༄༅།། བོད་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་གནས་བབ་དང་སྲུང་སྐྱོབ་སྐོར་གླེང་བ།

སྒྲོལ་རྩེ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-05


        2003ལོའི་ཟླ་3པའི་ཚེས་17ཉིན། ཧྥ་རན་སའི་རྒྱལ་ས་ཕེ་རིས་སུར《དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་སྤྱི་ཆིངས།》ལ་གྲོས་འཆམས་བྱུང་ཞིང་། རྒྱལ་ཁབ་དང་ས་ཁུལ་སོ་སོས་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་འབོད་སྐུལ་གནང་། 《 སྤྱི་ཆིངས།》སུ། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ནི་ས་གནས་སོ་སོའི་ཚོགས་སྤྱི་དང་ཐུན་མོང་། ཡང་ན་མི་སྒེར་གྱིས་སོ་སོའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོར་སེམས་པའི་སྤྱི་ཚོགས་བྱེད་སྒོ་དང་། འཆད་ཉན་སྒྱུ་རྩལ། འཁྲབ་སྟོན་སྒྱུ་རྩལ། ཐོན་སྐྱེད་འཚོ་བའི་ཉམས་མྱོང་། ལག་ཤེས་བཟོ་རྩལ་ཅི་རིགས། ད་དུང་འཆད་ཉན་དང་འཁྲབ་སྟོན། ལག་ཤེས་བཟོ་རྩལ་འདི་དག་གི་ལག་བསྟར་དང་འབྲེལ་བའི་ཡོ་བྱད་དང་དངོས་རྫས། ལག་བཟོས་ཐོན་རྫས་དང་བྱེད་སྒོ་སྤེལ་ཡུལ་བཅས་ལ་གོ་བ་དང་། རིགས་ལྔ་རུ་བཀར་ཡོད་དེ། 1.ངག་ཐོག་སྲོལ་རྒྱུན་དང་མཚོན་སྟངས་རྣམ་པ། 2.འཁྲབ་སྟོན་སྒྱུ་རྩལ། 3.སྤྱི་ཚོགས་བྱེད་སྒོ་དང་ཆོ་ག དུས་སྟོན་བྱེད་སྒོ། 4.རང་བྱུང་ཁམས་དང་འཇིག་རྟེན་ཁམས་དང་འབྲེལ་བའི་ཤེས་བྱ་དང་ལག་ལེན། 5.སྲོལ་རྒྱུན་ལག་ཤེས་བཟོ་རྩལ་བཅས་ཡིན།
        《 སྤྱི་ཆིངས།》ལ་གྲོས་འཆམས་བྱུང་པའི་རྗེས། འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་སོ་སོས་དེའི་སྐོར་ལ་མཐོང་ཆེན་དང་ལག་ལེན་བྱེད་འགོ་ཚུགས། རང་རྒྱལ་ལ་མཚོན་ན། 《 སྤྱི་ཆིངས།》 ལ་ཞུགས་མཁན་དྲུག་པ་ཡིན་ལ། 2005ལོའི་ཟླ་3པའི་ཚེས་26ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས 《 རང་རྒྱལ་གྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྐོར་གྱི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་བྱ་བའི་བསམ་འཆར།》 སྤྱི་བསྒྲགས་གནང་པས། དེའི་སྐོར་དུ་མཐོང་ཆེན་མཛད་དེ་རིམ་པ་སོ་སོར་ཆེད་ལས་སྡེ་ཁག་བཙུགས་ཤིང་། ཆེད་གཉེར་མི་སྣ་བཀོད་སྒྲིག་དང་ཆེད་སྤྱོད་ཀྱི་མ་དངུལ་བཏང་སྟེ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། གྲོང་ཁྱེར་རིམ་པ་(ཁུལ་རིམ་པ།)རྗོང་རིམ་པ་བཅས་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་རྣམ་གྲངས་དང་རྒྱུད་འཛིན་མཁན་གྱི་མིང་ཐོ་བཟོས་ཤིང་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་ཉིན་མོར་གཏན་ཁེལ་དང་། 《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་བཅའ་ཁྲིམས།》གཏན་འབེབས་བྱས་པས། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་བྱ་གཞག་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། མིག་སྔར། མིའི་རིགས་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོའི་ཁྲོད་དུ་རང་རྒྱལ་གྱི་རྣམ་གྲངས་37ཡོད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོ་ཐེངས་བཞི་དང་། རྒྱུད་འཛིན་མཁན་གྱི་མིང་ཐོ་ཐེངས་བཞིར་སྤྱི་བསྒྲགས་གནང་ཞིང་། བསྡོམས་པས་རིག་གནས་ཤུལ་བཞག་གི་རྣམ་གྲངས་1372 དང་རྒྱུད་འཛིན་མཁན་1986ཡོད་ལ། ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཆིག་ཁྲི་ལྷག་བཅས་ཡོད་དོ། །
དང་པོ། བོད་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་གནས་བབ།
        མིག་སྔར། མིའི་རིགས་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོའི་ཁྲོད་དུ་བོད་རིགས་ལ་གེ་སར་སྒྲུང་དང་རེབ་གོང་སྒྱུ་རྩལ། བོད་ཀྱི་ཟློས་གར་བཅས་རྣམ་གྲངས3ཡོད་ལ། རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་མིང་ཐོའི་ཁྲོད་རྣམ་གྲངས་73དང་། རྒྱ་སྐྱེད་མིང་ཐོ་52དང་། རྒྱུད་འཛིན་མཁན་ཁྲོད་མི་122ཡོད། དེའི་ཁྲོད་དུ་དམངས་ཁྲོད་རྩོམ་རིག་གི་རྣམ་གྲངས་5དང་རྒྱུད་འཛིན་མཁན་8དང་། སྲོལ་རྒྱུན་གླུ་གཞས་ཀྱི་རྣམ་གྲངས་5དང་རྒྱུད་འཛིན་མཁན་7། སྲོལ་རྒྱུན་ཞབས་བྲོའི་རྣམ་གྲངས་28དང་རྒྱུད་འཛིན་མཁན་37། སྲོལ་རྒྱུན་ཟློས་གར་གྱི་རྣམ་གྲངས་1དང་རྒྱུད་འཛིན་མཁན་13། སྲོལ་རྒྱུན་མཛེས་རྩལ་གྱི་རྣམ་གྲངས8དང་རྒྱུད་འཛིན་མཁན16། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྣམ་གྲངས་16དང་རྒྱུད་འཛིན་མཁན་19། སྲོལ་རྒྱུན་གསོ་རིག་གི་རྣམ་གྲངས་1དང་རྒྱུད་འཛིན་མཁན་18། དམངས་སྲོལ་རྣམ་གྲངས་8དང་རྒྱུད་འཛིན་མཁན་4། སྲོལ་རྒྱུན་ལུས་རྩལ་གྱི་རྣམ་གྲངས་1བཅས་ཡོད། བྱེ་བྲག་ལྗོངས་ཞིང་སོ་སོའི་གནས་ཚུལ་ནི་བོད་ལྗོངས་ལ་རྣམ་གྲངས་43དང་རྒྱུད་འཛིན་མཁན་67། མཚོ་སྔོན་ལ་རྣམ་གྲངས་29དང་རྒྱུད་འཛིན་མཁན་31། སི་ཁྲོན་ལ་རྣམ་གྲངས་24དང་རྒྱུད་འཛིན་མཁན་12། ཀན་སུའུ་ལ་རྣམ་གྲངས་9དང་རྒྱུད་འཛིན་མཁན་8། ཡུན་ནན་ལ་རྣམ་གྲངས་5དང་རྒྱུད་འཛིན་མཁན་4བཅས་ཡོད་ཅིང་། རྣམ་གྲངས་25ལ་མིག་སྔའི་བར་རྒྱུད་འཛིན་མཁན་གཏན་ཁེལ་བྱས་མེད། སྤྱིར་ན་བོད་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཀྱི་མང་ཉུང་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་གཞན་དང་བསྡུར་ན་ཅུང་མང་བར་སྣང་མོད། བོད་རིགས་དམངས་ཁྲོད་དུ་བརྟག་དཔྱད་བྱས་ཚེ། ད་དུང་ཡང་བོད་རིགས་དམངས་ཁྲོད་དུ་མ་ཉམས་པར་གནས་པའི་རྣམ་གྲངས་མང་དུ་མཐོང་པས། ས་གནས་སོ་སོས་མུ་མཐུད་ནས་རང་རང་གི་ཁྱད་ཆོས་ལྡན་པའི་རྣམ་གྲངས་ཅི་རིགས་དང་། རྒྱ་སྐྱེད་མིང་ཐོའི་ཁྲོད་རེ་ཞུ་བྱས་ཆོག་པའི་རྣམ་གྲངས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་རེ་ཞུ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་མཁན་གྱི་ཆ་ནས། བོད་ལྗོངས་ཀྱི་མིང་དུ་གྲགས་པའི་སྒྲུང་པ་བསམ་གྲུབ་དང་། མཚོ་སྔོན་གྱི་སྒྲུང་པ་ཚེ་རིང་དབང་འདུས་གཉིས་སྐུ་གཤེགས་ཤིང་། ལྷག་མ་རྣམས་ཀྱི་ཁྲོད་ལོ་བརྒྱད་ཅུ་ཡན་ཅན་གྱི་མི་16དང་། བདུན་ཅུ་ཡན་ཅན་གྱི་མི་31དང་། དྲུག་ཅུ་ཡན་ཅན་གྱི་མི་31དང་། ལྔ་བཅུ་ཡན་ཅན་གྱི་མི་24དང་། ལྔ་བཅུ་མན་ཅན་གྱི་མི་18བཅས་ཡིན་ཞིང་ཆ་སྙོམས་ཀྱི་ལོ་ཚོད་65.12ལ་སླེབས་ཡོད།
གཉིས་པ། བོད་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བྱ་ཐབས།
        ད་ལྟའི་ཆར། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་དང་རྒྱུད་འཛིན་ནི་འཛམ་གླིང་རང་བཞིན་གྱི་གླེང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་འབྲས་བུའང་མི་དམན་པ་བླངས་ཡོད། འོན་ཀྱང་། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ནི་རྣམ་གྲངས་མང་ཞིང་གཞི་རྒྱ་ཆེ་བའི་རིག་གནས་ཀྱི་ལས་ཀ་ཞིག་ཡིན་པས། དོན་དངོས་ཀྱི་ལག་ལེན་ཁྲོད་དུའང་གནད་དོན་གང་མང་དང་འཕྲད་བཞིན་ཡོད་ལ། བོད་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་ལས་དོན་ལ་མཚོན་ནའང་དེ་བཞིན་ཡིན།
གཅིག ཚོང་རའི་དཔལ་འབྱོར་དང་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་འབྲེལ་བ།
        དེང་སང་ཚོང་རའི་དཔལ་འབྱོར་གྱི་རླབས་རྒྱུན་དེ་སྤྱི་ཚོགས་ཀྱི་ཟུར་ངོས་གང་རུང་དུ་ཁྱབ་ཡོད་པས། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ལའང་དེའི་ཤུགས་རྐྱེན་ཅི་རིགས་ཐེབས་ཡོད་ཅིང་། འགའ་ཞིག་ནི་ཚོང་ལས་དཔལ་འབྱོར་གྱི་རླབས་རྒྱུན་ལས་སྔར་ལས་ཀྱང་དར་ཁྱབ་ཆེ་རུ་ཕྱིན་ཡོད་པའང་མཐོང་ཐུབ། ཡིན་ནའང་། ཚོང་ལས་ཀྱི་དམིགས་བྱ་མཐར་ཐུག་ནི་རིག་གནས་གང་རུང་ལ་སྲུང་སྐྱོབ་དང་དེ་ཉིད་འཕེལ་རྒྱས་སུ་གཏོང་རྒྱུ་དེ་མ་ཡིན་ཕྱིར། དེའི་གོ་རིམ་ཁྲོད་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ལ་ཚོང་རའི་དགོས་མཁོ་ལྟར་བཟོ་བཅོས་ཅི་རིགས་བྱ་སྲིད་ཅིང་། དེ་ལྟར་ན་རྣམ་གྲངས་མང་ཆེ་བའི་སྲོལ་རྒྱུན་རང་བཞིན་དང་ལོ་རྒྱུས་རང་བཞིན། སྣ་མང་རང་བཞིན་སོགས་ཀྱི་ཁྱད་ཆོས་གཙོ་བོ་དག་ཉམས་པར་འགྱུར་སྲིད་ཅིང་། དེ་ནི་འཛམ་གླིང་ཡོངས་ཁྱབ་ཏུ་གནས་པའི་གནད་དོན་གལ་ཆེན་ཞིག་ཡིན། འོ་ན། ཚོང་རའི་དཔལ་འབྱོར་དར་ཆེ་ཞིང་རྒྱ་ཆེར་སྤེལ་བའི་སྐབས་འདིར། ཇི་ལྟར“ལུགས་མཐུན་གྱི་བེད་སྤྱོད་དང་། རྒྱུད་འཛིན་ཁྲོད་འཕེལ་རྒྱས”སུ་གཏོང་དགོས་ཞེ་ན། དེ་ལ་ཐོག་མར་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་རང་སྟེང་དུ་ཚོང་ལས་ལ་འཚམ་མིན་དང་། རྣམ་གྲངས་གང་དེ་ལོ་རྒྱུས་ཁྲོད་ཚོང་ར་དང་འབྲེལ་བའི་ཚད་ལ་བརྟག་དགོས་ཏེ། དཔེར་ན། ཐང་ཀ་དང་། རྡོ་བརྐོས། ཤིང་བརྐོས། གསོ་རིག སྣམ་བུ་སོགས་ནི་ལོ་རྒྱུས་ཁྲོད་ཚོང་དང་འབྲེལ་བ་དམ་ཞིང་། ད་ལྟའང་མུ་མཐུད་ནས་ཚོང་ལས་ཁྲོད་རྒྱུད་འཛིན་བྱས་ན་ཚོང་ར་དང་རྣམ་གྲངས་རང་ངོས། སྤྱི་ཚོགས་བཅས་ལ་ཕན་པ་ལྟ་བུ་དང་། ཡང་ལྷ་སྒྲུང་དང་དམངས་ཁྲོད་ཆོས་ལུགས་ཆོ་ག་ཅི་རིགས། དམངས་ཁྲོད་རྩོམ་རིག་སོགས་ནི་ཚོང་ལས་ཅན་དུ་བྱས་ཚེ། དེ་དག་གི་རིན་ཐང་དང་རང་བཞིན་གཙོ་བོ་དག་ཉམས་པར་འགྱུར་སྲིད་པས་ཐད་ཀར་ཚོང་ལས་ཅན་དུ་བྱ་བ་ནི་མི་རིགས་སོ། །
        སྤྱིའི་ཆ་ནས་ཚོང་ལས་ཅན་དུ་བསྒྱུར་བ་དེར་ཆེད་མཁས་པ་མང་ཤོས་འཐད་པ་མིན་པས། སྤྱི་ཚོགས་ལས་རིགས་སོ་སོས་ལུགས་མཐུན་མ་ཡིན་པའི་བཀོལ་སྤྱོད་རིགས་ལ་བཀག་འགོག་བྱ་དགོས།
གཉིས། རྒྱུད་འཛིན་མཁན་གྱི་གྲངས་ཀ་ཇེ་མང་དུ་གཏོང་བ།
        ཀུན་གྱི་ཤེས་གསལ་ལྟར། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་མི་རབས་ནས་མི་རབས་སུ་གནས་ཐུབ་པའི་རྒྱུ་གཙོ་བོ་ནི་རྒྱུད་འཛིན་མཁན་ཡོད་པས་ཡིན་ལ། མ་འོངས་པར་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་རྣམ་གྲངས་གང་རུང་ཞིག་མུ་མཐུད་དུ་གནས་ཐུབ་མིན་ཀྱང་གཙོ་བོའི་ཆ་ནས་རྒྱུད་འཛིན་མཁན་ལ་རག་ལས་པས། དེའི་ཐད་དུ་དོ་སྣང་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། ལོ་འདི་གའི་རིང་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་མཁན་གྱི་བསྡོམས་གྲངས་ཀྱི་12.6%ལྷག་འདས་གྲོངས་སུ་གྱུར་ཏེ། རིག་གནས་ཤུལ་བཞག་གི་རྣམ་གྲངས་མང་པོ་ཞིག་ཀྱང་འདས་པོ་དག་དང་ལྷན་དུ་དུས་ཀྱི་རྒྱུན་ལ་འཐིམས་ཟིན་པས། རང་རེས་ཀྱང་རྒྱུད་འཛིན་མཁན་གྱི་ཆ་སྙོམས་ལོ་ཚོད་མཐོ་བ་དང་། ཁ་ཅིག་འདས་གྲོངས་སུ་གྱུར་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། སྤྱིའི་ཆ་ནས་རྒྱུད་འཛིན་མཁན་ཇེ་མང་དང་རྒྱུད་འཛིན་མཁན་གྱི་ཆ་སྙོམས་ལོ་ཚོད་ཇེ་གཞོན་དུ་གཏོང་རྒྱུ་གལ་ཆེ་ཞིང་། བྱེ་བྲག་གིས་རིག་གནས་ཤུལ་བཞག་རྒྱུད་འཛིན་བྱེད་མི་མེད་པ་དང་ཉུང་བ། རྒྱུད་འཛིན་མཁན་གྱི་ལོ་ན་བགྲེས་པ་སོགས་ལ་རྒྱུད་འཛིན་མཁན་གསར་པ་འཚོལ་ཞིབ་དང་སྐྱེད་སྲིང་། དེ་མིན་གློག་རྡུལ་གྲངས་མཛོད་ཀྱི་ལམ་ནས་ཁོ་ཚོར་ཡིག་ཚགས་བཟོ་རྒྱུ་བཅས་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་ངེས།
གསུམ། ཆེད་ལས་འཇོན་མི་བསྐྱེད་སྲིང་བྱེད་པ།
        དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་ལས་དོན་ནི་ཆེད་ལས་རང་བཞིན་ཅུང་ཤུགས་དྲག་པའི་རིགས་གནས་ཀྱི་ལས་དོན་ཞིག་ཡིན་པས། དེ་ལ་ཆེད་ལས་ཀྱི་ནུས་པ་ལྡན་ཞིང་མི་རིགས་ཀྱི་རིག་གནས་ལ་བྱང་ཆ་ལྡན་པའི་ལས་མི་དགོས་ནའང་། དོན་དངོས་ཀྱི་གནས་ཚུལ་ཁྲོད་དུ་ཆེད་ལས་ཀྱི་ནུས་པ་ཞན་ཞིང་མི་རིགས་ཀྱི་རིག་གནས་ལ་བྱང་ཆ་མེད་པ་མང་ཞིང་། དེས་ང་ཚོའི་ལས་དོན་འདིའི་གྲུབ་འབྲས་དང་གོང་འཕེལ་ཐད་གེགས་དང་བར་ཆད་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པས། དུས་ཐོག་ཏུ་ལས་དོན་འདི་འགྲུབ་པར་བྱེད་པ་ལ་ཆེད་ལས་ཀྱི་ཤེས་བྱ་འཛོམས་ཤིང་མི་རིགས་ཀྱི་རིག་གནས་ལ་བྱང་ཆ་ལྡན་དགོས་པ་མ་ཟད། ད་དུང་དམངས་ཁྲོད་རྩོམ་རིག་དང་། འཁྲབ་སྟོན་སྒྱུ་རྩལ། དམངས་སྲོལ་རིག་པ། བཟོ་སྐྲུན་རིག་པ། ཡིག་གཟུགས། རི་མོ་སོགས་ཀྱི་ཤེས་བྱ་དང་། མིའི་རིགས་རིག་པ་དང་། ཆོས་ལུགས་རིག་པ། ལོ་རྒྱུས་རིག་པ། གནའ་དཔྱད་རིག་སོགས་འདབས་འབྲེལ་རིག་ཚན་དག་ལའང་ཆ་རྒྱུས་ངེས་ཅན་ཡོད་དགོས་ཤིང་། དེ་ལྟར་ན་རིག་གནས་གང་དེའི་རིན་ཐང་ལ་གོ་བ་ཡང་དག་ཅིག་བསྐྱེད་ཐུབ་པ་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པར་སྨན་དུ་འགྲོ །
བཞི། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་གྲངས་མཛོད་བཟོ་བ།
        གྲངས་མཛོད་ནི་རྒྱུ་ཆ་གང་རུང་གློག་རྡུལ་གྱི་རྣམ་པར་བྱས་ཏེ་ཉར་ཚགས་དང་དོ་དམ་བྱས་པར་གོ་ཞིང་། དེ་ནི་དེང་སང་རིག་གནས་གང་རུང་ལ་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་བཟང་པོ་ཞིག་ཏུ་བརྩི་བཞིན་ཡོད་ལ། དེ་ནི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་དང་འབྲེལ་བའི་ཡི་གེའི་རྒྱུ་ཆ་དང་། པར། སྒྲ། བརྙན་སོགས་རྒྱུ་ཆ་ཀུན་གློག་རྡུལ་གྱི་རྣམ་པར་བསྒྱུར་ནས་མཆན་བཏབ་ཅིང་རིགས་བཀར་ཏེ་ཉར་ཚགས་དོ་དམ་བྱ་བར་ཟེར། བོད་ལ་མཚོན་ན། བོད་རང་སྐྱོང་ལྗོངས་ཀྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་གྲངས་མཛོད་གྲུབ་ལ་ཉེ་བར་བཤད་པ་ལས་བོད་ཁུལ་གཞན་དུ་བཟོས་མེད་པས། འབྲེལ་ཡོད་སྡེ་ཁག་དག་གིས་དུས་དང་བསྟུན་ཏེ་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་གྲངས་མཛོད་བཟོ་དགོས་ཤིང་། དེ་ནི་གཅིག་ན་ཚན་རིག་དང་མཐུན་པའི་སྒོ་ནས་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྐོར་ལ་སྲུང་སྐྱོབ་བྱ་ཐབས་ཤིག་ཡིན་ཞིང་། གཉིས་ན་རྒྱུ་ཆ་རྣམས་དུས་ཐོག་ཏུ་སྤྱི་བོའི་ལོངས་སྤྱོད་དུ་བྱས་ཆོག་པ་དང་། གསུམ་ན་མ་འོངས་པའི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་བྱ་གཞག་ཐད་དུ་རྨང་ལེགས་པོ་བཏིངས་པ་ཡིན་པས། འདི་ནི་ང་ཚོས་ངེས་པར་དུ་བརྩོན་ལེན་བྱ་དགོས་པའི་གནད་ཅིག་ཏུ་འཁུམས།
མཇུག་སྡུད་པ།
        གོང་གསལ་གནས་ཚུལ་དག་ལ་གཞིགས་ཚེ། བོད་ནི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་རྣམ་གྲངས་མང་བའི་མི་རིགས་ཤིག་ཡིན་ལ། བོད་ཡུལ་དུ་བསྐྱེད་པའི་གནའ་བོའི་ཤེས་རིག་གི་རྣམ་པ་དེ་དག་ནི་ཁེར་ཚུགས་སུ་གནས་པ་ཞིག་མ་ཡིན་པར། མི་རིགས་འདིའི་དངོས་པོ་དང་བསམ་པའི་དཔལ་ཡོན་སོགས་དང་དམ་དུ་འབྲེལ་བ་ཞིག་ཡིན་ཕྱིར། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྐང་དང་རྩ་བ་ལྟ་བུ་ཡིན་པར་ཐེ་ཚོམ་མེད། འོན་ཀྱང་། དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་རང་སྟེང་གི་ཚད་བཀག་དང་། དུས་ཀྱི་འཕོ་འགྱུར། བོད་ཀྱི་ཤེས་ཡོན་པས་དམངས་ཁྲོད་རིག་གནས་ལ་མཐོང་ཆེན་མི་བྱེད་པའི་སྲོལ་ངན་བཅས་ལས། ད་ལྟ་མང་པོ་ཞིག་ཉམས་དམས་སུ་སོང་དང་འགྲོ་བཞིན་འདུག་ཅིང་། དེ་ནི་ང་ཚོའི་རིག་གནས་ལ་མཚོན་ན་གྱོང་གུད་ཆེན་པོ་ཞིག་ཡིན་པ་ནི་སྨྲོས་མ་དགོས།
( གསལ་བཤད། དཔྱད་རྩོམ་འདི་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་ཚན་ཞིབ་རྣམ་གྲངས་ཨང་རྟགས་YXM2014054ཡི་ཞིབ་འཇུག་གྲུབ་འབྲས་ཡིན། )  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1