---རྔ་བ་རྫོང་གི་རྫ་ཁྲོམ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཟུར་བྲིས།
ཟླ་7པའི་ཚེས་11ཉིན་གྱི་སྔ་དྲོར། རྔ་བ་རྫོང་གིས་རྫ་ཁྲོམ་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་འགོ་བརྩམས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་རྫ་ཁྲོམ་དུས་ཆེན་མགོ་ཚུགས་པ་བསྒྲགས་ཏེ། རྫ་ཁྲོམ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཡོལ་རིས་ཕྱེས་བྱུང་ལ། དུས་ཆེན་དེ་ནི་ཟླ་7པའི་ཚེས་11ཉིན་ནས་ཚེས་13ཉིན་བར་དུ་རོལ་བ་རེད།
འགོ་ཚུགས་མཛད་སྒོར་བཀྲ་ཤིས་བསྟོད་གླུ་དང་ཀི་འབོད་བསང་མཆོད། མི་བརྒྱའི་དཀྲོལ་ལེན། ཨ་མདོའི་གཤོམ་ལྭ་ངོམས་པ་སོགས་ལྟད་མོ་སྣ་ཚོགས་ཀྱིས་ཕྱོགས་བཞིའི་མགྲོན་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག
དེ་ཡང་རྫ་ཁྲོམ་དུས་ཆེན་ནི་བོད་ཀྱི་བསང་མཆོད་ལས་བྱུང་བའི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ལ། རྔ་བ་རྫོང་གི་སྲོལ་རྒྱུན་གྱི་དུས་ཆེན་གལ་ཆེན་ཞིག་ཀྱང་ཡིན། རྫ་ནི་རྫ་ཆས་ལ་གོ་བ་དང་། ཁྲོམ་ནི་ཚོང་རར་གོ་བ་ཡིན། བཤད་རྒྱུན་དུ། དུས་རབས་18པའི་ལོ་རབས་90བའི་དུས་མགོར། རྔ་བའི་དཔོན་མོ་ཨ་བཟང་མཚོས་རྒན་འབངས་དང་རུ་དཔོན་བསྡུས་ནས་གྲོས་བྱས་ཏེ། ལོ་རེའི་བོད་རྩིས་ཀྱི་སྤྲེལ་ཟླའི་ཚེས་ཉེར་གཅིག་ཉིན་ནས་གླང་ཟླ་ཡི་ཚེས་ཉེར་གཉིས་ཉིན་བར། སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེའི་མི་རེ་འདུ་གནས་སུ་མངགས་ནས་ཟླ་གཅིག་གི་རིང་ཆོས་འདོན་དགོས་པ་དང་། རྗེས་མའི་ཉིན་གསུམ་ལ་མི་རྣམས་ཀྱིས་རང་མོས་འབྲེལ་འདྲིས་དང་སྤྲོ་གསེང་། རྟ་རྒྱུག རིག་རྩལ་བྱ་འགུལ་སོགས་སྤེལ་སྲོལ་བཏོད་པ་རེད། སྐབས་དེར། ས་ཆ་སོ་སོའི་རྫ་ཆས་ཚོང་བ་དག་གནས་དེ་རུ་འདུས་ནས་རྫ་ཆས་བཙོང་རེས་བྱེད། གོམས་སྲོལ་དེ་ནི་དུས་དེ་ནས་བཟུང་ད་བར་དར། དེ་ལྟར་ཞིང་ཆེན་ཕྱི་ནང་ནས་ཐོན་པའི་རྫ་ཆས་མང་པོ་ཁྲོམ་རར་བཤམས་པས་མིང་ཡང་དེ་ལྟར་ཐོགས་པ་རེད།
རྫ་ཁྲོམ་དུས་ཆེན་གྱི་ཡུལ་སྐོར་ཡུལ་དངོས་ངོ་སྤྲོད་བྱེད་སྒོ་རུ་གཉན་པོ་གཡུ་རྩེ་དང་གསེར་མཛོད། རྔ་བ་བར་མ་བཅས་སུ་གདན་ཞུའི་སྐུ་མགྲོན་རྣམས་དངོས་སུ་ཕེབས་ཏེ་རྔ་བའི་མཛེས་ལྗོངས་མིག་གི་དགའ་སྟོན་དུ་དྲངས་ཤིང་། རྔ་བ་རྫོང་གི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་རྒྱུས་བླངས་པ་རེད།
རྫ་ཁྲོམ་དུས་ཆེན་གྱི་ཡིད་འཕྲོག་རྫ་ཁྲོམ། བསྐལ་བཟང་དུས་སྟོན་ཞེས་པའི་དགོང་ཚོགས་དང་ས་གནས་གླུ་བའི་འཁྲབ་སྟོན་དགོང་ཚོགས་སུ་བོད་ཀྱི་གླུ་བ་གྲགས་ཅན་དཔལ་མགོན་དང་། གཡུང་དྲུང་རྒྱལ། ཤེར་བསྟན། བཀྲ་ཤིས་ཉི་མ། ཀུན་དགའ། བདེ་སྐྱིད་ཚེ་རིང་། བསམ་ཁོ། ཚེ་དབང་ལྷ་མོ་སོགས་བོད་ཁུལ་གྱི་མིང་གྲགས་ཆེ་བའི་གླུ་བ་རྣམས་དང་ས་གནས་ཀྱི་ཕུལ་བྱུང་གླུ་བ་རྣམས་ཀྱིས་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་གྱ་ནོམ་པ་ཞིག་བྱས་ཏེ་རྒྱ་ཆེའི་ལྟད་མོ་བའི་ཡིད་དབང་རབ་ཏུ་ཚིམས་ཡོད།
རྫ་ཁྲོམ་དུས་ཆེན་དུ་ཞིང་ཆེན་གསུམ་གྱི་གདན་ཞུའི་སྐོར་བྲོའི་འགྲན་སྡུར་ཁྲོད། རྔ་བ་ཁུལ་གྱི་རྒྱལ་རོང་གདོད་མའི་སྐོར་བྲོ་མཐུན་ཚོགས་ལ་བྱ་དགའ་ཨང་དང་པོ་དང་། རྔ་བ་རྫོང་དང་ཆུ་ཆེན་རྫོང་ལ་བྱ་དགའ་ཨང་གཉིས་པ་དང་། ཀླུ་ཆུ་རྫོང་དང་ཧུང་ཡོན་རྫོང་། མཛོད་དགེ་རྫོང་བཅས་ལ་བྱ་དགའ་ཨང་གསུམ་པ་དང་། གཅིག་སྒྲིལ་རྫོང་དང་དགའ་བདེ་རྫོང་། འཛམ་ཐང་རྫོང་བཅས་ལ་བསམ་པའི་དཔལ་ཡོན་གྱི་བྱ་དགའ་དང་། དར་ལག་རྫོང་དང་རྨ་ཆུ་རྫོང་། པད་མ་རྫོང་བཅས་ལ་རྩ་འཛུགས་ཀྱི་བྱ་དགའ་བཅས་ཐོབ་པ་རེད།
རྫ་ཁྲོམ་དུས་ཆེན་དུ་འཁྲབ་སྟོན་བྱས་པའི་འཛམ་ཐང་རྫོང་གི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རྣམ་ཐར་ལ་སྲོལ་རྒྱུན་ཟློས་གར་གྱི་ཁྱད་ཆོས་མངོན་པར་དོད་ཅིང་ལུས་ཀྱི་སྟངས་སྟབས་ཀྱང་ཡིད་དུ་འོང་བ་དང་གསོན་ཉམས་ལྡན་པས་ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་མོ་ཐོབ།
རྫ་ཁྲོམ་དུས་ཆེན་གྱི་ཉིན་གསུམ་རིང་ཞིང་ལྗོངས་ལྔ་ནས་ཕེབས་པའི་བོད་ཀྱི་ཡིག་མཁན་ཚོས་ཆེད་དུ་ཕུལ་བའི་ཡིག་གཟུགས་འགྲེམ་སྟོན་གྱིས་མི་རྣམས་ལ་ཚོར་སྣང་གསར་བ་ཞིག་སྦྱིན་བྱུང་བར་མ་ཟད། བོད་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་ལུས་རྩལ་སྣ་ཚོགས་སྤེལ་ནས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ལས་དོན་ལ་སྐུལ་འདེད་བཏང་།
དུས་སྟོན་སྐབས་སུ། ཕྱོགས་བཞི་མཚམས་བརྒྱད་ནས་ཐོན་པའི་ཚོང་བ་དང་ས་ཐག་ཉེ་རིང་ནས་ཐོན་པའི་འབྲོག་པ་ཚོས་དཀར་དམར་ཁྲ་གསུམ་གྱི་སྦྲ་གུར་ཆེ་ཆུང་བརྒྱ་ཕྲག་དུ་མ་ཕུབས་ལ། ཁྲ་ཚོམ་མེ་ཏོག་གི་ཞིང་ཁམས་ཤིག་ཏུ་ཐོན་པ་འདྲ། དེ་ནི་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་མཛེས་སྡུག་ཅིག་ཏུ་སྣང་། རྒྱ་ཆེའི་ལྟད་མོ་བའི་གཟབ་མཆོར་སྣ་ཚོགས་སྤྲས་ནས། སྔོ་བསངས་ཀྱི་ནམ་མཁའ་དང་སྤྲིན་དཀར་གྱི་འདབ་མའི་འོག་ནས། སྔོ་ལྗང་གི་སྤང་ཐང་དང་མེ་ཏོག་གི་ཆུན་པོའི་ཁྲོད་ནས་ཞིམ་པོའི་ཟས་དང་མཛེས་པའི་གར་ལ་རོལ།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་དང་ཀན་སུའུ། རང་ཁུལ་གྱི་རྫོང་དང་གྲོང་ཁྱེར་20རྣམ་པ་འདྲ་མིན་སྒོ་ནས་ད་ཐེངས་ཀྱི་རྫ་ཁྲོམ་དུས་ཆེན་གྱི་བྱེད་སྒོར་ཞུགས་ཡོད་པ་དང་། ས་གནས་ཁག་གི་ཚོང་བ་ཆེ་ཆུང་200ལྷག་དང་། ཡིག་གཟུགས་བརྩམས་ཆོས་དང་པར་ལེན་བརྩམས་ཆོས་350ལྷག་འགྲེམ་སྟོན་དུ་ཞུགས་ཡོད།
རྫ་ཁྲོམ་དུས་ཆེན་གྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ས་ཁུལ་བར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དང་། མི་རིགས་རིག་གནས་འགྲེམ་སྟོན་དང་མི་རིགས་མཐུན་སྒྲིལ་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།
རྫ་ཁྲོམ་དུས་ཆེན་ནི་བོད་པའི་གླུ་གཞས་དབྱངས་སུ་གྱེར་བའི་ཞིང་ཁམས་ཤིག་ཡིན་ལ། རྫ་ཁྲོམ་ཆེན་མོ་ནི་དུས་ཀྱི་རྔ་སྒྲ་དང་མདུན་སྐྱོད་ཀྱི་གོམ་སྒྲ་ཡིན། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་མཐོ་སྒང་བོད་པའི་འཚོ་བ་གསལ་བའི་མེ་ལོང་ཞིག་ཀྱང་ཡིན། ང་ཚོ་ཡངས་པའི་རྩྭ་ཐང་ལ་འཁྱུད་དེ། རྡོག་རྩ་གཅིག་སྒྲིལ་གྱིས་བསྐལ་བ་བཟང་བའི་འཚོ་བར་བརྩོན་ཡ། སང་ལོར། ང་ཚོས་མི་རིགས་ཤིག་གི་ཁྱད་ཆོས་མངོན་པར་དོད་པའི་གླུ་དང་གར། སྒྱུ་རྩལ་བརྩམས་ཆོས། འཚོ་བའི་གོམས་སྲོལ་ཁྱེར་ནས་སླར་ཡང་མཇལ་ཡོང་།།
གསར་འགོད་པ་བསོད་ནམས་སྐྱིད་ནས།