དངོས་ཡོད་འཚོ་བའི་ཁྲོད་ང་ཚོ་དཔལ་འབྱོར་དང་འབྲེལ་བའི་གདམ་བྱ་མང་པོར་ཕྲད་དང་འཕྲད་བཞིན་ཡོད་པས། ང་ཚོས་དེ་མཐུན་གྱི་གདམ་གསེས་དང་གནད་དོན་མང་པོ་ཞིག་ལ་ཇི་ལྟར་འགྲེལ་བཤད་དང་ཐག་གཅོད་བྱ་རྒྱུ་ནི་དོན་དམ་དུ་དཔལ་འབྱོར་རིག་པའི་གཞིག་སྟངས་དང་འབྲེལ་བ་དམ་ཟབ་ལྡན། ཚོང་ཁྲོམ་སྤྱིའི་གནས་ཚུལ་དང་རང་ཉིད་ཀྱི་འཇོན་ནུས་ལ་གཞིག་སྟེ་དཔལ་འབྱོར་དོན་བྱར་བརྩོན་གཉེར་དང་མ་འཆུག་མ་ནོར་བར་དཔལ་འབྱོར་གདམ་བྱར་དབྱེ་ཞིབ་བྱ་རྒྱུ་ནི་བློ་གྲོས་ཅན་གྱི་ལས་སུ་འཁུམས། ཉམས་མྱོང་གི་ངོས་ནས་གླེང་ན་རང་གི་དཔལ་འབྱོར་ཡོང་འབབ་ཀྱི་གནས་ཚུལ་དང་མཐུན་པའི་ཡང་དག་པའི་འཛད་སྤྱོད་ཐབས་ལམ་ཞིག་གདམ་རྒྱུ་ནི་གྱོང་གུད་དང་རིང་དུ་གྱེས་པའི་ཐབས་དམ་པའོ།།
སྤྱིར་བཏང་དུ་མི་རྣམས་ཀྱི་འཛད་སྤྱོད་རྣམ་པ་རིགས་གསུམ་དུ་དབྱེ་ཆོག་སྟེ།
གཅིག་ནི་འཆར་གཞིའི་རྣམ་པ་སྟེ། དེ་ནི་ཁྱིམ་ཚང་ཡོང་འབབ་ཀྱི་དངོས་ཡོད་གནས་ཚུལ་དང་བཟའ་ཟླའི་འཚོ་བའི་དམིགས་ཡུལ་གཙོར་བཟུང་ནས་འཆར་གཞི་ལྟར་འཛད་སྤྱོད་བྱེད་པའི་རྣམ་པ་ཞིག་ལ་གོ་ཞིང་། འཛད་སྤྱོད་རྣམ་པ་འདི་ཡང་དག་པར་སྤྱོད་ཐུབ་ཚེ་དམིགས་མེད་དང་རྔམ་ཉོའི་འཛད་སྤྱོད་འབྱུང་མི་སྲིད།
གཉིས་ནི་འདོད་མོས་ཀྱི་རྣམ་པ་སྟེ། འཛད་སྤྱོད་ཀྱི་རྣམ་པ་འདི་ནི་མི་སྒེར་གྱི་འདོད་བློ་དང་སྐབས་ཐོག་དེའི་སྤྲོ་སྣང་ལྟར་འཛད་སྤྱོད་བྱེད་པ་ཡིན་པས་འཛད་སྤྱོད་སྤྱིའི་ཕན་ཕྱོད་ལ་བསམ་བློ་མང་པོ་གཏོང་མི་དགོས། ལག་ཏུ་སྒོར་མོ་མང་དུས་མང་པོ་བཀོལ་བ་དང་སྒོར་མོ་ཉུང་བའི་དུས་ཉུང་ངུ་བཀོལ་བ་ནི་འཛད་སྤྱོད་ཀྱི་རྣམ་པ་འདིའི་རིགས་ཀྱི་འབུར་ཐོན་གྱི་ཁྱད་ཆོས་ཡིན་ཞིང་། འཛད་སྤྱོད་འདིའི་རིགས་ལ་དམིགས་མེད་དང་རྔམ་ཉོའི་འཛད་སྤྱོད་འབྱུང་སླ།
གསུམ་ནི་གྲོན་ཆུང་གི་རྣམ་པ་སྟེ། འཛད་སྤྱོད་ཀྱི་སྐབས་སུ་བློ་ཞིབ་མོས་རྩིས་རྒྱག་པ་དང་ཅི་ནུས་ཀྱིས་གྲོན་ཆུང་བྱེད་པར་མ་ཟད་བསྐྱར་ཐོན་རང་བཞིན་གྱི་འཛད་སྤྱོད་བྱེད་པའི་བླང་བྱ་བཏོན། འཛད་སྤྱོད་ཀྱི་ཐབས་ལམ་འདི་ཁྱིམ་ཚང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་ཕན་ནུས་ལྡན་ལ། གཞན་དོ་སྣང་བྱ་དགོས་པ་ཞིག་ནི་གྲོན་ཆུང་གི་འདུ་ཤེས་ཀྱིས་རིན་གོང་བདེ་བའི་ཚོང་ཟོང་མང་པོ་ཉོས་ནས་འཕྲོ་བརླག་དང་བཀག་གསོག་རང་བཞིན་གྱི་འཛད་སྤྱོད་འབྱུང་སླ་བ་དེ་ཡིན།
འཛད་སྤྱོད་ཀྱི་བྱེད་ཐབས་འདི་གསུམ་པོར་སོ་སོར་ཡོན་ཏན་དང་སྐྱོན་གཉིས་ཡོད་དེ། ཚད་ལས་བརྒལ་བར་འཆར་གཞི་ལྟར་འཛད་སྤྱོད་བྱས་ན་གནས་སྐབས་རང་བཞིན་གྱི་འཛད་སྤྱོད་ཀྱི་སྐབས་སུ་ཚོང་ཟོང་ལེགས་པོ་ཉོ་མི་ཐུབ་པའང་སྲིད། མི་མང་པོ་ཞིག་འདོད་མོས་ཀྱི་རྣམ་པའི་འཛད་སྤྱོད་ལ་མོས། ཡིན་ནའང་གང་འདོད་དུ་འཛད་སྤྱོད་བྱས་པས་ཡོང་འབབ་དང་འཛད་སྤྱོད་གཉིས་དོ་མཉམ་མ་ཡིན་པའི་གནས་ཚུལ་འབྱུང་སྲིད་པར་མ་ཟད་ཁྱིམ་ཚང་གི་བཟའ་མིའི་འབྲེལ་བ་ལའང་ཤུགས་རྐྱེན་ཐེབས་སྲིད། གྲོན་ཆུང་རྣམ་པའི་འཛད་སྤྱོད་ནི་ལོ་ན་རྒན་པ་དག་གིས་གདམ་གསེས་བྱེད་པར་མོས་པའི་འཛད་སྤྱོད་རྣམ་པ་ཞིག་ཡིན་ལ། ན་གཞོན་གྱི་ཁྱིམ་ཚང་མང་ཆེ་བར་ཡང་འོས་ཤིང་འཚམ།
འཛད་སྤྱོད་ཚོང་ཟོང་ནི་མི་རྣམས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་དགོས་མཁོ་སྐོང་བའི་སྤྱི་ཚོགས་ཀྱི་ཚོང་ཟོང་ལ་བྱ་ཞིང་། དེ་ལ་ཚོང་ཟོང་རྒྱུ་ཆ་དང་འཚོ་བའི་རྒྱུ་ཆ་ཞེས་ཀྱང་བྱ།
མི་རྣམས་ཀྱི་དགོས་མཁོའི་ངོས་ནས་དབྱེ་ན་འཚོ་སྡོད་ཀྱི་རྒྱུ་ཆ(དཔེར་ན། གྱོན་གོས་དང་ཟ་མ། འགྲོ་འདུག་སྤྱོད་གསུམ་ཐད་སྤྱོད་པའི་གཞི་རྩའི་ཚོང་ཟོང)དང་འཕེལ་རྒྱས་རྒྱུ་ཆ(དཔེར་ན། ལུས་སྟོབས་དང་རིག་སྟོབས། ལུས་རྩལ། རིག་ནས་ཚོང་ཟོང་སོགས་ལ་བཀོལ་བའི་ཚོང་ཟོང)མྱོང་རོལ་རྒྱུ་ཆ(དཔེར་ན། རིམ་མཐོའི་ལུས་ཟུངས་གསོ་བའི་སྨན་རྫས་དང་སྤུས་ལེགས་གྱོན་གོས། སྒྱུ་རྩལ་ཉར་ཚགས་དངོས་རྫས་སོགས།)བཀོལ་སྤྱོད་དུས་ཡུན་གྱི་ངོས་ནས་ཐེངས་གཅིག་གམ་ཡུན་ཐུང་ནང་བཀོལ་སྤྱོད་བྱེད་པའི་སྤྱིར་བཏང་གི་འཛད་སྤྱོད་ཚོང་ཟོང་དང་ཡུན་རིང་ལ་འདོན་སྤྲོད་བྱེད་པར་མཁོ་བའི་འཛད་སྤྱོད་ཚོང་ཟོང་གཉིས་ཡོད་པའོ།།
འཛད་སྤྱོད་པས་ཚོང་ཟོང་ཉོ་བའི་བྱ་སྤྱོད་དང་གོམས་སྲོལ་ལྟར་ན་ཚོང་ཟོང་ལ་སྟབས་བདེ་ཚོང་ཟོང་དང་འདེམས་ཉོ་ཚོང་ཟོང་། དམིགས་བསལ་ཚོང་ཟོང་། རྒྱུས་མེད་ཚོང་ཟོང་བཅས་རིགས་བཞི་ཡོད།
1. སྟབས་བདེ་ཚོང་ཟོང་།
སྟབས་བདེ་ཚོང་ཟོང་ནི་འཛད་སྤྱོད་པས་རྒྱུན་དུ་ཉོ་དགོས་པ་དང་བསྐྱར་དུ་འཛད་སྤྱོད་བྱ་དགོས་པ། དུས་ཐོག་ཏུ་འཛད་སྤྱོད་བྱ་དགོས་པ། ཐག་ཉེ་སར་འཛད་སྤྱོད་བྱ་དགོས་པ། གོམས་ལོབས་སུ་གྱུར་བ། དེ་མིན་འཛད་སྤྱོད་བྱེད་སྐབས་དུས་ཚོད་སྤྱད་དེ་ཞིབ་བསྡུར་དང་གདམ་གསེས་བྱ་མི་དགོས་པའི་ཚོང་ཟོང་ལ་གོ
2. འདེམས་ཉོ་ཚོང་ཟོང་།
འདེམས་ཉོ་ཚོང་ཟོང་ནི་མགྲོན་པོས་བཀོལ་སྤྱོད་རང་བཞིན་དང་རྒྱུ་སྤུས། རིན་གོང་དང་རྣམ་པ་སོགས་གཞི་རྩའི་ཁྱད་ཆོས་དང་ནུས་ཆོད་ལ་ནན་ཏན་གྱིས་ཚོད་དཔག་དང་ཞིབ་བསྡུར་བྱ་དགོས་པའི་ཚོང་ཟོང་ལ་བྱ། དཔེར་ན། ཁྱིམ་ཆས་དང་གྱོན་གོས། རླངས་འཁོར་རྙིང་བ། འཕྲུལ་ཆས་ཆེན་པོ་སོགས། འདེམས་ཉོ་ཚོང་ཟོང་ལའང་སྤུས་མཚུངས་ཚོང་ཟོང་དང་སྤུས་ཀ་མི་མཚུངས་པའི་ཚོང་ཟོང་གཉིས་སུ་དབྱེ་ཆོག ཉོ་མཁན་གྱིས་སྤུས་མཚུངས་ཚོང་ཟོང་གི་རྒྱུ་སྤུས་གཅིག་མཚུངས་ཡིན་ནའང་རིན་གོང་མི་མཚུངས་པས་གདམ་གསེས་བྱ་དགོས་པར་ངོས་འཛིན་བྱེད། ཡིན་ནའང་འཛད་སྤྱོད་པའི་ངོས་ནས་བཤད་ན། གྱོན་གོས་དང་ཁྱིམ་ཆས། དེ་མིན་གཞན་པའི་སྤུས་ཀ་མི་མཚུངས་པའི་ཚོང་ཟོང་འདེམས་ཉོ་བྱེད་སྐབས་ཚོང་ཟོང་གི་ཁྱད་ཆོས་དེ་རིན་གོང་ལས་གལ་ཆེན་དུ་བརྩི། སྤུས་ཀ་མི་མཚུངས་པའི་ཚོང་ཟོང་གི་ཚོང་གཉེར་པས་ངེས་པར་དུ་དབྱིབས་དང་ཁ་དོག་མི་གཅིག་པའི་ཚོང་ཟོང་མང་པོ་བསྒྲིགས་ཏེ་འཛད་སྤྱོད་པའི་དགའ་ཕྱོགས་དང་འདོད་བློ་བསྐང་སྲིད་པ་དང་། དེ་མིན་ད་དུང་ཚོང་སྐུལ་མི་སྣ་མང་པོ་བཀོད་སྒྲིག་བྱས་ཏེ་འཛད་སྤྱོད་པར་བརྡ་འཕྲིན་དང་དྲིས་ལན་འདོན་སྤྲོད་བྱེད་པ་རེད།
3.དམིགས་བསལ་ཚོང་ཟོང་།
དམིགས་བསལ་ཚོང་ཟོང་ནི་ཆེད་དམིགས་ཀྱི་ཚོང་རྟགས་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཚོང་ཟོང་ལ་བྱ་ཞིང་། ཚོང་ཟོང་དེ་འཛད་སྤྱོད་པར་མཚོན་ན་དམིགས་བསལ་གྱི་དོན་སྙིང་དང་རིན་ཐང་ལྡན། དཔེར་ན་ཉར་ཚགས་ཀྱི་རིན་གོང་ལྡན་པའི་ཉར་ཚགས་ཚོང་ཟོང་དང་གཉེན་སྒྲིག་གི་མཛུབ་དཀྲིས་ལྟ་བུ།
4.རྒྱུས་མེད་ཚོང་ཟོང་།
རྒྱུས་མེད་ཚོང་ཟོང་ནི་འཛད་སྤྱོད་པ་ཚོང་ཟོང་ལ་རྒྱུས་མངའ་མེད་པ་དང་། ཡང་ན་རྒྱུས་ཡོད་ཀྱང་སྤྲོ་བ་མེད་པ་དང་རང་འགུལ་གྱིས་འཛད་སྤྱོད་མི་བྱེད་པའི་ཚོང་ཟོང་ལ་བྱ། དཔེར་ན་ཁོར་སྲུང་ཐོན་རྫས། མི་ཚེའི་འགན་བཅོལ། ཆེད་ལས་རང་བཞིན་གྱི་དཔེ་ཆ་སོགས་ལྟ་བུའོ། །