རྫ་ཁྲོམ་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་ཚུགས་པ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-12


       (གསར་འགོད་པ། བསོད་ནམས་སྐྱིད།) ཟླ་7པའི་ཚེས་11ཉིན་གྱི་སྔ་དྲོར། རྔ་བ་རྫོང་གིས་རྫ་ཁྲོམ་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་བརྩམས་ཤིང་། ཁུལ་ཨུའི་ཧྲའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་མཛད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་དང་། མཛད་སྒོར་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཡའོ་པིན་སོགས་འགོ་ཁྲིད་རྣམས་ཞུགས་ཡོད། 

        མགོ་ཚུགས་མཛད་སྒོ་བཀྲ་ཤིས་པའི་རྔ་བ་དང་བདེ་སྐྱིད་ཀྱི་རྔ་བ། སྣ་མང་གི་རྔ་བ་བཅས་བརྗོད་དོན་བྱས་པའི་འཁྲབ་སྟོན་གོ་རིམ་གསུམ་ལ་དབྱེ་ཡོད། བཀྲ་ཤིས་བསྟོད་གླུ་དང་བསང་མཆོད། ཨ་མདོའི་གཤོམ་ལྭ་ངོམས་པ། མི་བརྒྱའི་དཀྲོལ་ལེན་སོགས་རྫ་ཁྲོམ་རིག་གནས་ཡུལ་སྐོར་དུས་ཆེན་ཚ་ཚ་འུར་འུར་ངང་སྤེལ་བྱུང་། རྫ་ཁྲོམ་དུས་ཆེན་ནི་རྔ་བ་རྫོང་ལ་ཐུན་མིན་དུ་ལྡན་པའི་མི་རིགས་སྲོལ་རྒྱུན་གྱི་ཚོང་ལས་དུས་ཆེན་ཞིག་ཡིན་ལ། རྔ་བ་རྫོང་དུ་གཞི་རྒྱ་ཆེས་ཆེ་བའི་དམངས་ཁྲོད་དུས་ཆེན་ཞིག་ཀྱང་ཡིན།  

        དེ་ཡང་གཡུང་དྲུང་རྒྱལ་དང་དཔལ་མགོན། བསམ་ཁོ། ཀུན་དགའ་སོགས་ཀྱིས་འཁྲབ་སྟོན་གྱིས་རྒྱ་ཆེའི་ལྟད་མོ་བའི་ཡིད་དབང་རབ་ཏུ་ཚིམས་པར་བྱས། 

        རྫ་ཁྲོམ་རིག་གནས་ཡུལ་སྐོར་དུས་ཆེན་དུ་ད་དུང་ཡུལ་སྐོར་ཡུལ་དངོས་སྐུལ་འདེད་དང་། བརྗོད་དོན་དགོང་ཚོགས།  ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཀྱི་གདན་ཞུའི་སྐོར་བྲོ་དང་བྱ་དགའ་གནང་བའི་མཛད་སྒོ་བསྡུ་རྒྱུ་དང་། དམངས་སྲོལ་ལུས་རྩལ་བྱ་འགུལ། མཐོ་སྒང་གི་གྲགས་ཆེ་བའི་གླུ་དབྱངས་དགོང་ཚོགས་བསྡུ་རྒྱུ་རེད།  

        ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་དང་ཀན་སུའུ། རང་ཁུལ་གྱི་རྫོང་དང་གྲོང་ཁྱེར་20ཡིས་རྣམ་པ་འདྲ་མིན་སྒོ་ནས་ད་ཐེངས་ཀྱི་རྫ་ཁྲོམ་དུས་ཆེན་གྱི་བྱེད་སྒོར་ཞུགས་ཡོད་པ་དང་། ས་གནས་ཁག་གི་ཚོང་བ་ཆེ་ཆུང་200ལྷག་དང་། ཡིག་གཟུགས་བརྩམས་ཆོས་དང་པར་ལེན་བརྩམས་ཆོས་350ལྷག་འགྲེམ་སྟོན་དུ་ཞུགས་ཡོད།

        རྫ་ཁྲོམ་དུས་ཆེན་ནི་རྔ་བ་རྫོང་གི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ལ། རྫ་ནི་རྫ་ཆས་ལ་གོ་བ་དང་། ཁྲོམ་ནི་ཚོང་རར་གོ་བ་ཡིན། དུས་ཆེན་འདིའི་ཐོག་མ་ཆིན་རྒྱལ་རབས་ཀྱི་དུས་མཇུག་ཏུ་(དུས་རབས་བཅོ་བརྒྱད་པའི་ལོ་རབས་དགུ་བཅུ་བའི་)དར་ལ། བོད་ཟླ་དྲུག་པའི་ཚེས་བཅོ་ལྔར་མདོ་སྨད་རྔ་བ་རྫོང་དུ་རྫ་ཁྲོམ་དུས་ཆེན་རོལ། དུས་ཆེན་འདིའི་ཐོག་མའི་ལམ་སྲོལ་ནི་རྔ་བ་རྨེ་ཚང་གི་དཔོན་པོ་སྐལ་བཟང་གིས་ཕྱེས་ཤིང༌། རིམ་གྱིས་ཟླ་ལྔ་བའི་ཚེས་གཅིག་དེ་1985ལོ་ནས་བོད་ཟླ་དྲུག་པའི་ཚེས་བཅོ་ལྔར་བསྒྱུར། དུས་ཆེན་དེར་ཞིང་ཆེན་ཕྱི་ནང་ནས་ཐོན་པའི་རྫ་ཆས་མང་པོ་ཁྲོམ་རར་བཤམས་པས་མིང་དེ་ལྟར་ཐོགས་ཤིང༌། ཚོང་འདུས་རྒྱ་ཆེ་ཞིང༌། མི་རྣམས་མ་བསྡུས་གཅིག་ཏུ་འདུས་ནས་དུས་སྟོན་རོལ་བ་མ་ཟད། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཙས་ཞིང་ཆེན་གསུམ་གྱི་ཚོང་དཔོན་ཡོངས་གནས་གཅིག་ཏུ་བསྡུས་བའི་རྩྭ་ཐང་གི་ཚོང་ཟོག་འགྲེམ་སྟོན་གྱི་མཛད་སྒོ་ཆེན་པོ་ཞིག་ཡིན་པ་དང་། ཕྱོགས་སོ་སོ་ནས་ཡོང་བའི་ཚོང་དཔོན་ཡོངས་ཀྱིས་མིག་དབང་གཅིག་ཏུ་བསྡུ་བའི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་པ་རེད།  ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་ཞིང་ཆེན་གསུམ་གྱི་འདུས་སྡོད་ཁྲོད་མེད་དུ་མི་རུང་བའི་ཚོང་ཟོག་གི་མིང་བྱང་ཞིག་དང་ལྷག་པར་དུ་ཡུལ་སྐོར་བ་ཚོས་ཨ་མདོའི་དམངས་སྲོལ་མྱོང་ཐབས་གལ་ཆེན་ཞིག་ཡིན་པ་རེད།།

               



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1