མེག་སི་ཁོ་གཙོ་བྱས་པའི་ཉེ་འགྲམ་རྒྱལ་ཁབ་དག་གི་ཁྱབ་ཁོངས་སུ་གཟི་འོད་ལམ་ལམ་འཕྲོས་མྱོང་བའི་མ་ཡ་ཤེས་རིག་ནི་དབྱིན་ཏི་ཨན་མིས་གསར་དུ་གཏོད་པར་གྲགས་ལ། ཤེས་རིག་འདིས་འཛམ་གླིང་ཤེས་རིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་། ཀུན་གྱིས་དོ་སྣང་བྱ་ཡུལ་དུ་གྱུར་བའི་མ་ཡ་ཤེས་རིག་གློ་བུར་དུ་འཇིག་ཉམས་སུ་སོང་བའི་རྒྱུ་རྐྱེན་དང་ཤུལ་བཞག་རིག་དངོས་དག་གི་གསང་བས་ཡོ་རོབ་གླིང་གཙོས་པའི་འཛམ་གླིང་གི་ཞིབ་འཇུག་པ་མང་པོ་ཞིག་གི་མཚར་འཛིན་གྱི་བློ་དྲངས་ཏེ་དེ་མཐུན་གྱི་ཞིབ་འཇུག་གི་ལས་ལ་ཞུགས་ནས་གྲུབ་འབྲས་མང་པོ་བླངས་པ་ནི་མངོན་སུམ་དུ་སྣང་། འདིར་དཔྱད་འབྲས་དེ་དག་གཙོར་བཟུང་ནས་མ་ཡ་རིག་གནས་ངོ་སྤྲོད་མདོར་ཙམ་བྱ།
མ་ཡ་ཤེས་རིག་ནི་འཛམ་གླིང་གི་ཆེས་མིང་དུ་གྲགས་པའི་གནའ་བོའི་རིག་གནས་གྲས་ཀྱི་གཅིག་ཡིན་པར་མ་ཟད། མེ་གླིང་གི་ཆེས་གལ་ཆེ་བའི་གནའ་བོའི་རིག་གནས་ཤིག་ཏུ་ངོས་འཛིན་བཞིན་མཆིས། མ་ཡ་ཤེས་རིག་ནི་དེང་གི་མེག་སི་ཁོ་མཉམ་འབྲེལ་དམངས་རྒྱལ་ཁོངས་གཏོགས་ཀྱི་ཕྱེད་གླིང་མང་པོ་དང་ད་ལྟའི་གུ་ཝེ་ཐི་མ་ལ་དང་པེ་ལི་ཙེའི་ནུབ་ཁུལ་སོགས་སུ་རིམ་གྱིས་འཕེལ་རྒྱས་བྱུང་ཞིང་། མ་ཡ་ཤེས་རིག་བྱུང་འཕེལ་གྱི་གནས་འདི་དག་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་32.4ཡོད་པ་དང་། ཞིབ་འཇུག་པས་མ་ཡ་རིག་གནས་ཁྱབ་ཡམས་ཀྱི་མི་གྲངས་ཆེས་མང་དུས་མི་ཁྲི་1400ཡོད་པར་བཞེད། མ་ཡའི་མི་ནི་ལོ་ངོ་ལྔ་སྟོང་གི་སྔོན་ནས་བཟུང་དེང་གི་མེག་སི་ཁོ་དང་མེ་གླིང་བར་མའི་གུ་ཝེ་ཐི་མ་ལའི་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་སོགས་སུ་འཚོ་སྡོད་ཀྱི་མེ་ཁ་གསོས་ཤིང་། མེ་གླིང་གི་གནའ་བོའི་རྡོ་ཆས་དུས་སྐབས་ནས་བཟུང་ཁོ་ཚོས་ཐོན་སྐྱེད་བྱེད་སྒོའི་འགོ་བརྩམས། འཛམ་གླིང་གི་མི་རིགས་གཞན་དག་གི་འཕེལ་རིམ་དང་འདྲ་བར་མ་ཡ་མིའང་མ་རྨོས་པའི་ལོ་ཏོག་ཟོས་ཤིང་རི་དྭགས་རྔོན་པ་ནས་ཞིང་རྨོ་འདེབས་བརྒྱུད་ནས་འཕེལ་རྒྱས་བྱུང་བ་མིག་སྔར་ལག་སོན་བྱུང་བའི་དཔྱད་གཞི་དག་ལས་རྟོགས་ཐུབ།
མ་ཡ་ཤེས་རིག་གློ་བུར་དུ་འཕེལ་རྒྱས་བྱུང་ཞིང་དེ་ནས་གློ་བུར་དུ་ཉམས་རྒུད་དུ་གྱུར་པའི་གསང་བ་ད་ལྟ་ད་དུང་བརྟོལ་མེད་པས་ཀུན་གྱིས་མ་ཡ་རིག་གནས་ལ་དོ་སྣང་དང་དེ་ཉིད་གསང་བ་ལྐོག་གྱུར་གྱི་ཤེས་རིག་ཅིག་ཏུ་ངོས་འཛིན་བྱ་དགོས་པའི་གནད་ཀྱང་དེ་དང་འབྲེལ་བ་དམ་པོ་ཡོད་པར་འཁུམས། སྤྱི་ལོ་སྔོན་གྱི་ལོ་ངོ་2000ཡས་མས་སུ། མ་ཡའི་མི་གཏན་སྡོད་ཀྱི་ཞིང་ལས་དུས་སྐབས་སུ་སླེབས་ཤིང་། ཞིང་ལས་དང་གཏན་སྡོད་ཀྱིས་མ་ཡ་རིག་གནས་ལ་དབུ་ཁྱུད་གསར་པ་ཞིག་བྲིས་པ་ལགས།
འཛམ་གླིང་གི་མིང་དུ་གྲགས་པའི་མ་ཡ་རིག་གནས་ཀྱི་ཞིབ་འཇུག་པ་མང་པོ་ཞིག་གིས་གཅིག་མཐུན་དུ་ཁས་ལེན་པའི་མ་ཡ་རིག་གནས་ཀྱི་ལོ་རྒྱུས་དུས་རིམ་བགར་སྟངས་ནི་སྤྱི་ལོ་སྔོན་གྱི་ལོ་1500ནས་སྤྱི་ལོ་317བར་ནི་མ་ཡ་རིག་གནས་འཕེལ་རྒྱས་ཀྱི་བསྐལ་བ་ཡ་ཐོག་གི་དུས་སྐབས་དང་། སྤྱི་ལོ་317ནས་སྤྱི་ལོ་889ནི་གནའ་རབས་ཀྱི་དུས་སྐབས། སྤྱི་ལོ་889ནས་སྤྱི་ལོ་1697བར་ནི་གནའ་རབས་ཕྱི་མའི་དུས་སྐབས་སུ་ངོས་འཛིན་བྱེད། ལ་ལས་རེ་རེ་བཞིན་སྔ་མའི་དུས་སྐབས་དང་བར་དཀྱིལ་གྱི་དུས་སྐབས། མཐའ་མའི་དུས་སྐབས་བཅས་ཀྱང་བྱ།
མ་ཡའི་གནའ་རབས་ཤེས་རིག་གི་ཁྱབ་ཁོངས་གཙོ་བོ་ནི་གུ་ཝེ་ཐི་མ་ལའི་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་དང་མཐོ་སྒང་ས་ཁུལ་ཡིན་ཞིང་། དུས་སྐབས་དེའི་མ་ཡ་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་ནི་གྲོང་ཁྱེར་གྱི་ཐང་ཆེན་དུ་གཞི་ཁྱོན་ཆེ་བའི་རྡོ་བརྐོས་མང་པོ་གསར་བཞེངས་བྱས་པ་དང་། རྡོ་རིང་དེ་དག་གི་སྟེང་དུ་རྒྱལ་རབས་རིམ་བྱུང་གི་དབང་སྒྱུར་པའི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད་པ་དེ་རེད། སྤྱི་ལོ་དུས་རབས་དང་པོ་ནས་གཉིས་པའི་བར་དུ་འདྲ་གཟུགས་ཡི་གེ་དར་བས་རྡོ་རིང་གི་ངོས་སུ་དབང་སྒྱུར་པའི་ལོ་རྒྱུས་མཚོན་པའི་ཡི་གེ་མང་པོ་མཐོང་དུ་ཡོད་པ་དང་། དེ་མིན་ད་དུང་རྡོ་བཟོས་བཟོ་བཀོད་མང་པོ་བྱུང་བ་སྟེ་བཟོ་བཀོད་དེ་དག་གིས་སྐབས་ཐོག་དེར་གཞི་ཁྱོན་དང་ཆུ་ཚད་ངེས་ཅན་གྱི་བཟོ་བཀོད་སྒྱུ་རྩལ་དར་ཡོད་པ་མཚོན། གནའ་རབས་ཤེས་རིག་གི་ལྟེ་གནས་ནི་མེ་གླིང་དཀྱིལ་མའི་ན་ཁི་པེ(Nakbe)དང་ཨེར་ལ་ཏོར་(ElMirador)ཡིན་པར་བཞེད།
གནའ་རབས་དུས་སྐབས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ལྟེ་གནས་ནི་གུ་ཝེ་ཐི་མ་ལ་ས་ཁོངས་ཀྱི་ཏིས་ཁཱར་དང་ཕཱ་ལོན་ཁི(Palenque)པོ་ནན་ཕཱ་ཁི་(Bonampak)སོགས་ཡིན་ལ། དུས་སྐབས་དེའི་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་བཟོ་བཀོད་དང་བརྐོས་རིས། རི་མོ་སོགས་ཀྱི་སྟེང་ན་མངོན་ཞིང་། པོ་ནན་ཕཱ་ཁིའི་ལྡེབས་རིས་ནི་འཛམ་གླིང་གི་མིང་དུ་གྲགས་པའི་སྒྱུ་རྩལ་གྱི་བང་མཛོད་ཅིག་ཡིན་པར་བཞེད།
མེ་གླིང་དཀྱིལ་མའི་མ་ཡ་ཤེས་རིག་དུས་རབས་དགུ་པར་ཉམས་རྒུད་གྱུར་ཞིང་། དེའི་རྗེས་མ་ཡ་རིག་གནས་ཀྱི་ལྟེ་གནས་བྱང་ཕྱོགས་ཀྱི་མེག་སུ་ཁེའི་ཡུག་ཁཱ་ཏན་ཕྱེད་གླིང་དུ་གནས་སྤོས། གནས་དེར་མ་ཡ་ཤེས་རིག་གི་གནའ་རབས་ཕྱི་མའི་འགོ་བརྩམས་པར་བཞེད། མ་ཡ་ཤེས་རིག་གི་གནའ་རབས་ཕྱི་མའི་ལྟེ་གནས་གཙོ་བོ་ནི་ཆི་ཆིན་ཡེ་ཚཱ་(ChichenItza)དང་ཝོ་སི་མ་(Uxmal)མཱ་ཡཱ་ཕན་(Mayapan)བཅས་གསུམ་ཡིན་པར་བཞེད།
དུས་རབས་བཅོ་ལྔ་པའི་སྐབས་སུ་གྷི་ལོན་པོའོ་ཡིས་སྐམ་ས་གསར་པ་རྙེད་པ་ནས་བཟུང་ཡོ་རོབ་གླིང་གིས་མ་ཡ་མི་རིགས་དང་མ་ཡ་ཤེས་རིག་ལ་དོ་སྣང་བྱེད་འགོ་བརྩམས་ཤིང་། དུས་རབས་བཅུ་དྲུག་པ་ནས་བཟུང་རིག་གཞུང་པའི་སྡེ་ཡི་དཔྱད་བྱ་གསར་པ་ཞིག་ཏུ་གྱུར་བ་རེད།
གནའ་རྫས་རྟོག་ཞིབ་པ་དང་ལོ་རྒྱུས་ཉམས་ཞིབ་པ་མང་པོས་དཔྱད་འབྲས་ལྟར་ན། མ་ཡའི་མིའི་གཟུགས་པོའི་ཆ་སྙོམས་རིང་ཚད་ལ་དབྱིན་ཁྲུ་ལྔ་དང་དབྱིན་ཚོན་གཅིག་ཡོད་པ་དང་། མ་ཡ་མི་རིགས་ཀྱི་ལུས་སྟོབས་ཆེ་ཞིང་མགོ་བོ་ཐུང་བས་འཛམ་གླིང་གི་དཔེ་མཚོན་རང་བཞིན་གྱི་མགོ་རིལ་རྣམ་པའི་མི་རིགས་སུ་ངོས་འཛིན་བྱེད། མ་ཡའི་མིས་བྱིས་པ་བཙས་མ་ཐག་མགོ་བོ་ཤིང་ལེབ་ཀྱི་བར་དུ་བཙིར་ནས་ལེབ་མོར་བྱེད་པའི་སྲོལ་ཡོད། དེ་ནི་མ་ཡའི་མིའི་འདུ་ཤེས་འཛིན་སྟངས་དང་འབྲེལ་བ་དམ་པོ་ཡོད་དེ། ཁོ་ཚོས་མགོ་བོ་ནི་དཀོན་མཆོག་གིས་མ་ཡ་མི་རིགས་ལ་གནང་བའི་ཆེས་གཟི་བརྗིད་ལྡན་པའི་སྐྱེས་འབྲས་ཡིན་པར་བཞེད། མ་ཡའི་མིས་སྤྱི་ཡོངས་སུ་རྣ་རྒྱན་འདོགས་པའི་སྲོལ་ཡོད་ལ། འབྱོར་བས་ཕྱུག་པ་དག་གིས་སྣ་རྒྱན་ཡང་འདོགས་སྲོལ་ཡོད། དེ་མིན་སྐྱེས་པ་རྣམས་ཀྱིས་མདོག་ནག་པའི་འགྱུར་རྡོས་བཟོས་པའི་མེ་ལོང་ཟླུམ་པོ་ཞིག་མགོར་འདོགས་པའི་སྲོལ་ཡོད། སྐྱེས་པ་མང་ཆེ་བའི་གདོང་དང་ལུས་པོར་རིགས་མི་འདྲ་བའི་ཁ་མདོག་སྣ་ཚོགས་བྱུགས་ལ། དེ་ལས་འཐབ་མོ་བའི་གདོང་དང་ལུས་པོར་མདོག་དམར་པོ་བྱུགས་པ་དང་། གཉེན་སྒྲིག་མ་བྱས་པའི་སྐྱེས་པའི་གདོང་དང་ལུས་པོར་ཁ་དོག་ནག་པོ་བྱུགས། ལོ་རེའི་ས་གནས་སོ་སོའི་ཡུལ་ལྷར་མཆོད་པར་བྱ་བའི་མིའི་གདོང་དང་ལུས་པོར་མདོག་སྔོན་པོ་བྱུགས་པའི་སྲོལ་ཡོད། དེ་བས་མ་ཡའི་མི་ཞིག་གི་སྤྱི་ཚོགས་གོ་གནས་མི་དེའི་གདོང་དང་ལུས་པོར་བྱུགས་པའི་ཁ་དོག་ལས་རྟོགས་ཐུབ་པ་རེད། མ་ཡའི་མིའི་གཉེན་སྒྲིག་གི་ལོ་ཚོད་ནི་སྐྱེས་པ་ལོ་ན་བཅོ་བརྒྱད་དང་བུད་མེད་ལོ་ན་བཅུ་བཞི་ཡིན་ལ། བུད་མེད་དག་ལོ་ན་ཆུང་དུས་ནས་གཉེན་བསྒྲིགས་པ་དང་ཚེ་གང་པོར་བྱིས་པ་བདུན་བརྒྱད་ཙམ་བཙའ་དགོས་ལ། གལ་སྲིད་བུད་མེད་ཀྱིས་བྱིས་པ་མ་བཙས་ཚེ་སྐྱེས་པས་གཉེན་ཐོར་གྱིས་རེ་བ་བཏོན་ཆོག་པ་རེད། སྐྱེས་པས་རུས་མཚུངས་པའི་བུད་མེད་དང་གཉེན་སྒྲིག་བྱས་མི་ཆོག་ལ། འདི་ནི་ངེས་པར་བརྩི་སྲུང་བྱ་དགོས་པའི་སྒྲིག་སྲོལ་ཞིག་ཡིན། གཉེན་སྒྲིག་སྐབས་ཆེད་དུ་དེའི་མཐུན་གྱི་དོན་གཉེར་བའི་བར་བ་ཡོད། སྐྱེས་པ་རང་ཉིད་ཆུང་མ་འཚོལ་དུ་སོང་ན་སྡེ་མི་ཀུན་གྱིས་འཕྱ་དམོད་བྱ་ཡུལ་དུ་འགྱུར་སྲིད། ཨ་ཕས་རང་གི་བུ་དང་བུ་མོ་ཆུང་པའི་དུས་ནས་གཉེན་རྟགས་རྒྱག་པའི་སྲོལ་ཡོད་ལ། བུད་མེད་ལ་སྤྱི་ཚོགས་ཀྱི་སྤྱི་འགན་འཁུར་བའི་དབང་ཆ་མེད་པར་མ་ཟད་རྒྱུ་ནོར་གྱི་བདག་དབང་ཡང་མེད། དེ་མིན་བུད་མེད་དག་དགོན་པ་སོགས་སུ་འགྲོ་མི་ཆོག་པ་སོགས་ཀྱི་སྒྲིག་སྲོལ་མང་པོ་ཡོད་པ་རེད།
མ་ཡ་ཤེས་རིག་ཉམས་རྒུད་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི་ཐན་པ་དང་འབྲེལ་བ་དམ་ཡོད་པར་བཞེད་ལ། ཉམས་ཞིབ་པ་དག་གིས་བསྟན་པ་ལྟར་ན་སྤྱི་ལོ་750ནས་སྤྱི་ལོ་800བར་ནི་ཆེས་ཚབས་ཆེ་བའི་ཐན་སྐྱོན་གནོད་འཚེའི་དུས་རིམ་ཞིག་ཡིན་པ་རེད། མ་ཡའི་མི་ནི་ཞིང་ལས་གཙོ་གཉེར་གྱི་མི་རིགས་ཤིག་ཡིན་ཞིང་། ཁོ་ཚོའི་ཤེས་རིག་གི་རྨང་རྟེན་དུ་གྱུར་བའི་ཞིང་ལས་ཆར་ཆུ་ལ་བརྟེན་དགོས་པས་ཐན་སྐྱོན་གྱི་གནོད་འཚེས་མ་ཡ་ཤེས་རིག་ལ་གས་ཁ་ཤོར་དུ་བཅུག་པའི་བཞེད་དགོངས་ལ་གནས་ལུགས་མེད་པའང་མིན་ལ། འདི་ནི་མིག་སྔར་ཆེས་ཚུགས་ཐུབ་ཀྱི་ལྟ་ཚུལ་ཞིག་ཡིན་པ་དང་ཆེས་དོགས་གནད་ཅན་གྱི་ལྟ་ཚུལ་ཞིག་ཀྱང་ཡིན་པ་རེད།
མ་ཡ་རིག་གནས་ནི་རླབས་ཆེ་བའི་གནའ་བོའི་ཤེས་རིག་ཡིན་ལ། ཤེས་རིག་དེས་འཛམ་གླིང་ཤེས་རིག་ལ་མཛད་རྗེས་གལ་ཆེན་བཞག་པ་གཤམ་གསལ་ལྟར་ལགས།
གཅིག ཞིང་ལས་ཐོན་སྐྱེད་ཁྲོད་འབྲུ་རིགས་གསར་པ་རྨོ་འདེབས་བྱས་པ།
མ་ཡ་མི་རིགས་ཀྱིས་འབྲུ་རིགས་མང་པོ་ཐོན་སྐྱེད་བྱས་པ་སྟེ། དཔེར་ན་འབྲས་དང་ཀྲོ་མ་ཀྲི། སྲན་མ། ཞོག་ཁོག་མངར་མོ་དང་སུར་པན། དུ་རྩྭ་སོགས། དེ་དག་ལས་འབྲས་ཀྱི་གསོ་སྤེལ་གྱི་མཛད་རྗེས་ནི་གསུབ་དུ་མེད་པར་བཞེད། མ་གཞི་འབྲས་ནི་མེ་གླིང་གི་རི་སྐྱེས་སྐྱེ་དངོས་ཤིག་ཡིན་ལ། རྗེས་ནས་མ་ཡའི་མིས་རྨོ་འདེབས་བརྒྱུད་ཐོན་ཚད་མང་པའི་འབྲུ་རིགས་ཤིག་ཏུ་གྱུར་བ་རེད། འབྲས་ཀྱི་རིགས་མང་ཞིང་འཚོ་བཅུད་ཕུན་སུམ་ཚོགས་པ། ཐོན་སྐྱེད་ཀྱི་ཚད་མང་བས་མེ་གླིང་གི་དབྱིན་ཏི་ཨན་རིག་གནས་ཀྱི་དངོས་པོའི་རྨང་གཞིར་གྱུར་བ་རེད། རྗེས་ནས་ཡོ་རོབ་གླིང་གི་མི་མེ་གླིང་དུ་ཐོན་རྗེས་འབྲས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་བཏང་ནས་འཛམ་གླིང་ཡོངས་ཀྱི་བཟའ་ཆས་གཙོ་བོར་གྱུར།
གཉིས། ལོ་རྒྱུས་ལས་འགོངས་པའི་གྲོང་ཁྱེར་དང་དཔལ་འབྱོར་བསྐྲུན་པ།
བསྡོམས་རྩིས་བྱས་པ་ལྟར་ན། སྤྱི་ལོ་རྗེས་ཀྱི་དུས་རབས་བརྒྱད་པའི་ནང་དུ་རིགས་མི་མཚུངས་པའི་མ་ཡའི་ཚོ་པ་སོ་སོས་སྔ་རྗེས་སུ་གྲོང་ཁྱེར་བརྒྱ་ལྷག་བསྐྲུན་པ་དང་། དེའི་ཁྲོད་དུ་མིང་དུ་གྲགས་པ་ནི་ཕཱ་ལོན་ཁི་དང་ཁི་ལོན་སོགས་ཡིན། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་མ་ཡ་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་ཆུ་ཚད་ཅུང་མཐོ་བ་དང་འབྲེལ་བ་དམ་ཟབ་ཡོད་པར་བཞེད། སྐབས་དེར་རྡོའི་ཡོ་ཆས་དང་མཚོན་ཆ། རས་སོགས་ཀྱི་ཚོང་ཟོང་བྱུང་ཡོད་པ་དང་། སྤྱིར་བཏང་གི་གྲོང་རྡལ་དང་གྲོང་ཁྱེར་དུ་ཚོང་ར་ཡོད་པར་མ་ཟད་ཚོང་དོད་ཀྱང་བྱུང་ཡོད།
གསུམ། བཟོ་བཀོད་དང་སྒྱུ་རྩལ་ཕུན་སུམ་ཚོགས་པ་བསྐྲུན་པ།
མ་ཡའི་མིས་རྡོ་སྤྱད་དེ་རྔམ་བརྗིད་ལྡན་པའི་ཚོམས་ཆེན་དང་ལྷ་ཁང་། བང་སོ། རྡོ་རིང་ཆེན་པོ་སོགས་བཞེངས་བསྐྲུན་བྱས་ཤིང་། ད་ལྟ་རྙེད་སོན་བྱུང་བའི་བཟོ་བཀོད་ཀྱི་ཤུལ་བཞག་དག་ལས་ཚོན་རིས་ཀྱི་སྡེབ་སྟངས་དང་རི་མོའི་ཐིག་རྩ་སོགས་གསལ་པོར་མངོན་ཞིང་། དེ་མིན་ལྡེབས་རིས་དག་ལས་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་ཞིང་ཉམས་འགྱུར་གྱིས་ཕྱུག མ་ཡའི་མིར་གྲོང་ཁྱེར་ནང་རྡོ་རིང་བཙུགས་ཏེ་ལོ་རྒྱུས་མཚོན་པའི་སྲོལ་ཡོད་ལ། རྒྱུན་ལྡན་ལྟར་ན་ལོ་ངོ་ཉི་ཤུའི་ནང་རྡོ་རིང་བཙུགས་ནས་གལ་ཆེའི་སྲིད་དོན་ལོ་རྒྱུས་སོགས་བཀོད་པ་རེད།
བཞི། གནམ་རིག་སྐར་རྩིས་དང་གྲངས་རིག་འཐུས་ཚང་དུ་བཏང་བ།
མ་ཡའི་མིས་ལོ་གཅིག་ལ་ཉིན་365དང་ཟླ་བ་18ཡོད་པར་ངོས་འཛིན་བྱེད་པ་དང་། ཟླ་རེར་ཉིན་20དང་ལྷག་མའི་ཉིན་ལྔ་ནི་འདས་མཆོད་སྒྲུབ་པའི་ཉིན་མོར་གཏན་འཁེལ་བྱས་པ་རེད། ཁོ་ཚོས་གཟའ་ཟླ་བ་དང་གཟའ་པ་སངས་སོགས་ཀྱི་འཁོར་སྤྱོད་ཀྱི་ལོ་འཁོར་རྩིས་པར་མ་ཟད་ཉི་འཛིན་གྱི་དུས་ཚོད་ཀྱང་རྩིས་པ་རེད། གྲངས་རིག་གི་ཐད་ནས་གོར་ཐིག་གསར་དུ་རྙེད་ཅིང་འདི་ནི་གྲངས་རིག་ཐད་ཀྱི་གསར་རྙེད་ཆེན་པོ་ཞིག་ཏུ་བརྩི་ཞིང་། ཡོ་རོབ་ལས་ལོ་ངོ་800ཡིས་སྔ་བ་རེད། མ་ཡའི་མིའི་རྩིས་རིག་ནི་འཛམ་གླིང་གི་ཆེས་འཐུས་ཚང་བའི་རྩིས་རིག་ཡིན་པར་བཞེད་ལ། རྩིས་ཀྱི་མ་ལག་ལ་གཙོ་བོ་ལྷའི་ལོ་ཐོ་དང་ཉི་མའི་ལོ་ཐོ། རིང་འཁོར་ལོ་ཐོ་བཅས་གསུམ་གྱིས་གྲུབ།
ལྔ། འདྲ་གཟུགས་ཡི་གེ་གསར་དུ་གཏོད་པ།
མ་ཡའི་མིས་གསར་དུ་བཏོད་པའི་འདྲ་གཟུགས་ཡི་གེ་ནི་གཙོ་བོ་བཟོ་བཀོད་དང་རྫ་ཆས། སྡོང་ཤུན། རས་སོགས་ཀྱི་ངོས་སུ་བྲིས་ཡོད་པ་དང་། དེ་མིན་རྡོ་རིང་དང་དུར་ས། གཏོར་གཟུགས་མཆོད་རྟེན་སོགས་ཀྱི་སྟེང་དུའང་གནའ་བོའི་མ་ཡའི་འདྲ་གཟུགས་ཡི་གེ་མཐོང་དུ་ཡོད། མ་ཡ་སྐད་ཀྱི་མིང་ཚིག་ཕུན་སུམ་ཚོགས་ཏེ་ཧ་ལམ་ཁྲི་གསུམ་ལྷག་ཡོད། མ་ཡའི་ཡི་གེ་ལ་འདྲ་གཟུགས་ཡི་གེ་ཡོད་པར་མ་ཟད་དོན་མཚོན་ཡི་གེ་དང་སྒྲ་མཚོན་ཡི་གེའང་ཡོད། དོན་དམ་དུ་མ་ཡའི་ཡི་གེ་ནི་དོན་མཚོན་དང་སྒྲ་དོན་མཉམ་འདྲེས་ཀྱི་བྱེད་ནུས་ལྡན་པའི་ཡི་གེ་ཞིག་ཏུ་ངོས་བཟུང་ན་དོན་དང་མཐུན་པར་བཞེད། ཡི་གེ་འབྲི་ཡུལ་གཙོ་བོ་ནི་སྡོང་ཤུན་དང་ཤ་བའི་ལྤགས་པ་སོགས་ཡིན་ཞིང་། ཁོ་ཚོས་རྒྱུ་ཆ་དེ་དག་སྤྱད་དེ་དཔེ་ཆ་བཟོས་ཤིང་། དཔེ་ཆ་དེ་དག་གི་ནང་དོན་གཙོ་བོ་ལ་ལོ་རྒྱུས་དང་ཚན་རིག གུས་སྲོལ་སོགས་འདུས། མ་ཡའི་མིས་བཀོལ་སྤྱོད་བྱེད་བཞིན་པའི་འདྲ་གཟུགས་ཡི་གེ་བརྒྱད་བརྒྱ་ལྷག་ཡོད་པ་དང་དེ་ལས་བཞི་ཆའི་གཅིག་སྐད་བརྡ་སྨྲ་བ་དག་གིས་གསེད་དཀྲོལ་བྱས་ཤིང་། དེ་དག་ནི་གཙོ་བོ་ཟླ་ཚེས་དང་གྲངས་ཀ ཁ་ཕྱོགས། ཁ་དོག་སོགས་མཚོན་པའི་མིང་ཚིག་ཡིན་པ་རེད།
དྲུག འཐུས་ཚང་བའི་མཚན་ཉིད་རིག་པའི་ལྟ་བ་དང་འཆར་ཡན་གྱི་བསམ་བློ་གྲུབ་པ།
མ་ཡའི་མི་ནི་གནའ་བོའི་མི་རིགས་གཞན་པ་དང་འདྲ་བར་ཐོག་མར་འཇིག་རྟེན་པའི་ལྷ་ལ་མཆོད་གུས་བྱེད་ཅིང་། རྗེས་ནས་རིམ་བཞིན་ཆོས་ལུགས་ཀྱི་བསམ་བློར་མཚན་ཉིད་རིག་པ་དང་འཆར་ཡན་གྱི་བསམ་བློས་ཤུགས་རྐྱེན་ཐེབས་ནས་འཐུས་ཇེ་ཚང་དུ་གྱུར་པ་རེད། མ་ཡའི་མིས་འཆར་ཡན་གྱི་བསམ་བློ་ནི་སྟེང་ཕྱོགས་ལྷ་ཡུལ་ཁམས་ན་དགོས་འདོད་ཆར་བཞིན་འཇོ་བའི་འཇིག་རྟེན་ཞིག་ཡོད་པ་དང་། འཇིག་རྟེན་དེར་བདག་སྐྱོང་བྱེད་པའི་ལྷ་ཆེན་ཡེ་སི་ཐ་(Ixtab)ནི་བྱམས་སྙིང་རྗེ་ལྡན་ཞིང་དྲང་བདེན་ལ་གཞོལ་བ། བརྩེ་བས་ཕྱུག་པ་ཞིག་ཡིན་ཞིང་། ལྷ་ཆེན་ཡེ་སི་ཐ་ཡི་བདག་སྐྱོང་འོག་ལྷ་ཡུལ་གྱི་འཇིག་རྟེན་དེར་ནད་ཡམས་དང་མུ་གེ སྡུག་བསྔལ་དང་དཀའ་སྡུག་མེད་པར་བཟའ་བཏུང་ཕུན་སུམ་ཚོགས་ལ། སྡོད་ཁང་རིན་པོ་ཆེས་བརྒྱན་པ། གཟབ་མཆོར་གང་འདོད་དུ་གྱོན་ཆོག་པར་སྨྲ། མ་ཡའི་མིའི་འདུ་ཤེས་སུ་མི་ཞིག་འཇིག་རྟེན་འདིར་འཚོ་སྡོད་བྱེད་པའི་གོ་རིམ་ཁྲོད་རྣམ་དཀར་གྱི་ལེགས་བྱས་ལ་གཞོལ་ན་སྟེང་ལྷ་ཡུལ་དུ་འཕོས་ནས་རང་གི་འདོད་འདུན་ལྟར་འཚོ་ཐུབ་པ་དང་། དེ་ལས་ལྡོག་པར་རྒྱུ་འབྲས་དང་འགལ་ཞིང་དྲང་བདེན་ལ་མ་གཞོལ་ན་འོག་དམྱལ་ཁམས་སུ་ལྟུང་ནས་དཀའ་སྡུག་གྲངས་མེད་མྱོང་དགོས་པར་བཤད། མ་ཡའི་མིའི་འདུ་ཤེས་ནང་དུ་མི་ཚེ་ལས་འདས་པ་ནི་མི་ཞིག་གི་ཚེ་སྲོག་དེ་མཇུག་རྫོགས་པར་ངོས་འཛིན་མི་བྱེད་པར་དེ་ནི་འགྲུལ་བཞུད་ཀྱི་འགོ་གསར་པ་ཞིག་བརྩམས་པར་ངོས་འཛིན་བྱེད། ཁོ་ཚོས་མིའི་ཚེ་སྲོག་ནི་དུས་ཀྱི་འཁོར་སྐྱོད་ཁྲོད་རེས་འཁོར་བྱེད་བཞིན་པ་ཡོད་པ་དང་ལོ་ངོ་52ནང་འཁོར་བ་གསར་པ་ཞིག་གི་འགོ་བརྩམས་པར་བཞེད།
བདུན། ལོ་རྒྱུས་དང་རྩོམ་རིག་ཡིག་ཚགས་བརྩམས་པ།
མ་ཡའི་མིས་འདྲ་གཟུགས་ཡི་གེ་སྤྱད་དེ་དཔེ་ཆ་དང་རྡོ་བརྐོས་ཁྲི་ལྷག་གསར་དུ་བརྩམས་ཤིང་། དེ་དག་ལས་མང་པོ་ཞིག་དུས་འཁྲུགས་དང་རང་བྱུང་གི་གོད་ཆག་ཁྲོད་ཉམས་བརླག་ཏུ་གྱུར་ཞིང་ད་ལྟ་ཀུན་གྱི་མཐོང་ཆས་སུ་གྱུར་བ་ནི་《ཁཱ་ཆི་ཁིར་ལོ་ཚིགས་མེ་ལོང་།》དང་《ཆི་ལན•པཱ་ལན།》《པོ་པོར•ཝོ།》《ལཱ་པིས་ན་ཨེར་གྱི་དཔའ་བོ།》བཅས་བཞིའོ། །
《ཁཱ་ཆི་ཁིར་ལོ་ཚིགས་མེ་ལོང་།》ནི་ལོ་ཚིགས་གནད་བསྡུས་ཀྱི་དཔེ་དེབ་ཅིག་ཡིན་ཞིང་། དེར་ཚོ་པ་གཉིས་ཀྱི་འཐབ་འཁྲིག་དང་ལོ་རྒྱུས་བཀོད་ཡོད།
《ཆི་ལན•པཱ་ལན།》ནི་ཧ་ལམ་དུས་རབས་16པར་བྱུང་བའི་མ་ཡའི་ལོ་རྒྱུས་ཡིག་ཚགས་ཤིག་ཡིན་ཞིང་། དེར་མ་ཡ་མི་རིགས་ཕམ་པར་མ་བརྒྱབ་པའི་ཡར་སྔོན་གྱི་ལོ་རྒྱུས་ཟིན་ཐོར་བཀོད་ཡོད།
《པོ་པོར•ཝོ།》ནི་མ་ཡའི་གནའ་རབས་ཀྱི་སྙན་ངག་བསྟན་བཅོས་ཤིག་ཡིན་ལ། དེ་ལས་མ་ཡའི་མིས་རང་བྱུང་ཁམས་ཆེན་པོ་དང་མིའི་རིགས་ཀྱི་ལས་དབང་ལ་བཟུང་བའི་རྣམ་འགྱུར་སོགས་མཚོན་ཡོད། དེ་ནི་ལྷ་སྒྲུང་དང་གཏམ་རྒྱུད། ལོ་རྒྱུས་སོགས་ཀྱི་ནང་དོན་གཞི་གཅིག་ཏུ་འདྲེས་པའི་བརྩམས་ཆོས་གྲགས་ཅན་ཞིག་ཡིན་ལ། དེ་ལས་འཇིག་རྟེན་གྱི་གྲུབ་སྟངས་དང་མིའི་རིགས་ཀྱི་བྱུང་འཕེལ་དང་འབྲེལ་བའི་ལྷ་སྒྲུང་གཏམ་རྒྱུད་སོགས་ཀྱང་མང་པོ་བཀོད་ཡོད་པར་བཞེད།
《ལཱ་པིས་ན་ཨེར་གྱི་དཔའ་བོ།》ནི་ལོ་རྒྱུས་ཟློས་གར་གྱི་བསྟན་བཅོས་ཤིག་ཡིན་ཞིང་། དེར་དུས་རབས་བཅུ་གཉིས་ཀྱི་སྐབས་སུ་བྱུང་བའི་ཚོ་པ་གཉིས་ཀྱི་འཐབ་འཁྲུག་ཅིག་བརྗོད་དོན་དུ་བཟུང་ནས་དཔའ་བོ་དག་གི་སྣང་བརྙན་གསོན་ཉམས་ལྡན་པར་བཞེངས་བསྐྲུན་བྱས་ཡོད། །