༄༅། །བོད་ཁུལ་ནས་རྒྱུག་པའི་གཙང་པོ་ཆེན་པོ་ལྔ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-12



        སྤྱིར་བོད་ཡུལ་ནི་འཛམ་གླིང་གི་ཆུ་བོ་མང་ཆེ་བའི་འབྱུང་ཁུངས་རེད།  ཡིན་ནའང་བོད་ཡུལ་མཐོ་སྒང་ན་མིང་དུ་གྲགས་པའི་ཆུ་བོ་ཆེན་པོ་ལྔ་ནི།  རྨ་ཆུ། འབྲི་ཆུ།   རྫ་ཆུ།  རྒྱལ་མོ་རྔུལ་ཆུ།  ཡར་ཀླུང་གཙང་པོ་བཅས་རེད། 

བོད་ཡུལ་གྱི་ཆུ་ཆེན་ལྔའི་འབབ་རྒྱུན་ནི་གཤམ་གསལ། 

1རྨ་ཆུ། 
        རྨ་ཆུ་ནི་རྒྱལ་ནང་གི་རིང་ཚད་ཨང་གཉིས་པ་ཡིན་ལ།  བ་ཡན་ཧ་རིའི་རི་རྒྱུད་ནས་བཞུར་ཏེ་རྒྱལ་ནང་གི་ལྗོངས་དང་ཞིང་ཆེན་དགུ་བརྒྱུད་མཐར་པོ་ཧེ་རྒྱ་མཚོར་འབབ་ཀྱིན་ཡོད།  ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྟོང་སྨི་5464ཙམ་ཡོད་པ་དང་།  སྤྱིའི་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་75442ལྷག་ཙམ་ཡོད།
2འབྲི་ཆུ།  
        འབྲི་ཆུ་ནི་རྒྱལ་ནང་གི་གཙང་པོ་རིང་ཤོས་དེ་ཡིན་ལ།  གཙང་པོ་དེ་གདང་ལའི་རི་རྒྱུད་རྒྱ་ལ་རྩི་ཟླུམ་གྱི་ལྷོ་ནུབ་ནས་བབས་ཏེ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དགུ་མདོ་དང་།  བོད་ལྗོངས་དང་ཟི་ཁྲོན་གྱི་འབྲེལ་མཚམས་བརྒྱུད་དེ་མཐར་བོད་ལྗོངས་སྨར་ཁམས་རྫོང་དང་ཡུན་ནན་ས་ཁུལ་སོགས་བརྒྱུད་ཧྲང་ཧེ་རུ་ཤར་རྒྱ་མཚོར་འབབ་ཀྱིན་ཡོད། ཆུ་བོ་འདིའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་6300ཙམ་དང་ཆུ་བོ་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་180 ཙམ་ཟིན་གྱི་ཡོད།

3རྫ་ཆུ།         

        རྫ་ཆུ་ནི་མཚོ་སྔོན་རྫ་སྟོད་རྫོང་ཁོངས་ཀྱི་རི་བོ་ཤྭ་ར་སྐྱ་ནས་བབས་ཏེ་ཆབ་མདོ་གྲོང་རྡལ་སོགས་ནས་སྨར་ཁམས་རྫོང་བརྒྱུད་ཡུན་ནན་དུ་བཞུར་རྗེས་མེ་ཀོང་གཙང་པོར་འདྲེས།  དེ་ནས་འབར་མ་དང་།  ལོ་སི།  ཐེ་ལན།  ཁམ་ཕུ་ཁྲེ།  ལྦེ་ཐེ་ནམ་སོགས་རྒྱལ་ཁབ་བརྒྱུད་མཐར་ལྷོ་རྒྱ་མཚོར་འབབ་ཀྱིན་ཡོད།  རྫ་ཆུའི་བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ་2179དང་འབབ་ཡུལ་གྱི་ས་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི16 .4 ཙམ་ཟིན་གྱི་ཡོད།

4རྒྱལ་མོ་རྔུལ་ཆུ། 
        རྒྱལ་མོ་རྔུལ་ཆུ་ནི་གདང་ལའི་ལྷོ་ཕྱོགས་ཨ་མདོ་རྫོང་ཁོངས་ནས་བབས་ཏེ་ནག་ཆུ་དང་།  འབྲི་རུ།  སྦྲ་ཆེན།  སྟེང་ཆེན།  ལྷོ་རོང་།  དཔའ་ཤོད།  མཛོ་སྒང་སོགས་རྫོང་ཁག་བརྒྱུད་ཡུན་ནན་དུ་བཞུར་རྗེས་འབར་མའི་སར་ཝུན་གཙང་པོ(Salween)བརྒྱུད་མཐར་རྒྱ་གར་རྒྱ་མཚོར་འབབ་ཀྱིན་ཡོད།  བཞུར་རྒྱུན་གྱི་རིང་ཚད་ལ་སྤྱི་ལེ 3240ཡོད་པ་དང་། ཆུ་བོ་དེ་ནི་བོད་ཀྱི་ཆུ་ཆེན་གཉིས་པར་གྲགས། 

5ཡར་ཀླུང་གཙང་པོ། 
        ཡར་ཀླུང་གཙང་པོ་ནི་ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་པ་རྫོང་ཁོངས་ཀྱི་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་བབས་ཏེ་བོད་ཀྱི་ལྷོ་ཕྱོགས་བརྒྱུད་ནས་ཤར་དུ་བབས་རྗེས་སྨན་གླིང་ཕད་ཆུས་ཁུལ་ནས་ཁ་བྱང་ཤར་ངོས་སུ་ཕྱོགས་ཏེ་བཞུར་ཞིང་།  རི་བོ་གནམ་ལྕགས་འབར་བར་སྐོར་བ་རྟ་རྨིག་འདྲ་བ་ཞིག་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་རོང་ཟབ་མོ་འགྲིམས་མཐར་རྒྱ་གར་དང་བྷང་ག་ལ་སོགས་བརྒྱུད་བྷང་ག་ལ་མཚོ་ཁུག་ཏུ་འབབ་ཀྱིན་ཡོད།  ཡར་ཀླུང་གཙང་པོ་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་བཞུར་རྒྱུན་རིང་ཚད་ལ་སྤྱི་ལེ་1940དང་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི 24.6དང་།  སྤྱིའི་བཞུར་རྒྱུན་ལ་སྤྱི་ལེ་2840དང་སྤྱིའི་འབབ་ཡུལ་གྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི 93.5 ལྷག་ཙམ་ཡོད།།
            (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1