༄༅།།བདེ་ཆེན་ཁ་བ་དཀར་པོའི་ཉེ་འཁོར་གྱི་རྦད་བཤད་སྐོར་ལ་རགས་ཙམ་དཔྱད་པ།
བཀྲ་ཤིས་དབྱངས་ཅན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-03
སྔ་དུས་སུ་བོད་ལ་དམག་སོགས་དྲག་པོའི་གཡུལ་དུ་ཞུགས་སྐབས་བཤད་པ་བཏང་བའི་སྲོལ་མཆིས་ལ། དམག་མི་རྣམས་གཡུལ་དུ་མ་ཆས་བའི་གོང་དུ། ཡུལ་ལྷ་སོགས་རང་དང་འབྲེལ་ཡོད་ཀྱི་ལྷ་རིགས་ཐམས་ཅད་མཆོད་ཅིང་ཡུལ་མི་རྣམས་ཀྱིས་ངར་སྐད་དང་བཅས་ཏེ་བསྟོད་ཚིག་དབྱངས་སུ་གྱེར་ནས་རྦད་ཤོད་པའི་སྲོལ་ཡོད། བཤད་པ་རྦད་ཀྱི་ནང་དོན་གཙོ་བོ་ནི་གོ་ཁྲབ་མཚོན་ཆའི་ཆེ་བ་བརྗོད་པ་དང་། ཅང་ཤེས་རྟ་ཕོ་དང་མི་ཕོ་དཔའ་བོའི་དཔའ་རྩལ་བཅས་གཟེངས་སུ་བསྟོད་དེ་ཕ་རོལ་དགྲ་སྡེའི་དཔུང་ཁག་ཟིལ་གྱིས་མནོན་རྒྱུའི་དམ་བཅའ་ལྟ་བུ་ཡང་ཡིན། རྦད་བཤད་དེས་གཡུལ་དུ་ཆས་པའི་དམག་མི་དག་གི་ངར་ཤུགས་སློང་བ་དང་གཡུལ་ལས་རྣམ་པར་རྒྱལ་བའི་འདུན་མ་མཚོན་བཞིན་ཡོད་པས། རྦད་བཤད་ནི་གནའ་དུས་སུ་དམག་དོན་དང་འབྲེལ་བ་ཐད་ཀར་ཡོད་པའི་བཤད་པའི་རིགས་ཤིག་ཡིན་པ་ནི་བསྙོན་དུ་མེད་དོ། །
དེང་དུས་སྲོལ་རྒྱུན་དེ་ནི་མ་ཉམས་པར་བོད་གངས་ཅན་ལྗོངས་ཀྱི་སྟོད་སྨད་བར་གསུམ་དུ་ཁྱབ་ཅིང་དམངས་སྲོལ་གལ་ཆེན་ཞིག་ཏུ་གྱུར་ཡོད། མདོ་སྟོད་སའི་ཐིག་ལེ་རོང་བཙན་ཁ་བ་དཀར་པོའི་ཉེ་འཁོར་གྱི་སྔོ་ཕུ་དང་ལྕང་ཕུ། འཇོལ་མདའ་སོགས་ས་ཆ་མང་པོ་ཞིག་ལ་མཚོན་ནས་བཤད་ན། ལམ་སྲོལ་དེ་ནི་སྔར་བཞིན་ཉམས་མེད་པ་དང་ལོ་རེའི་ཡུལ་ལྷ་གཞི་བདག་གསོལ་མཆོད་བྱེད་པའི་ཆོ་གའི་ཁྲོད་ཀྱི་དམངས་སྲོལ་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡུལ་དེ་གའི་ཡུལ་སྐད་དུ་རྦད་བཤད་ལ་གྲི་བཤད་ཀྱང་ཟེར། རྦད་བཤད་ཅེས་པའི་རྦད་ཀྱི་དོན་ནི་དག་ཡིག་གསར་བསྒྲིགས་ལས་དྲག་ལས་བྱེད་པར་སྐུལ་བར་བྱེད་པའམ་འུད་ཤོབ་ཅེས་པའི་དོན་ལ་འཇུག་ཅེས་པས། དེ་ནི་འོག་ཏུ་རྦད་བཤད་ཀྱི་ནང་དོན་ལ་བལྟས་ན་གོ་ཐུབ།
ད་སྔ་ཁོ་བོས་གོ་བ་ལྟར་ན། བདེ་ཆེན་ཁ་བ་དཀར་པོའི་ཕྱོགས་སུ་སྔོ་ཕུ་ཡུལ་ཚོའི་རྦད་བཤད་ནི་ཧ་ཅང་ཁྱད་ཆོས་ལྡན་པ་ཞིག་རེད། ལོ་རེ་རེའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ལ་སྔོ་ཕུ་ཡངས་པ་ཅན་གླིང་གིས་དགུ་གཏོར་དུས་ཆེན་འཚོགས་བཞིན་ཡོད་པ་དང་། དུས་ཆེན་དེའི་སྐབས་སུ། དགྲ་ལྷ་མཆོད་པའི་ཆོ་ག་ཞིག་འདུག ཆོ་ག་དེའི་ཁྲོད་དུ་རྦད་བཤད་བཤད་པའི་ལུགས་སྲོལ་ཞིག་སྔོན་ནས་ཆགས་ཡོད། ཡངས་པ་ཅན་གླིང་གི་དགུ་གཏོར་དུས་ཆེན་ཐོག་རྦད་བཤད་བཤད་མཁན་ནི་དགོན་པའི་གྲྭ་བཙུན་མིན་པར་ཡུལ་ཚོའི་ནང་ནི་ཁ་ལྕེ་བདེ་བའི་མི་ཕོ་སྟག་ཤ་ཚོ་རེད། དགྲ་ལྷ་མཆོད་པའི་ཆོ་ག་དེ་འགོ་བརྩམས་ཟིན་རྗེས། གྲོང་པའི་མི་ཕོ་སྟག་ཤ་མི་གྲངས་བཅུ་ལ་ཉེ་བ་ཞིག་མགོ་ལ་སོག་ཞྭ་གྱོན། སྐེད་ལ་གྲི་ཆེན་འདོགས། ལུས་ལ་གོས་རྒྱན་གཟབ་སྤྲས་བྱས་ནས་དགོན་པའི་འདུ་ཁང་མདུན་གྱི་རྡོ་གཅལ་ཐང་ཆེན་དུ་འདུ་འཛོམས་བྱས་རྗེས། མདུན་དུ་ལངས་མཁན་གྱི་ཕོ་རྒོད་དེ་ནས་འགོ་བརྩམས་ཏེ། ཁ་ནས་རྦད་བཤད་དབྱངས་སུ་གྱེར། ལག་ཏུ་གྲི་ཆེན་ཐོགས་ནས་དབྱངས་ཀྱི་གདེང་འཇོག་དང་སྦྲགས་ཏེ་སྐོར་གཡུགས་བརྒྱབ་པ་དང་རྐང་པས་གར་གྱི་སྟངས་སྟབས་བྱེད། རྦད་བཤད་བརྗོད་མཁན་གྱིས་ཚིག་རེ་བརྗོད་ཚར་དུས། འོག་གི་ལྟད་མོ་བ་དག་གིས་སྐད་ཤུགས་ཆེན་པོས་འོ་ཁོ་རེ་ཞེས་བརྗོད་ནས་དཔའ་ངོམ་བསྟན་པར་རམ་འདེགས་བྱེད་བཞིན་ཡོད། དེ་བཞིན་རྡོ་གཅལ་ཐང་ཆེན་སྐོར་གཅིག་བརྒྱབ་རྗེས་རྦད་བཤད་གཏོང་མཁན་གྱི་སྟག་ཤ་ཚོའི་མི་གྲལ་དུ་ཚུད་པ་དང་། སླར་ཡང་མི་གཞན་ཞིག་གིས་གོང་ལྟར་རྦད་ཀྱི་བཤད་པ་བཏང་། དེ་བཞིན་དུ་ཚང་མས་བཤད་ཚར་རྗེས་དགོན་པའི་ནང་ལོག་གི་གཏོར་མ་ཆེན་པོ་ཡོད་པ་ཞིག་ཚང་མས་མཉམ་རུབ་ཀྱིས་བཀྱགས་ནས་ཕྱི་ལོགས་ལ་བསྐྱལ་ཡོད། གོང་དུ་རྦད་བཤད་བཤད་མཁན་གྱི་སྟག་ཤར་ཚོའི་དབྱངས་སུ་གྱེར་པའི་གདངས་དང་གར་གྱི་སྟངས་སྟབས། གྲིའི་གཡུགས་སྟངས་ནི་གཅིག་འདྲ་ཡིན་མོད། ཡིན་ན་ཡང་། རྦད་བཤད་ཀྱི་ནང་དོན་ནི་ཕལ་ཆེར་བསྐྱར་ཟློས་བྱེད་མཁན་ཧ་ཅང་ཉུང་། ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་འདུག གཤམ་དུ་རྦད་བཤད་ཀྱི་ནང་དོན་སྐོར་ཅུང་ཟད་འཆད་པར་བྱ་སྟེ། ནང་དོན་གྱི་ཆ་ནས་བཤད་ན། གཟའ་སྐར་ཚེས་གྲངས་ལ་བསྟོད་པ་དང་། ཡུལ་གྱི་བཀོད་པ་ལ་བསྟོད་བསྔགས་བྱེད་པ། གྲི་དང་རྟ་ལ་སོགས་པ་དཔའ་བོའི་ལག་ཆས་ཀྱི་ཆེ་བ་བརྗོད་པ། ཡུལ་ལྷ་དང་གཞི་བདག་སོགས་ལ་བསྔགས་བརྗོད་གནང་བ་སོགས་ནང་དོན་ཧ་ཅང་མང་པོ་འདུག
དང་པོ། གཟའ་སྐར་ཚེས་གྲངས་ལ་བསྔགས་པ།
གཟའ་སྐར་ཚེས་གྲངས་ལ་བསྔགས་བརྗོད་བྱེད་ཚུལ་ནི་བོད་ཀྱི་སྨོན་ཚིག་དང་བཤད་པ་གཞན་དག་དང་ཡོངས་སུ་མཚུངས། དེ་ལ་དམིགས་བསལ་གྱི་ཚིག་སྦྱོར་ཡོད་པ་མ་མཐོང་། དཔེར་ན། དེ་རིང་གནམ་ལ་སྐར་མ་བཟང་། དེ་རིང་བར་ལ་ཚེས་གྲངས་བཟང་། དེ་རིང་ས་ལ་དུས་ཚོད་བདེ། ལྟ་བུའོ། །
གཉིས་པ། གྲིའི་ཆེ་བ་བརྗོད་པ།
གྲིའི་ཆེ་བ་བརྗོད་པ་ནི་རྦད་བཤད་ནང་གི་གལ་ཆེ་བའི་ནང་དོན་ཞིག་རེད། དེའི་ཕྱིར་རྦད་བཤད་ལ་སྐབས་འགར་གྲི་བཤད་ཀྱང་ཟེར་བཞིན་ཡོད། དེའི་ནང་དོན་ནི་ཧ་ཅང་ཕུན་སུམ་ཚོགས། འདིར་དཔེར་མཚོན་ཅན་གྱི་བཤད་པ་འགའ་རེ་ཙམ་བཀོད་ན་འདི་ལྟར་ཏེ། ངས་གྲི་ཡི་ལོ་རྒྱུས་ཤིག་བཤད་ཨེ་དགོས་ཞུ་ན། གྲི་ཡི་ལོ་རྒྱུས་ཤིག་བཤད་ཤོར་ཟེར། ངའི་ཕ་ཡི་ལྕགས་ནི་རྒྱ་གར་ལྕགས། ངའི་མ་ཡི་ལྕགས་ནི་རྒྱ་ནག་ལྕགས། བུ་རང་གི་ལྕགས་ནི་བལ་པོའི་ལྕགས། ལྕགས་སྣ་གསུམ་འཛོམས་པའི་གྲི་གཅིག་རྡུང་། མགར་བ་དམ་ཅན་ཆོས་རྗེ་ཡིན། མགར་གཡོག་ཐེའུ་རོང་སྤུན་དགུ་ཡིན། མགར་ལུང་ཚེ་རིང་དར་སྐུད་ཡིན། སྦུད་པ་རི་བོའི་རྩེ་ལ་བཞག སྦུད་སྣ་ནགས་རིའི་རྐེད་ལ་བཅད། ཐོ་བ་རྒྱ་མཚོའི་ཁ་ལ་བཙུགས། སོལ་བ་རྫ་རི་སྤུངས་འདྲ་ཡིན། ཚ་ལ་རྫ་སྤྲིན་འཁྲུག་འདྲ་ཡིན། གྲི་ཆེན་བྱ་ཆེན་འབབ་འདྲ་ཡིན། གྲི་ཆུང་བྱ་ཆུང་འབབ་འདྲ་ཡིན། གྲིའི་འགོ་ལ་འཇབ་(བལྟས།)ན་གྲི་འགོ་ཡག གྲི་འགོ་ཉི་མ་རང་ཤར་ཡིན། གྲིའི་སྐེད་ལ་འཇབ་(བལྟས།)ན་གྲི་སྐེད་ཡག གྲི་སྐེད་ཟླ་བ་རང་གསལ་ཡིན། གྲིའི་རྩ་ལ་འཇབ་(བལྟས།)ན་གྲི་རྩ་ལ་ཡག གྲི་རྩ་སྨིན་དྲུག་རང་ཚོགས་ཡིན། ངས་གྲི་ཡི་ལོ་རྒྱུས་ཤིག་བཤད་ཨེ་དགོས་ཞུ་ན། གྲི་ཡི་ལོ་རྒྱུས་ཤིག་བཤད་ཤོག་ཟེར། གྲི་དཔའ་གཅིག་དཔའ་གཉིས་དཔའ་གསུམ་དང་། གྲི་དཔའ་གཅིག་ཡར་ལ་སྤྱོད་པ་ཡིན། གནམ་ཨ་སྔོན་གཞུང་གཤག་གཏང་ས་ཡིན། གསལ་ཉི་ཟླ་མ་གསད་སྙིང་རེ་རྗེ། གྲི་དཔའ་གཉིས་བར་དུ་སྤྱོད་པ་ཡིན། བྲག་དཀར་རྫོང་གཞུང་གཤག་གཏང་ས་ཡིན། རྒོད་ཐང་དཀར་མ་གསད་སྙིང་རེ་རྗེ། གྲི་དཔའ་གསུམ་མར་ལ་སྤྱོད་པ་ཡིན། ཆུ་གཙང་པོ་གཞུང་གཤགས་གཏང་ས་ཡིན། ཉ་གསེར་ཉ་མ་གསད་སྙིང་རེ་རྗེ། གསེར་སྲང་གང་དང་དངུལ་སྲང་དྲུག ཚ་རུ་ནག་པོ་ཞོ་བཅུ་གཅིག མེ་མདའ་སོལ་རྡོ་དཀར་ནག་ཡིན། ཕར་རྒྱབ་ཕར་གཅིག་རྒྱབ་པ་ཡིན། ནམ་མཁའི་གཡུ་འབྲུག་གྲགས་འདྲ་ཡིན། མར་རྒྱབ་མར་གཅིག་རྒྱབ་པ་ཡིན། ནམ་མཁའི་གཡུ་འབྲུག་གྲགས་འདྲ་ཡིན་ཞེས་པ་ལྟ་བུའོ།
གསུམ་པ། དཔའ་བོ་དང་ཕོ་རབ་ཀྱི་ཆེ་བ་བརྗོད་པ།
རྦད་བཤད་ཀྱི་ནང་དོན་འགའ་ཞིག་ལས་སྐྱེས་པ་ཕོའམ་དཔའ་བོའི་ཚད་གཞིའམ་ཆེ་བ་བརྗོད་པ། བརྗོད་པ་དེ་དག་བརྒྱུད་ནས་གནའ་རབས་བོད་པའི་སྤྱི་ཚོགས་ནང་དུ་ཕོ་མོའི་སྤྱི་ཚོགས་ཀྱི་གོ་ས་དང་མི་ཕོ་ཞིག་ཡིན་ན་དེའི་སྤྱི་ཚོགས་ཀྱི་འགན་ཁུར་ནི་གང་འདྲ་ཞིག་ཡིན་པ་གསལ་པོ་རྟོགས་ཐུབ། དེ་དག་ལས་སྙིགས་དོར་བཅུད་ལེན་བྱས་ནས་ཡ་རབས་སྤྱོད་བཟང་གི་བྱ་སྤྱོད་འགའ་ཞིག་དེང་དུས་ཀྱང་ང་ཚོས་སློབ་སྦྱོང་བྱེད་འོས་སོ། །དཔེར་ན། སྐྱེས་ཕོ་རབ་ཕོ་འབྲིང་ཕོ་ཐ་གསུམ། སྐྱེས་ཕོ་རབ་ལ་ཁའི་དགྲ་ལ་ཚད། མེ་མདའི་སྐད་སྒྲ་རྒྱུན་མི་ཆད། སྐྱེས་ཕོ་འབྲིང་ལ་སྐེད་སྟག་ལ་ཚད། སྟག་ཤ་སྟག་ལྤགས་རྒྱུན་མི་ཆད། སྐྱེས་ཕོ་ཐ་གོ་ཁའི་མ་ལ་ཚད། ངུ་ངུ་ཟེར་ཟེར་རྒྱུན་མི་ཆད། ང་ཡར་འགྲོ་སྒང་རིའི་སྒང་ལ་འགྲོ། སྟག་ཁྲ་བོ་མ་བུ་ལམ་ལ་འཕྲད། ཤ་ཟ་རྒྱུ་གཅིག་དང་འཕེན་རྒྱུ་གཉིས། ཁྲག་འཐུང་རྒྱུ་གཅིག་དང་ཕོར་རྒྱུ་གཉིས། ང་ཕར་འགྲོ་སྐེད་རིའི་སྐེད་ལ་འགྲོ། གཟིག་ཁྲ་བོ་ཚུར་འོང་ལམ་ལ་འཕྲད། ཤ་ཟ་རྒྱུ་གཅིག་དང་འཕེན་རྒྱུ་གཉིས། ཁྲག་འཐུང་རྒྱུ་གཅིག་དང་ཕོར་རྒྱུ་གཉིས། ཁྱོད་ཀྱིས་ང་ལ་རྩལ་ཞིག་སྤྱོད་དགོས་ཨེ་བསམ་ན། ང་ལ་རྩལ་བོ་འདོན་ན་ལས་སླ་མིན། འབུ་གྲོག་མ་བསད་པའི་སྙིང་ཁྲག་ཕུལ་གང་དགོས། རས་གོས་ཆེན་བསྲེགས་པའི་ཐལ་དཀར་སླེ་གང་དགོས། དེ་མིན་ན་རིན་ཆེན་སྲོག་ལ་འགལ་བ་ཡིན། རྒྱུ་དབུགས་རིང་གསུམ་གྱི་འཆི་སྐད་ཤོར། བུ་བླ་མེད་ཁོག་པ་སྡུག་གིས་གང་ཞེས་པ་ལྟ་བུའོ།
བཞི་པ། མི་དཔོན་བླ་ཆེན་དང་དཀར་པོ་ཆོས་
སོགས་ཀྱི་ཆེ་བ་བརྗོད་པ།
རྦད་བཤད་ཀྱི་ནང་དོན་འགའ་ཞིག་ནི་མིའི་དཔོན་པོ་དང་ཆོས་ཀྱི་བླ་མ། བཟའ་ཚང་ཞིག་གི་བཟའ་དཔོན། གྲལ་ཞིག་གི་གྲལ་དཔོན་དང་དཀར་པོ་ཆོས་སོགས་ལ་བསྔགས་བརྗོད་གསེར་གྱི་མེ་ཏོག་འཐོར་བའི་ཚིག་སྦྱོར་སྙན་ཞིང་འཇེབས་པ་ཤ་སྟག་རེད། དཔེར་ན། ས་དེ་རིང་རྟེན་འབྲེལ་བཟང་གསུམ་བྱུང་། ཡར་ཆོས་གཅིག་ཆོས་གཉིས་ཆོས་གསུམ་དང་། ཆོས་དང་པོ་གོང་སྟེང་བླ་མར་མཆོད། གོང་སྟེང་བླ་མར་མ་མཆོད་ན། ཕྱི་དམྱལ་བ་(ལས།)ཡར་འདྲེན་སུ་ཡིས་བྱེད། ཆོས་གཉིས་གོང་སྟེང་དཔོན་པོ་མཆོད། གོང་སྟེང་དཔོན་པོ་མ་མཆོད་ན། ཁྲིམས་དཀར་ཁྲིམས་དྲང་པོ་སུ་ཡིས་བཅད། ཆོས་གསུམ་པ་གོང་སྟེང་ཕ་ཁུར་མཆོད། གོང་སྟེང་ཕ་ཁུ་མ་མཆོད་ན། གྲལ་མི་མང་(ནང་།)ལ་གྲལ་གཏམ་སུ་ཡིས་བཤད། ཅེས་པ་ལྟ་བུ། ཡང་དཔེར་ན། གོང་བླ་མ་ལ་དགོས་རྒྱུ་ཆོས་གཅིག་དགོས། ཆོས་མེད་ན་གསེར་སྐུ་བྲག་སྒྲིལ་འདྲ། གོང་དཔོན་པོ་ལ་དགོས་རྒྱུ་ཁྲིམས་གཅིག་དགོས། ཁྲིམས་མེད་ན་སྤྱང་ཀི་ཤ་གཟན་འདྲ། གོང་ཕ་ཁུ་དགོས་རྒྱུ་གཏམ་གཅིག་དགོས། གཏམ་མེད་ན་མི་རོ་ངག་ལྐུགས་འདྲ། ཆོས་ར་ཨ་ལོང་སྒོར་འདྲ་སྣང་། ཆོས་སྐད་གཡུ་འབྲུག་གྲགས་འདྲ་སྣང་། བླ་མ་དུས་གསུམ་སངས་རྒྱས་སྣང་། བན་ཆུང་རྟོགས་པ་གནམ་འདྲ་སྣང་ཞེས་པ་ལྟ་བུའོ།
ལྔ་པ། ཡུལ་ལྷ་གཞི་བདག་སོགས་ཀྱི་ཆེ་བ་བརྗོད་པ།
རྦད་བཤད་ཀྱི་འབྱུང་ཁུངས་ཀྱི་ཆ་ནས་བཤད་ན། སྔ་དུས་སུ་བོད་མི་རྣམས་དྲག་པོའི་གཡུལ་ལ་མ་ཆས་པའི་གོང་དུ། ཡུལ་ལྷ་སོགས་རང་དང་འབྲེལ་ཡོད་ཀྱི་ལྷ་རིགས་ཐམས་ཅད་མཆོད་ཅིང་བསྟོད་ཚིག་དབྱངས་སུ་གྱེར་པའི་ལུགས་སྲོལ་ལས་མཆེད་ནས་དེང་དུས་ཡུལ་ལྷ་གཞི་བདག་གསོལ་མཆོད་བྱེད་དུས་བཀོལ་རྒྱུའི་དམངས་སྲོལ་གྱི་ངག་བརྗོད་ཅིག་ཏུ་གྱུར་བ་ཡིན་པས། ཡུལ་ལྷ་གཞི་བདག་གི་ཆེ་བ་བརྗོད་པ་ནི་རྦད་བཤད་ཀྱི་སྲོག་ཤིང་ལྟ་བུ་ཞིག་ཡིན་པ་ནི་བསྙོན་དུ་མེད་པ་ཡིན། དཔེར་ན། དགྲ་ལྷ་རྟ་ཐོག་དཀར་པོ་ལ། ཕོ་ལྷ་(ལ།)སོགས་པའི་དགྲ་ལྷ་སྣང་། ཡུལ་ལྷ་(ལ།)སོགས་པའི་གཞི་བདག་སྣང་། དགྲ་ལྷ་རྟ་ཐོག་དཀར་པོ་ལ། གཡང་ལ་ཆགས་པའི་དགྲ་ལྷ་སྣང་། དགྲ་ལྷ་ཞི་བའི་དགྲ་ལྷ་སྣང་། གནམ་ཨ་སྔོན་ཡངས་མོ་ཅི་ཡིས་གསོལ། གནམ་ཨ་སྔོན་ཡངས་མོ་འབྲུག་གིས་གསོལ། འབྲུག་སྐད་གྲགས་ཆེ་ཡང་དགྲ་ལྷ་གསོལ། སྤང་དཀར་འཇམ་ཡངས་མོ་ཅི་ཡིས་གསོལ། སྤང་དཀར་འཇམ་ཡངས་མོ་འབྲོང་གིས་གསོལ། འབྲོང་རྭ་རྩལ་མཁས་ཀྱང་དགྲ་ལྷ་གསོལ། ནགས་ཙན་དན་ཡངས་མོ་ཅི་ཡིས་གསོལ། ནགས་ཙན་དན་ཡངས་མོ་སྟག་གིས་གསོལ། སྟག་རི་མོ་མཛེས་ཀྱང་དགྲ་ལྷ་གསོལ། བྲག་དཀར་རྫོང་ཆེན་པོ་ཅི་ཡིས་གསོལ། བྲག་དཀར་རྫོང་ཆེན་པོ་རྒོད་ཀྱིས་གསོལ། རྒོད་གཤོག་པ་མཛེས་ཀྱང་དགྲ་ལྷ་གསོལ། ཆུ་གཙང་པོ་ཆེན་པོ་ཅི་ཡིས་གསོལ། ཆུ་གཙང་པོ་ཆེན་པོ་ཉ་ཡིས་གསོལ། ཉ་གསེར་གཤོག་མཛེས་ཀྱང་དགྲ་ལྷ་གསོལ། ཤར་རྒྱ་གྲོང་ཡངས་མོ་ཅི་ཡིས་གསོལ། ཤར་རྒྱ་གྲོང་ཡངས་མོ་བུ་ཡིས་གསོལ། བུ་གྲི་རྩལ་མཁས་ཀྱང་དགྲ་ལྷ་གསོལ་ཞེས་པ་ལྟ་བུའོ།
མདོར་བསྡུས་ན། རྦད་བཤད་ནི་བོད་ཀྱི་གནའ་བོའི་བཤད་པའི་སྒྱུ་རྩལ་གྱི་རྒྱ་མཚོའི་ནང་གི་རིགས་ཤིག་ཡིན་ལ། རྦད་བཤད་ཀྱི་ཁྲོད་དུ་རྩོམ་རིག་གི་རིན་ཐང་གྱ་ནོམ་པ་དང་སྐད་རིགས་ཀྱི་སྒྱུ་རྩལ་ཕུན་སུམ་ཚོགས་པོ་ཞིག་གཏམས་ཡོད་མ་ཟད། དེའི་ཁྲོད་དུ་ད་རུང་བསྐལ་པ་ཡ་ཐོག་ཡི་གེ་མ་བྱུང་བའི་གོང་གི་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་སོགས་དང་འབྲེལ་བ་ཡོད་པའི་རྒྱུ་ཆ་མང་དག་ཅིག་ཉར་ཡོད་པས། ང་ཚོས་མེས་པོ་གོང་མ་རྣམས་ཀྱིས་ཤུལ་དུ་བཞག་པའི་གཅེས་ནོར་དེ་དག་བསྡུ་ལེན་དང་ཞིབ་འཇུག་བྱེད་པ་མ་ཟད་མ་ཉམས་གོང་དུ་སྤེལ་བའི་ལས་ལ་གཞོལ་བ་ནི་རིན་ཐང་བླ་ལྷག་ཏུ་ཆེ་བའི་བྱ་གཞག་ཅིག་ཡིན་སྙམ་པའི་འདུན་པ་དྲགས་པོ་ཞིག་སྙིང་དབུས་སུ་འཁུམས་པས་འདི་ལ་སྔོན་འགྲོ་ཙམ་གྱི་ཚུལ་དུ་བརྗོད་པའི་ཁུལ་བགྱིས་པའོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1