར་ནག་ཅན་གྱི་སྤྲུལ་པ་ཀུན་སྤངས་ལྷ་དབང་རྡོ་རྗེ། གེ་སར་གྱི་སྤྲུལ་པ་ཀརྨ་བསྟན་སྲུང་དབང་པོ་གསུམ་བྱུང་བ་ལས་སྤྲུལ་པའི་དབང་པོ་འདི་གསུམ་གྱིས་གཙང་སྟོད་དུ་གཞན་ཕྱོགས་མ་རུངས་པ་ཚར་བཅད། སྒར་ཆེན་ཀརྨ་པ་ཡབ་སྲས་སྤྱན་དྲངས་ནས་འབུལ་ཞབས་དབུས་གཙང་གི་རང་སྲིད་ཆེ་ཆུང་རྣམས་ལ་ཁུར་སྐྱོང་གནང་བ་སོགས་ཞི་རྒྱས་དབང་དྲག་གི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་ལོ་རྒྱུས་གེ་སར་གྱི་སྒྲུང་དང་མཚུངས་པར་འདུག འདི་གསུམ་གྱི་སྐུ་དྲིན་ལས་མཚན་དོན་གྱི་གཞི་ཚུགས། །
སྤྱི་ལོ་1579པའི་ས་ཡོས་ལོར་བྱང་བདག་ནམ་མཁའ་རྒྱལ་མཚན་དང༌། བྱང་བདག་བཀྲ་ཤིས་སྟོབས་རྒྱས་སྐུ་མཆེད་བགྲེས་གཞོན་གཉིས་ནང་མ་འཆམས་པའི་བར་དུ་ཞིང་ཤག་པའི་སྲས་ཀུན་སྤངས་ལྷ་དབང་རྡོ་རྗེ་བཙངས་ཐོག་ནམ་མཁའ་རྒྱལ་མཚན་གྱི་ཕྱོགས་སུ་ལངས་ཏེ་བྱང་བདག་བཀྲ་ཤིས་སྟོབས་རྒྱས་རང་གི་སྒེར་གཞིས་སུ་བཞུགས་མི་ཆོག་པར་དབུས་ཕྱོགས་སུ་རྒྱང་ཕུད་ལྟ་བུར་ཕེབས་དགོས་པའི་ཆད་པ་ཕོག་པར་མ་ཟད། ཞིང་ཤག་པས་བྱང་བདག་བཀྲ་ཤིས་སྟོབས་རྒྱས་ལ་འཕྱ་སྨོད་སྒྲོག་པ་ཐུགས་ལ་ཕོག་ཆེ་བས། བཀྲ་ཤིས་སྟོབས་རྒྱས་ཀྱིས་མངོན་སྤྱོད་ཀྱི་ལས་སྦྱོར་མཛད་པས་ཞིང་ཤག་ཚེ་བརྟན་རྡོ་རྗེ་གཟའ་ནད་ཀྱིས་གྲོངས་པར་གྲགས། དུས་དེར་ཞིང་ཤག་པའི་སྲས་ཀུན་སྤངས་ལྷ་དབང་རྡོ་རྗེས་བསམ་འགྲུབ་རྩེར་བཞུགས་པ་དང༌། བསྟན་སྲུང་དབང་པོ་པ་རྣམ་ནོར་བུ་ཁྱུང་རྩེར་བཞུགས་ནས་གཙང་ཕྱོགས་ཕལ་ཆེར་དབང་འོག་ཏུ་བཅུག།
ལྕགས་རྟ་ལ་དམག་གུ་གེར་སླེབས། །
ས་སྟག་གུ་གེའི་དམག་དཔུང་གིས། །
མྱང་དགོན་སྡེ་འབངས་བཙོན་དུ་ཁྲིད། །
དུས་དེར་སྟག་ཚང་བླ་མ་ཡིས། །
ལ་དྭགས་རྒྱལ་པོ་གྲོགས་སུ་སྦྲན། །
སྲིད་མཐའ་ངག་དབང་གྲགས་པས་བསྡུས། །
ཕག་གྲུའི་སྲིད་མཇུག་ཡོངས་སུ་ཆད། །
ཕག་གྲུའི་སྲིད་སྐྱོང་དུས་སྐབས་ཀྱི་ལེའུ་སྟེ་བདུན་པའོ། །
སྤྱི་ལོ་1570པའི་ལྕགས་རྟ་ལོར་གུ་གེའི་ཕྱོགས་སུ་སྡེ་པ་རྣམས་ནང་འཁྲུག་བྱུང་བ་དང་ལ་དྭགས་པའི་དམག་གུ་གེར་བསྐྱོད་ནས་འཁྲུག་སློང་ནང་ཞུགས། རྩ་རྔ་གི་ཕོ་བྲང་བསྐོར་བ་ན། འབྲུག་པའི་སྟག་ཚང་བླ་མ་བར་འདུམ་གནང་སྟེ་གུ་གེ་ལྷ་སྡེ། མི་སྡེ། འབྲོག་སྡེ་རྣམས་སྔར་རྒྱུན་ལྟར་གནས་ཆོག་པར་བྱུང་། སྤྱི་ལོ་1578པའི་ས་སྟག་ལོར་འབྲུག་པའི་དགོན་པ་མྱང་པོ་རི་རྫོང་དང་། གུ་གེ་ལྷ་སྡེ་མི་སྡེ་གཉིས་དམག་འཁྲུགས་བྱས་པས་གུ་དམག་གིས་མྱང་པོ་རི་རྫོང་ཕབ། ཡུལ་མི་དང་གྲྭ་སེར་འགའ་ཞིག་བཙོན་དུ་ཁྲིད། སྟག་ཚང་རས་པས་གནད་དོན་དེ་ཐོས་པ་དང་ཟངས་དཀར་གྱི་སྒྲུབ་ཆེན་བདེ་བ་རྒྱ་མཚོ་དང་། གར་ཞྭའི་འགྲོ་མགོན་རྒྱ་མཚོ་བཀྲ་ཤིས། ཉོ་མའི་ཆོས་རྗེ་བཅས་ལ་བཙོན་པ་དེ་དག་གློད་དཀྲོལ་ཡོང་ཐབས་སྐོར་ཞུས་པར་ལམ་འབྱོར་སྟབས། ལ་དྭགས་རྒྱལ་པོ་ཚེ་དབང་རྣམ་རྒྱལ་ལ་བཙོན་པ་དེ་དག་ཐར་ཐབས་ཞུས་པར། རྒྱལ་པོས་ལན་དུ། ངེད་ཀྱི་རུ་ཐོག་གི་དམག་དཔུང་རྣམས་གུ་གེའི་ཁྱུང་ལུང་ནས་མར་བཏང་སྟེ། བཟུང་དམག་དེ་དག་ལ་སྐྱབས་འཇུག་བྱ་ཆོག་ཅེས་གསུངས། སྤྱི་ལོ་1595པའི་ཤིང་ལུག་ལོར་སོག་པོའི་དམག་གྲོ་ཤོད་ནང་འབྱོར་པ་དང་། ལ་དྭགས་རྒྱལ་པོས་དམག་དྲངས་ཏེ། སོག་དམག་འགའ་ཞིག་བསད། བརྒྱ་ལྷག་བཙོན་དུ་བཟུང་ཡོད་འདུག །
ཕག་གྲུའི་སྲིད་སྐྱོང་ཀུན་གྱི་མཐའ་མ་ཞབས་དྲུང་ངག་དབང་གྲགས་པ་ནི། ཡབ་གོང་མ་འགྲོ་བའི་མགོན་པོ་དང༌། ཡུམ་དཔོན་ས་འཕྱོངས་རྩེའི་དྲུང་མོ་གཉིས་ཀྱི་སྲས་སུ་འཁྲུངས། འདི་འཁྲུངས་དུས་ཀྱི་ལོ་ཚིགས་མ་རྙེད་ཀྱང་འདིའི་སྲས་ལ་བག་མ་བསུ་སྐབས་རྡོ་བྲག་རིག་འཛིན་ཆེན་པོ་རྒྱལ་སྲས་པ་ཆོས་རྒྱལ་བག་ཆོག་ལ་ཕེབས་ཚུལ་གསལ་བ་ལྟར་ན་ཕལ་ཆེར་སྤྱི་ལོ་1540ཡས་མས་ཤིག་ན་འཁྲུངས་ཡོད་དགོས། ཡབ་འགྲོ་བའི་མགོན་པོ་གོང་དཀར་གྱི་རྫོང་དུ་སྐུ་གཤེགས་པ་དང་གོང་དཀར་གྱི་གདན་ས་བསྐྱངས། སྤྱི་ལོ་1560ལོ་ཙམ་ན་སྣེའུ་གདོང་རྩེར་ཕེབས་ནས་སྡེ་སྲིད་ཀྱི་ཁྲི་ལ་ཟླ་ཤས་ཙམ་བཞུགས་ཏེ་སླར་གོང་དཀར་དུ་ཕྱིར་ཕེབས། སྤྱི་ལོ་1572པའི་ཆུ་སྤྲེལ་ལོ་ཡས་མས་ཤིག་ནས་སྤྱན་སྔ་གྲགས་འབྱུང་བ་སྐུ་གཤེགས་རྗེས་སྣེའུ་གདོང་དུ་ཕག་གྲུའི་གདུང་རྒྱུད་འཛིན་པ་དང༌། ཕག་གྲུའི་སྡེ་སྲིད་ཀྱི་མཚན་བཞེས་ནས་སྣེའུ་གདོང་རྩེར་བཞུགས། འདི་ལ་སྲས་བཀའ་བརྒྱུད་པ་རྣམ་པ་རྒྱལ་བ་དང༌། རྣམ་རྒྱལ་གྲགས་པ་གཉིས་འཁྲུངས། གཅུང་རྣམ་རྒྱལ་གྲགས་པ་ལ་ཡར་རྒྱབ་པའི་སྲས་མོ་ཁབ་ཏུ་བསུས་རྗེས་མི་རིང་བར་སྐུ་གཤེགས། དེ་ནས་བཀའ་བརྒྱུད་པ་རྣམ་པ་རྒྱལ་བ་དང་འདུས་ཏེ་གདུང་རྒྱུད་སྤེལ་བའི་སྲས་མི་ཕམ་བསོད་ནམས་དབང་ཕྱུག་གྲགས་པ་རྣམ་རྒྱལ་དཔལ་བཟང་འཁྲུངས། སྤྱི་ལོ་1693པའི་ཆུ་ལུག་ལོར་རྒྱལ་བ་ལྔ་པས་《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》རྩོམ་སྐབས་དེ་ཉིད་སྣེའུ་གདོང་རྩེར་བཞུགས་ཡོད་པར་གསུངས། །