༄༅།། ཕྱིར་དྲན་ཀློང་གི་ང་།

གངས་བུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-14



གངས་བུ།        (འདན་མ།)
ད་ནངས་ཞོགས་པར
ཉི་འོད་དམར་ལམ་མེར
སྤྲིན་ཚོགས་ཀྱི་དབུས་ནས་ཤར
ལྗང་མདོག་གི་ས་གཞི་ཡང
ཧ་ཅང་ཐང་ཆད་པ་ལྟར
ན་བུན་སྟུག་པོའི་ཁྲོད་དུ
ལྷིང་འཇགས་ངང་གནས་འདུག

དེ་རིང་གི་དུས་ཚིགས་འདིར
ཁོ་བོའི་བྱང་ཁོག་གི་སྙིང་ཁ་ནས
དྲན་པ་སྐུལ་བའི་ཐ་སྙད་ཀྱི་ཚོགས་དག་ལུད
འདས་པའི་ལོ་ཟླ་གང་ཞིག་སླར་ཡང་དྲན

དེ་ནི
སེམས་ཀྱི་ལྷུན་པོར་འཛུམ་མདངས་ཀྱིས་ཕྱུག
ཡིད་ཀྱི་མེ་ལོང་དྭངས་ཤིང་གཙང་བའི
ཁོ་བོའི་ལྷད་མེད་ཀྱི་བྱིས་དུས་དེ་ཡིན
སྐབས་དེར    ཁོ་བོ་བསམ་མེད་ཅིག་ཡིན་ཡང
ཟོལ་ཚིག་གིས་སྟོང    རྫུན་འབག་གིས་དབེན་ཡོད

ཡིན་ན་ཡང
*དུས་ཚོད་ནི་ཡལ་བཞིན་གདའ
མིག་རྡེབ་ཡུན་ཙམ་གྱིས
བྱིས་དུས་བུད་སོང    དགོད་སྒྲ་ཉམས་སོང
ཨ་ཨ    དག་གཙང་གི་བྱིས་དུས་ཡ

ད་ནི
འདས་པ་ནི་སླར་ཡང་ཕྱིར་འོང་བྲལ
འབྱུང་འགྱུར་གྱི་མདུན་ལམ་ཐོག
གོམ་ཁ་བསྒྱུར་བའི་སྟ་གོན་བྱས་ཟིན
འགུལ་ཆས་ཀྱང་སྒྲིག་འགོ་རྩོམ་ཡོད

དེ་བའི་ཕྱིར
འདི་དག་ཡོད་ཚད་ཀྱི་ཀློང་ནས
ཁེར་རྐྱང་གི་རྣམ་ཤེས་ཤིག
ཉིན་རེ་ནས་ཉིན་རེར་རྒུད་པའི་ལམ་དུ་ཞུགས་བཞིན་འདུག

2017/6/1བྱིས་པའི་དུས་ཆེན་ཉིན་མོར་གྲུབ།
 *མཆན། ཧྭ་ཧློ་སློབ་ཆེན་གྱི་སྡོམ་ཚིག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1