ཧུང་ཡོན་སྤང་ལྗོངས་ཆེན་མོའི་ནོར་གནག་རོལ་དབྱངས་དུས་སྟོན་གྱི་མཐོང་ཐོས་བཀོད་པ།
(གསར་འགོད་པ་བསོད་ནམས་སྐྱིད། )ཟླ་7པའི་ཚེས་8ཉིན། 2017ལོའི་ཧུང་ཡོན་སྤང་ལྗོངས་ཆེན་མོའི་ནོར་གནག་རོལ་དབྱངས་དུས་སྟོན་དང་། སྐབས་དང་པོའི་བོད་ཆའང་དབྱིས་རིགས་ཀྱི་གླུ་གཞས་གསར་རྩོམ་ཆེད་ཚོགས། སྐབས་དྲུག་པའི་ནོར་གནག་རིག་གནས་དུས་ཆེན་བཅས་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་དུ་སྤེལ་མགོ་བཟུང་ལ། རྔ་བ་ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཞིན་གྱིས་དུས་སྟོན་མགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། རྔ་བ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀའེ་ཉིང་དང་ཧུང་ཡོན་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ལིའོ་མིན་གཉིས་ཀྱིས་ཤིས་ཚིག་ཕུལ། ཧུང་ཡོན་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་འཇམ་དབྱངས་བློ་གསལ་གྱིས་མཛད་སྒོར་འགོ་འཛིན་བྱས།
ཀའེ་ཉིང་གིས་ཤིས་ཚིག་ཕུལ་དུས། ཧུང་ཡོན་སྤང་ལྗོངས་ཆེན་མོའི་ནོར་གནག་རོལ་དབྱངས་དུས་སྟོན་དང་། སྐབས་དང་པོའི་བོད་ཆའང་དབྱིས་རིགས་ཀྱི་གླུ་གཞས་གསར་རྩོམ་ཆེད་ཚོགས། སྐབས་དྲུག་པའི་ནོར་གནག་རིག་གནས་དུས་ཆེན་གྱི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་ནི་ཧུང་ཡོན་རྫོང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་དོན་ཆེན་ཞིག་ཡིན་པར་མ་ཟད། རྔ་བ་ཁུལ་གྱིས་ཁོངས་ཡོངས་སུ་ཡུལ་སྐོར་འཐབ་ཇུས་དོན་འཁྱོལ་བྱེད་པའི་དོན་ཆེན་ཞིག་ཀྱང་ཡིན། ནོར་གནག་རོལ་དབྱངས་དུས་སྟོན་འདི་བརྒྱུད་ནས་ཚང་མར་རྔ་བར་རྒྱུས་ལོན་དང་རྔ་བར་དོ་ཁུར། རྔ་བར་རྒྱབ་སྐྱོར་བྱེད་དུ་འཇུག་པ་དང་ཆབས་ཅིག ལྷད་མེད་བརྩེ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བ་ཡིན།
བྱ་འགུལ་གྱི་ཚོགས་ར་གཙོ་བོ་ཁྱུང་མཆུ་གྲོང་རྡལ་དང་། ཡན་ལག་ཚོགས་ར་འོམ་ཐང་དང་རི་རྒན་བརླན་ས་གཉིས་ནས་བཙུགས་ཏེ་ཟླ7པའི་ཚེས10བར་སྤེལ་བ་རེད།
སྐབས་དང་པོའི་ནོར་གནག•བོད་ཆའང་དབྱིས་རིགས་གླུ་གཞས་གསར་རྩོམ་ཆེད་ཚོགས་ཀྱི་མཛད་སྒོའི་སྟེང་། ཕུལ་བྱུང་གཞས་པ་དང་ཕུལ་བྱུང་གསར་སྐྱེས་གླུ་བ་སོགས་ཀྱི་དགའ་རྟགས་རིགས་10སྤྲད་པ་དང་། ནོར་གནག•བོད་ཆའང་དབྱིས་རིགས་གླུ་གཞས་གསར་རྩོམ་རོལ་དབྱངས་ཀྱི་ཟླ་རེའི་སྔོན་གྲལ་བཅུ་ཁྱབ་བསྒྲགས་མཛད་པ་སྟེ། དཔལ་ཡུལ་བཀྲ་ཤིས་དང་སྐྱ་བྷ་ཨ་སངས། ཨར་མ་ལྷ་ཡེ་གསུམ་ལ་ཕུལ་བྱུང་གསར་སྐྱེས་མི་སྣའི་གཟེངས་རྟགས་ཐོབ་པ་དང་། བདེ་ལེགས་ནོར་བུའི<<གྱང་གླུ>>ལ་ལོ་འཁོར་གྱི་ཕུལ་བྱུང་གླུ་དབྱངས་སྒྲིག་བཟོའི་གཟེངས་རྟགས་ཐོབ། མོ་ཤིས་ཙི་ཧྲིའི<<རི་ཀླུང་བརྒལ་བ>>ལ་ལོ་འཁོར་གྱི་ཕུལ་བྱུང་གཞས་ཚིག་གི་གཟེངས་རྟགས་ཐོབ། སྐྱ་བྷ་ཨ་སངས་ཀྱི<<ཉི་གཞོན>>ལ་ལོ་འཁོར་གྱི་ཕུལ་བྱུང་གཞས་གདངས་ཀྱི་གཟེངས་རྟགས་ཐོབ། ཚེ་དབང་ལྷ་མོ་ལ་ལོ་འཁོར་གྱི་ཕུལ་བྱུང་གཞས་མའི་གཟེངས་རྟགས་ཐོབ། བདེ་སྐྱིད་ཚེ་རིང་ལ་ལོ་འཁོར་གྱི་ཕུལ་བྱུང་གཞས་པའི་གཟེངས་རྟགས་ཐོབ། བདེ་སྐྱིད་ཚེ་རིང་དང་སྐལ་བཟང་དབང་རྒྱལ། ཅས་ཧུའུ་གསུམ་ལ་ལོ་འཁོར་གྱི་མི་རིགས་གླུ་གཞས་གསར་རྩོམ་གྱི་གཟེངས་རྟགས་ཐོབ། བདེ་ལེགས་ནོར་བུའི<<གྱང་གླུ>>ལ་ལོ་འཁོར་གྱི་ཕུལ་བྱུང་ཕ་སྐད་གླུ་གཞས་ཀྱི་གཟེངས་རྟགས་ཐོབ། མོ་ཤིས་ཙི་ཧྲིའི<<རི་ཀླུང་བརྒལ་བ>>ལ་ལོ་འཁོར་གྱི་ཕུལ་བྱུང་རྒྱ་སྐད་གླུ་གཞས་ཀྱི་གཟེངས་རྟགས་ཐོབ། རུ་ཤུལ་ཚེ་རིང་བརྟན་དང་འཇམ་དབྱངས་དང་བསོད་ནམས་མགོན་པོ་གསུམ་ལ་གཟི་བརྗིད་གཟེངས་རྟགས་ཆེན་མོ་ཐོབ།
བྱ་འགུལ་སྤེལ་བའི་རིང་དུ་ཡ་དུང་དང་ཏི་མ་ཞི། ཐཱན་ཝེ་ཝེ། འཇམ་དབྱངས་སྒྲོལ་མ། གདུགས་དཀར་ཡག ཉི་མ་རོལ་ཚོགས་སོགས་བོད་ཁུལ་གྱི་མིང་གྲགས་ཆེ་བའི་གླུ་བ་གླུ་མ་དང་རྒྱལ་ཕྱི་ནང་གི་འཁྲབ་སྟོན་པ་མི་བརྒྱ་ལྷག་གིས་ཉིན་གསུམ་གྱི་བོད་རིགས་དང་། ཆའང་རིགས། དབྱིས་རིགས། སོག་པོ། ཡུ་གུར། བཱ་རིགས། འཇང་རིགས། རྒྱ་རིགས། དེ་མིན་ཨེ་ཨར་ལཱན་སོགས་མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བ། རྒྱལ་ཁབ་མི་འདྲ་བ་སོགས་ཀྱི་ཕུལ་བྱུང་རོལ་དབྱངས་ངོམས་པ་མ་ཟད། ཧུང་ཡོན་ས་གནས་ཀྱི་རྟ་རྩལ་འཁྲབ་སྟོན་དང་རྨེ་བའི་སྐོར་བྲོ། བོད་ལྭ་གཤོམ་པ། ཨ་མདོའི་དམངས་གླུ། འོ་མ་བཞོ་བ་སོགས་དམངས་སྲོལ་རིག་གནས་སོགས་ཀྱི་འཁྲབ་སྟོན་གྱ་ནོམ་པ་ཞིག་བྱས་ལ་རྒྱ་ཆེའི་ལྟད་མོ་བའི་མིག་དབང་ཅིག་ཅར་དུ་འཕྲོག་ཡོད།