[གནད་བཏུས] འདི་ནི་ཐའོ་ཞི་ཕིན་ལགས་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་སློབ་གསོ་འདྲི་རྟོག་ཨུ་ཡོན་ལྷན་ཁང་གི་མི་སྣ་མཚོ་སྔོན་གཅན་ཚ་ས་ཁུལ་གྱི་སློབ་གྲྭར་རྟོག་ཞིབ་ཏུ་ཕེབས་པའི་གནས་ཚུལ་ཡིན།
[གནད་ཚིག] སྐད་གཉིས་སློབ་གསོ། མི་རིགས་སྐད་ཡིག རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག
ཟི་ལིང་ནས་ལམ་ལ་ཆས་ཏེ་མཚོ་ངོས་ལས་སྨི༣༠༧༠མཐོ་བའི་རི་བོ་ལ་དམར་བརྒལ་ཏེ་མཚོ་སྔོན་ཞིང་ཆེན་གྱི་གཅན་ཚ་རྫོང་དུ་འབྱོར། གཅན་ཚ་ཞེས་པར་འགྲེལ་བཤད་རྒྱག་སྟངས་འགའ་ཡོད་མོད། དེ་དག་ལས་བཤད་སྟངས་གཅིག་ནི་གཅན་གཟན་རྒྱུ་སའི་ས་ཆ་ཡིན་པར་བཤད། ད་ལྟ་འདི་རུ་འདུ་འཛི་ཆེ་བའི་གྲོང་ཚོ་ཞིག་ཆགས་ཡོད། ཐེངས་འདིར་རྒྱལ་ཁབ་སློབ་གསོ་འདྲི་རྟོག་ཨུ་ཡོན་ལྷན་ཁང་མཚོ་སྔོན་དུ་བརྟག་དཔྱད་ཞིབ་འཇུག་ལ་ཕེབས་པ་ཡིན་པས། ང་ཚོས་ཐོག་མར་དོ་སྣང་བྱེད་ས་ནི་སློབ་གྲྭ་ཡིན། ང་ཚོ་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པར་སླེབས་པ་ན་མིག་ལམ་དུ་གསལ་བོར་མངོན་བྱུང་བ་ནི། སློབ་ཁྲིད་ཐོག་ཁང་དང་མལ་ཤག་ཐོག་ཁང་ནི་ཉི་འོད་ཀྱི་གཟི་མདངས་འོག་ན་ཚོན་མདངས་རྣམ་པར་བཀྲ་བ་དེ་ཡིན། ཡངས་ཤིང་རྒྱ་ཆེ་བའི་རྩལ་སྦྱང་ར་བའི་ནང་དུ་སྔོ་ལྗང་གི་རྩྭ་གདན་དང་འགྱིག་སྤྱིན་དམར་པོའི་རྒྱུག་ལམ་བཏིང་ཡོད། སློབ་ཁྲིད་ཀྱི་སྒྲིག་ཆས་དང་འཚོ་བའི་སྒྲིག་ཆས་ཆ་ཚང་ཞིང་། སྲ་ཆས་ཀྱང་ཤར་ཕྱོགས་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་གྱི་སློབ་གྲྭ་ལས་མི་དམན།
སློབ་གཙོ་རྡོ་རྗེ་རབ་བརྟན་དང་ངེད་གཉིས་ཀྱིས་མྱུར་དུ་ཚང་མས་ཐུགས་ཁུར་གནང་སའི་བརྗོད་གཞི་སྟེ་མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོའི་སྐོར་ལ་བགྲོ་གླེང་བྱས་པ་ཡིན།
དེའི་སྟབས་ཀྱིས་གནད་དོན་གཉིས་བྱུང་ཡོད་དེ། ཕྱོགས་གཅིག་ནས་མཐོ་འབྲིང་མཐར་ཕྱིན་སློབ་མའི་སྤྱི་སྤྱོད་སྐད་ཡིག་གི་སྤྱོད་ནུས་ཅུང་ཞན་པས། མཐོ་རྒྱུགས་སྤྲོད་དུས“མི་རིགས་སློབ་མས་མི་རིགས་སློབ་གྲྭར”རྒྱུགས་སྤྲོད་ཚད་མང་། གྲངས་ཉུང་མི་རིགས་ཀྱི་སློབ་མས་མི་རིགས་སློབ་གྲྭར་རྒྱུགས་སྤྲོད་པར་འདོད་མོད། ཡིན་ནའང་རྒྱལ་ཡོངས་སུ་མི་རིགས་སློབ་གྲྭར་སློབ་མ་སྡུད་ཚད་དེ་འདྲ་མི་མང་བས། མི་རིགས་སློབ་གྲྭར་ཞུགས་ཚད་ཧ་ཅང་ཉུང་། ཕྱོགས་གཞན་ཞིག་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་མི་ཉུང་བ་ཞིག་གིས་སྤྱི་སྤྱོད་བྱེད་པའི་སྐད་ཡིག་ཁོང་དུ་ཆུད་པ་མི་བཟང་བས། ལས་ཞུགས་ཕྱོགས་ལ་གེགས་རྐྱེན་ཐེབས་ཡོད།
སློབ་གཙོ་རྡོ་རྗེས་གནས་ཚུལ་དེ་ལ་གཞིགས་ནས་བསམ་འཆར་གཉིས་བཏོན་བྱུང་སྟེ། གཅིག་ནི་མི་རིགས་རང་གི་རིག་གནས་རྒྱུད་འཛིན་བྱེད་པ་དང་མཉམ་དུ་ངེས་པར་དུ་སྟོབས་ཤུགས་ཡོད་རྒུས་སྤྱི་སྤྱོད་སྐད་ཡིག་གི་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཏེ། ཁོས་སྤྱི་སྤྱོད་སྐད་ཡིག་གི་སློབ་ཁྲིད་དེ་ངེས་པར་དུ་བྱིས་སྙོར་ཁང་ནས་བཟུང་སྟེ་ནན་ཏན་གྱིས་འཛིན་དགོས་ཤིང་། དེ་མིན་ན་སྐད་བརྡ་སློབ་པའི་དུས་སྐབས་ཆེས་བཟང་བོ་དེ་འཆོར་སྲིད་པར་སྙམ། གཉིས་ནི་མཚོ་སྔོན་ས་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་། ལྷག་པར་དུ་དགེ་འོས་སློབ་གྲྭས་བསླབ་ཚན་སོ་སོའི་དགེ་རྒན་སྐྱེད་སྲིང་བྱེད་པར་གཙིགས་སུ་འཛིན་དགོས་ཤིང་། གཙོ་བོར་ཆབ་སྲིད་དང་། ལོ་རྒྱུས། ས་ཁམས་སོགས་ཀྱི་སྒྲིག་འཛུགས་དང་སློབ་མ་སྡུད་ཚད་ཇེ་མང་དུ་བཏང་ནས། བསླབ་ཚན་འདི་དག་སྤྱི་སྤྱོད་སྐད་ཡིག་དང་ཡང་ན་མི་རིགས་ཕ་སྐད་ཀྱིས་སློབ་ཁྲིད་བྱེད་པའི་དགེ་རྒན་དག་གི་གྲངས་ཀ་དང་ཆུ་ཚད་ཁག་ཐེག་བྱེད་དགོས།
སློབ་གཙོའི་སྐད་ཆར་ཉན་རྗེས། ངས་འདི་སྙམ་དུ་བསམ་སྟེ། སྐད་གཉིས་སློབ་གསོ་ནི་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་སོ་སོའི་རིག་གནས་མཉམ་འདྲེས་དང་གསར་གཏོད་བྱེད་པའི་རྨང་གཞི་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། སྐད་གཉིས་སློབ་གསོར་ཤུགས་སྣོན་པ་དེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སྒྱུར་ཡོང་བར་འབྲེལ་བ་ཡོད་པར་མ་ཟད། སྤྱི་ཚོགས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ལའང་འབྲེལ་བ་ཡོད། དེ་བས་དེ་ནི་འཐབ་ཇུས་ཀྱི་དོན་སྙིང་ཆེ་ཆེར་ལྡན་པའི་བྱེད་ཐབས་ཤིག་རེད།
པེ་ཅིན་ལ་སླེབས་རྗེས། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མི་རིགས་ས་ཁུལ་གྱི་སློབ་གསོ་མགྱོགས་མྱུར་སྒོས་དར་རྒྱས་གཏོང་བའི་ཐག་གཅོད》འགྲེམ་སྤེལ་བྱེད་པའི་སྒང་ལ་ཁེལ། 《ཐག་གཅོད》ཀྱིས་དམིགས་འབེན་གསལ་བོ་ཞིག་བཏོན་ཡོད་པ་ནི། རྒྱལ་ཁབ་ཀྱིས་སྤྱི་སྤྱོད་བྱེད་པའི་སྐད་དང་ཡི་གེའི་སློབ་གསོའི་རྨང་གཞི་ཞན་པའི་ས་ཁུལ་དུ་སློབ་སྔོན་སློབ་གསོའི་སྐབས་སུ་ལོ་ངོ་གཉིས་ཀྱི་རིང་ལ་སྐད་གཉིས་སློབ་གསོ་ཕལ་ཆེར་ཁྱབ་གདལ་དུ་གཏོང་དགོས་ཤིང་། འོས་འགན་སློབ་གསོའི་དུས་རིམ་ནང་སྐད་གཉིས་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་གཏོང་དགོས། དེ་དང་མཉམ་དུ་བྱེ་བྲག་གི་གཏན་འཁེལ་ནི་ཁྲིམས་ལུགས་ལ་གཞི་བཅོལ་དགོས་ཤིང་། གཏན་ཚིགས་ལ་བརྩི་སྲུང་བྱེད་པ་དང། དངོས་ཡོད་འཚོ་བ་དང་བསྟུན་ནས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱིས་སྤྱི་སྤྱོད་བྱེད་པའི་སྐད་དང་ཡི་གེའི་སློབ་གསོ་སྤེལ་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་བྱེད་པའི་སྐད་དང་ཡི་གེ་ཕལ་ཆེར་ཁོང་དུ་ཆུད་པ་དང་བེད་སྤྱོད་བྱས་ནས། གྲངས་ཉུང་མི་རིགས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་རྒྱལ་ཁབ་ཀྱིས་སྤྱི་སྤྱོད་བྱེད་པའི་སྐད་ཡིག་ནང་བྱན་ཆུད་པ་དང་བཀོལ་སྤྱོད་བྱེད་པར་ཁག་ཐེག་བྱ་དགོས་པ་མ་ཟད། རྒྱལ་ཁབ་ཀྱིས་སྤྱི་སྤྱོད་བྱེད་པའི་སྐད་དང་ཡི་གེའི་སློབ་གསོའི་རྨང་གཞི་ཞན་པའི་ས་ཆར་བོད་རྒྱ་སྐད་ཡིག་གཉིས་ཀ་ཤེས་པ་དེ་རྩ་བའི་དམིགས་འབེན་དུ་བཟུང་ནས། སློབ་སྔོན་ནས་སློབ་གྲྭ་ཆུང་འབྲིང་གི་བར་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་རྒྱུ་དང་། སློབ་ཁྲིད་དཔེ་དབྱིབས་དང་སློབ་མའི་སློབ་སྦྱོང་གི་ནུས་པ་གཉིས་ཕན་ཚུན་འཕྲོད་ཅིང་། དགེ་རྒན་གྱི་དཔུང་སྡེ་དང་སློབ་ཁྲིད་ཐོན་ཁུངས་ཀྱིས་སྐད་གཉིས་སློབ་གསོའི་མ་ལག་གི་དགོས་མཁོ་བསྐང་དགོས། བྱེད་ཐབས་འདི་དག་ནི་དངོས་གནས་སུ་ཡང་དག་ཅིང་གནད་དུ་འཁེལ་བ་ཞིག་ཡིན། །
(མཚོ་སྔོན་མི་རིགས་སློབ་ཆེན2013ལོའི་བོད་རིག་པའི་སློབ་གླིང་གི་དངོས་སྦྱོང་སློབ་མ་གཡང་ཕྱུག་སྒྲོལ་མས་བསྒྱུར)
①ཐའོ་ཞི་ཕིན། རྒྱལ་ཁབ་སློབ་གསོའི་འདྲི་རྟོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཁབ་ཀྱི་སློབ་གྲྭ་སྤྱིར་ལྟ་ཞིབ་བྱེད་པའི་བློ་འདོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་མཐུན་ཚོགས་འཛམ་གླིང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་བཅས་ཡིན།