《སྙན་ངག་མེ་ལོང》གི་འཁྲིད་རྒྱུན་དེ་དེང་རབས་སློབ་དེབ་གསར་བའི་ སྒྲིག་གཞི་དང་མཐུན་པར་བསྒྱུར་བའི་བསམ་འཆར།

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། བུ་བཞི་བསམ་པའི་དོན་གྲུབ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 07-14


[གནད་བཏུས] སྙན་ངག་མེ་ལོང་གི་འཁྲིད་རྒྱུན་དེ་ད་ལྟའི་བར་དུ་དེང་རབས་སློབ་འབྲིང་དང་དགོན་སྡེ་རིས་མེད་དུ་ངོ་བོ་མ་འགྱུར་བར་འཆད་ཁྲིད་བྱེད་བཞིན་པ་ཡིན། ཡིན་ནའང་རྩོམ་རིག་གི་འདུ་ཤེས་དང་ངོ་བོ་ཐད་ཀྱི་ལྟ་བ། རིག་ཚན་གོ་གནས་ཐད་ཀྱི་ངོས་འཛིན། རྩོམ་ལུས་དང་ཁྱབ་ཁོངས་དབྱེ་སྟངས། གཞུང་གི་གོ་དོན་གཏན་ལ་འབེབས་པའི་རིགས་ལམ། རྒྱུན་ཤེས་སམ་རྨང་གཞིའི་ཤེས་བྱ་འདྲེན་པའི་ཚད་གཞི། འཁྲིད་གཞིའི་ནང་དོན་གྱི་གཙོ་ཕལ་དང་རྒྱས་བསྡུས། སློབ་ཁྲིད་བྱེད་སྟངས་དང་མིང་བརྡ་འགྲེལ་སྟངས་རྣམས་གདོད་མའི་སྲོལ་རྒྱུན་གྱི་རྣམ་པར་སོང་དྲགས་པའི་དབང་གིས། དེང་རབས་སློབ་འབྲིང་སློབ་ཁྲིད་ལ་མི་མཚམ་པའི་སྣང་ཚུལ་མང་དུ་བྱུང་ཡོད། ཐ་ན་རྩོམ་རིག་གི་རིག་པ་སྤྱིར་བཏང་བའི་གཞུང་ལུགས་ཀྱི་ངོ་བོ་དང་ཐ་དད་དུ་སོང་ནས། དེང་རབས་གསར་རྩོམ་དང་རྩོམ་རིག་དཔྱད་འཇོག་གི་བྱ་བ་ལ་མཛུབ་སྟོན་ནུས་པ་མེད་པར་གྱུར་པའི་སྣང་ཚུལ་བྱུང་། དེས་ན《སྙན་ངག་མེ་ལོང》དེ་དེང་རབས་རྩོམ་རིག་གི་གཞུང་ལུགས་ཀྱི་ངོ་བོ་རང་བཞིན་ཅན་དུ་བསྒྱུར་དགོས་ན། གཅིག་ན་སློབ་དེབ་ཀྱི་རིག་ཚན་ཁྱབ་ཁོངས་དང་སྒྲིག་གཞི་ལ་བཅོས་སྒྱུར་ངེས་ཅན་བྱེད་དགོས་པ་དང་། གཉིས་སུ་གལ་གནད་དང་རྨང་གཞིའི་ཤེས་བྱ་མ་ནོར་བར་གདམ་པ་དང་། གསུམ་ན་སློབ་ཚན་འཁྲིད་སྟངས་དང་གོ་དོན་འགྲེལ་སྟངས་ལ་བཅོས་སྒྱུར་རྒྱ་ཆེན་པོ་བྱེད་དགོས་པར་འདོད།

[གནད་ཚིག] སྙན་ངག་མེ་ལོང་། འཁྲིད་གཞི། འཁྲིད་རྒྱུན། བཅོས་སྒྱུར།


1.《སྙན་ངག་མེ་ལོང》ཞེས་པརྩོམ་རིག་མེ་ལོངགི་གོ་དོན་སྟེང་འགྲེལ་དགོས།


ད་ལྟའི་བར་གྱི་འཁྲིད་རྒྱུན་ལ《སྙན་ངག་མེ་ལོང》ཞེས་པ་འདི་ཚིགས་སུ་བཅད་པའི་རྩོམ་ལུས་ཁོ་ན་སྟེ། རང་རེའིབསྟོད་རྩོམདུ་འབོད་པ་ཤོ་ལོ་ཀའི་རྩོམ་ལུས་ཀྱི་གཞུང་ལུགས་ཁོ་ནར་ཆ་བཞག་ནས་འཆད་ཁྲིད་བྱེད་པ་ཡིན། བྱིངས་ཡིན་ན་བསྟན་བཅོས་འདིའི་བསྟན་བྱ་དང་ཁྱབ་ཁོངས་ནི། རྩོམ་རིག་སྤྱིའི་རིགས་པའི་གཞུང་ལུགས་ཀྱི་མེ་ལོང་གི་གོ་གནས་སུ་བཞག་ནས་འགྲེལ་བཤད་བྱེད་དགོས་པ་ཞིག་ཡིན་མོད། ད་ལྟ《སྙན་ངག་ལེ་ལོང》གི་བསྟན་བཅོས་འདི་འཁྲིད་སྐབས་སུ། དོན་རྒྱན་སོ་ལྔ་སྙིང་བོར་འཛིན་པ་ལས་རྩོམ་རིག་གི་ཁྱབ་ཁོངས་གཞན་གྱི་རྒྱུན་ཤེས་རྣམས་བཏང་སྙོམས་སུ་འཇོག་པ། ཡང་ན་ཚིག་སྒོ་རེ་ནས་མིང་འགྲེལ་རགས་མོ་ཙམ་བྱེད་པ་ལས་དོན་འགྲེལ་ཡེ་མི་བྱེད་པའི་ལམ་སྲོལ་ཁོ་ན་རྒྱུན་འཛིན་བྱེད་པ་ཡིན།

དགེ་འདུན་ཆོས་འཕེལ་གྱིསདེང་སང་མང་ཆེ་བས་སྙན་ངག་འཁྲིད་པ་ཟེར་བ་རྩོམ་རྒྱབ་རྒྱུའི་ལག་ཆ་ཞིག་ལ་ངོས་འཛིན་བྱེད་བགྱི་འདུག་ཀྱང་། དེ་འདྲ་ག་ལ་ཡིན། ཡང་མང་པོ་ཞིག་གི་སེམས་ལ་ནི་སྙན་ངག་ཟེར་བ་ནི་ཚིགས་བཅད་རྐྱང་བ་འབྲི་སྟངས་ཤིག་རེད་བསམས་པ་བྱེད་རྒྱུ་འདུག་པ་དེ་ཡང་ནོར་འཁྲུལ་རེད① ཅེས་དང་། རྒྱ་ནག་པ་ཅིན་ཁི་མུའོ་ཡིསའཕགས་ཡུལ་གནའ་རབས་རྩོམ་རིག་ཁྲོད་རྒྱུན་འབྱམས་སུ་གླེང་བའི་སྙན་ངག་ཅེས་པའི་ཐ་སྙད་འདི་ནི། སྒྲ་ཡངས་འཇུག་གི་གོ་དོན་སྟེང་གི་སྙན་ངག་སྟེ་རྩོམ་རིག་སྤྱི་ལ་སྟོན་པ་ཡིན། ཡིན་ནའང་ནང་དོན་གྱི་ཁྱབ་རྒྱ་དེ་དུས་རབས་ཀྱི་དབང་གིས་ད་ལྟ་ང་ཚོས་ཚད་ལྡན་དུ་འདོད་པའི་རྩོམ་རིག་གི་དོན་སྤྱི་དང་བསྡུར་ན་ཁྱབ་ཆུང་བ་ཡང་བཤད་མ་དགོས་པ་ཡིན།ཞེས་གསུངས།

གཞུང་ཚིག་ལས་བྱུང་བའི་རིག་གནས་ཁྱབ་ཁོངས་དང་གོ་དོན་མ་ལུས་པར་དེང་རབས་ཀྱི་རྩོམ་རིག་འདུ་ཤེས་དང་ཐ་སྙད་ལ་སྦྱར་ནས་ཞིབ་རྒྱས་སུ་ངོ་སྤྲོད་བྱེད་པ་དང་། དེ་ཡང་དྲང་འཁྱོག་གཉིས་ལས་བསྡུས་པའི་ཚིག་གི་སྦྱོར་བ་ཁོ་ནའི་དབང་དུ་མ་སོང་བར། རྩོམ་རིག་གི་སྤྱིར་བཏང་བའི་རྨང་གཞིའི་ཤེས་བྱ་དང་རྒྱུན་ཤེས། རྩོམ་རིག་གི་རིག་ཚན་ཁྱད་ཆོས་དང་ཆོས་ཉིད། རྩོམ་ལུས་སྣ་ཚོགས་ཀྱི་ཁྱད་པར་དང་མཚན་ཉིད། དེ་ཡང་ཚིགས་བཅད་ལྷུག་པ་དང་།། སྤེལ་མ་རྣམ་གསུམ་ཉིད་དུ་འདོད།། ཅེས་པའི་ཚིག་གི་ཕྲེང་བའི་གནས་སྟངས་ཀྱི་རྣམ་པ་ལས་བྱུང་བའི་ཚིགས་སུ་བཅད་པ་ཤོ་ལོ་ཀ། སྒྲུང་གཏམ། ལྷུག་རྩོམ། ཟློས་གར་འཁྲབ་གཞུང་སོགས་རྩོམ་ལུས་ཆེ་བཞི་དང་། སརྒས་བཅིངས་པ་ལོ་རྒྱུས་རྩོམ་རིག་རིང་མོ་སོགས་རྩོམ་ལུས་སྤྱི་ལ་ཁེབས་པའི་རིགས་པའི་གཞུང་ལུགས་ཀྱི་གོ་དོན་རྣམས་མ་ལུས་པར་འགྲེལ་ཅི་ཐུབ་ལ་བརྩོན་དགོས་པ་ཡིན།

འཁྲིད་རྒྱུན་གྱི་མན་ངག་གཅེས་འཛིན་བྱེད་པ་དང་། རིག་གནས་ཀྱི་འདུ་ཤེས་དེང་རབས་ཅན་དུ་བསྒྱུར་རྒྱུ་དེ་འགལ་ཟླའི་ཕུང་བོ་གཅིག་ལས་གཞི་མཐུན་གྱི་གནད་འཚོལ་བའི་སྙོམས་འཇུག་གི་བྱ་བ་ཞིག་ཡིན་པས། ཤོང་དཔང་ཡབ་སྲས་དང་སྣར་ཐང་སངྒྷ་ཤྲཱི། ཞ་ལུ་ལོ་ཆེན་དང་སི་ཏུ་པཎ་ཆེན་སོགས་ལས་བརྒྱུད་པའི་སྒྲ་འགྲེལ་སཾ་བོད་སྐད་གཉིས་ཀྱི་ཐ་སྙད་སྲང་ལ་གཞལ་ནས་གཏན་ལ་ཕབ་པའི་མིང་བརྡའི་གོ་དོན་དང་། བརྡ་རྙིང་བེད་སྤྱོད་དང་བརྡ་གསར་གསར་སྐྲུན་བྱས་པ། ཆེད་སྤྱོད་ཐ་སྙད་རྣམས་མ་ཡིག་གི་སྒྲ་འགྲེལ་སྟེང་ནས་དོན་ལ་བསྙེགས་པའི་སྲོལ་རྒྱུན་སྤངས་ཏེ། འགྱུར་ཡིག་བོད་སྐད་གཅིག་པུའི་སྟེང་གོ་དོན་འཚོལ་བ་དང་འགྲེལ་བཤད་རྒྱག་པ། ཡང་ན་རྩོམ་རིག་གི་རིག་གཞུང་སྤྱི་དང་། ཁྱད་པར་དུ་དེང་རབས་འཛམ་གླིང་སྤྱི་འགྲོས་ཀྱི་རྩོམ་རིག་གི་རིག་པའི་གཞུང་ལུགས་དང་ཁྱབ་ཁོངས་འདི་ལ་བག་ཆགས་ཏིལ་ཙམ་ཡང་མེད་པ་རྣམས་ཀྱིས། བཅད་ལྷུག་སྤེལ་མ་གསུམ་པོ་ཚིགས་སུ་བཅད་པ་ཤོ་ལོ་ཀའི་རྩོམ་ལུས་ཀྱི་གོ་དོན་ལ་སྦྱར་ནས་འགྲེལ་བཤད་བྱེད་པ་སྟེ། ད་དུང་ཡང་ཚིག་ལྷུག་གི་སྙན་ངག་ཅེས་པ་ཞིག་ཀྱང་ཡོད་པར་མ་ཟད། དེའི་མཚན་ཉིད་དུ་རྒྱལ་དབང་ལྔ་བ་ཆེན་མོའི《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》དང་། མདོ་མཁར་བའི《མི་དབང་རྟོགས་བརྗོད》སོགས་འདྲེན་པ་མང་པོ་མཐོང་སྟེ། ཆེས་སྤྱིར་བཏང་བའི་རྨང་གཞི་ཤེས་བྱ་སྟེ། རྩོམ་རིག་དང་རྩོམ་རིག་མ་ཡིན་པའི་ཁྱབ་ཁོངས་ཀྱི་དབྱེ་མཚམས་ཀྱང་ཉོག་ནས་འཁྲིད་རྒྱུན་འཛིན་པ་དང་། ད་དུང་ཡང་སྤྱི་ལོ་དུས་རབས་དྲུག་པའི་སྐབས་སུ། འཛམ་བུ་གླིང་ལ་རྩོམ་ལུས་མཐའ་དག་ཚགས་སུ་མ་ཆུད་པ་དང་། རྩོམ་རིག་གི་འདུ་ཤེས་དང་ཁྱབ་ཁོངས། ངོ་བོ་དང་བྱེད་ནུས་སོགས་ཆོས་ཉིད་ལ་གཞུང་ལུགས་སྟེང་གི་མཚན་གཞི་དང་དབྱེ་བ་ཕྲ་ཞིབ་མ་ཕྱེད་པའི་སྐབས་ཀྱི་འགྲེལ་སྟངས་ཇི་བཞིན་རྒྱུན་འཛིན་བྱས་ན། འཕེལ་རྒྱས་བྱུང་ཟིན་པའི་དེང་རབས་དང་ཉེ་རབས་ཀྱི་རྩོམ་རིག་གི་སྣང་ཚུལ་རྣམས་ལ་དཔེ་ཡི་སྒོ་ནས་གསལ་བཤད་བྱེད་མི་ནུས་པར་མ་ཟད། སྔོན་ཆད་དང་དེང་རབས་ཀྱི་རྩོམ་རིག་གཞུང་ལུགས་གཉིས་རིག་གནས་ཚན་ཁག་མི་འདྲ་བ་གཉིས་ལྟ་བུར་ཁ་གྱེས་ནས་ཕན་ཚུན་ངོ་མི་འཕྲོད་པར་འགྱུར་བཞིན་པའི་སྣང་ཚུལ་ལ་ཚང་མས་དོགས་ཟོན་བྱེད་དགོས་པ་ཡིན།


2.བརྡ་ཆད་དང་དོན་སྤྱི་རྣམས་དེང་རབས་སྤྱི་འགྲོས་ཀྱི་གོ་དོན་དང་བསྟུན་དགོས།


རྩོམ་རིག་གི་ཐ་སྙད་དང་བརྡ་ཆད། མཚན་ཉིད་དང་གོ་དོན་རྣམས་དེང་རབས་འཛམ་གླིང་སྤྱི་འགྲོས་དང་བསྟུན་རྒྱུ་དེ་ནི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་མཐུན་སྦྱོར་དང་གསར་བཅོས། འཕོ་འགྱུར་དང་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་ཉག་གཅིག་ཡིན་པས། རྩོམ་རིག་གི་སྤྱི་རྟོལ་གྱི་འདུ་ཤེས་དང་གོ་དོན། རིག་ཚན་དང་ཁྱབ་ཁོངས། ངོ་བོ་དང་བྱེད་ནུས། གོ་གནས་དང་རིན་ཐང་། བརྗོད་བྱ་དང་རྗོད་བྱེད། རྩོམ་ལུས་དང་སྒྲིག་གཞི། སྣང་བརྙན་དང་བསམ་བློ་མཚོན་སྟངས་སོགས་ཕྱོགས་ཡོངས་ཀྱི་ཆོས་ཉིད་ལ་དེང་རབས་ཚན་རིག་དང་མཐུན་པའི་གདེང་འཇོག་བྱེད་དགོས་པར་མ་ཟད། འཁྲིད་གཞིའི་ཡིག་སྐད་དང་ཚིག་སྦྱོར་གྱི་ཆ་ནས་ཀྱང་། སྤྱི་སྐད་དང་ཕལ་སྐད། མིང་གསར་དང་བརྡ་གསར། མཚན་ཉིད་དང་དཔེར་བརྗོད་ཚང་མ་དེང་རབས་ཡུལ་དུས་དང་། སྣོད་ལྡན་གཞོན་གསར་རྣམས་ཀྱི་བློ་ཁ་དང་མཐུན་པར་སྦྱོར་དགོས།


3.ཚིག་ཚོགས་ཀྱི་ལོ་མས་དོན་གྱི་སྙེ་མ་སྒྲིབ་པའི་འགྲེལ་སྟངས་སྤང་དགོས།


དེ་ཡང་གཙོ་བོ་བོད་སྔ་མའི་མིང་བརྡ་འགྲེལ་སྟངས་ཀྱི་སྲོལ་རྒྱུན་ཞིག་སྟེ། མིང་བརྡ་གསར་རྙིང་དཀའ་སླ་ཚང་མ་དོ་མཉམ་དུ་ཚིག་གསལ་གྱི་ཁ་སྣོན་འདེབས་པའི་འགྲེལ་སྟངས་ཤིག་ཡིན། ཚིག་གསལ་ཤིན་ཏུ་རབ་ཏུ་ཀུན་ཏུ་ཡོངས་སུ་སོགས། དགའ་བ་ལ་ཤིན་ཏུ་དགའ་བ། རྒྱས་པ་ལ་རབ་ཏུ་རྒྱས་པ། མཛེས་པ་ལ་རྣམ་པར་མཛེས་པ། རྫོགས་པ་ལ་ཡོངས་སུ་རྫོགས་པ་སོགས་རྒྱ་གཞུང་ན་མེད་པ་མི་བཟད་པའི་ཚིག་ཚོགས་ཀྱིས་ཚིག་གསལ་སྣོན་པ་རྣམས་སྤོང་ཅི་ནུས་བྱེད་པ་དང་།
དངོས་ལ་མངོན་དང་། རྒྱན་ལ་མདོ། ཁྱད་པར་བ་ལ་ཕུལ་བྱུང་བ། ངེས་པ་ལ་རྟོགས་པ། དེ་རྣམས་ལ་གཞན་དག གཙོ་བོ་ལ་འདྲེན་པ། བསྔགས་པ་ལ་བསྟོད་པ། ཀུན་ཏུ་ལ་སོ་སོ། ཐ་དད་ལ་སྣ་ཚོགས། འཇིག་རྟེན་ལ་སྐྱེ་འགྲོ། འཇུག་པ་ལ་འབྲང་བ། གནས་པ་ལ་ཆགས་པ། འདི་ལ་ནི། རིགས་ལ་རིག་སོགས་ཚིག་རིས་མག་མོག་རྣམས་སྐད་ཆའི་གནས་སྐབས་དང་བསྟུན་ནས་གོ་བ་ལེན་རྒྱུ་དང་།

མཛེས་མ་ལ་བུད་མེད་མཛེས་མ། ཆུ་སྐྱེས་ལ་ཆུ་སྐྱེས་མེ་ཏོག་པདྨ། ཤིང་ལ་ཤིང་གི་ལྗོན་པ། ཁྱོད་གདོང་ལ་ཁྱོད་ཀྱི་མཛེས་པའི་ཞལ། པད་དཀར་ལ་མེ་ཏོག་པདྨ་དཀར་པོ། ཡོངས་གྲགས་ལ་འཇིག་རྟེན་ཡོངས་གྲགས་སོགས་བསྐྱར་ཟློས་ཀྱི་ཚིག་ལྷག་སྤྲོས་པའི་དབང་གིས་ཚིག་རྒྱུན་རིང་པོར་གྱུར་ནས་དོན་གྱི་རྡོག་པོ་བློ་ངོར་འཆར་དཀའ་བར་གྱུར། གཞན་ཡང་རིག་བྱེད་བཞི། འབྱུང་བ་ལྔ། ཕར་ཕྱིན་དྲུག་སོགས་གྲངས་འདྲེན་གང་ཐོན་ལ་ཚིག་འགྲེལ་སྤྲོས་རྒྱས་བྱས་པས། རྩ་བ་དོར་ནས་ཡན་ལག་བཟུང་བའི་རྣམ་པ་མང་ལ། རིག་བྱེད་ཀྱི་མངོན་བརྗོད་ཚངས་པའི་བུ་མོ་ལྟ་བུ་འགྲེལ་སྐབས། ལྷ་ཆེན་ཚངས་པས་མཚོ་མ་དྲོས་པར་ལྷའི་ཞི་གནས་ལོ་སྟོང་ཕྲག་ཏུ་སྒོམ་པ་སོགས་འབྲེལ་མེད་གཏམ་རྒྱུད་རིང་མོ་དྲངས་པས་འབེན་ཤར་ན་ཡོད་པ་མདའ་ནུབ་ཏུ་འཕངས་ཤིང་། འགྲེལ་མཁན་ཉིད་ཀྱང་མཁྱེན་རྒྱ་དང་ཤེས་རབ་ངོམ་པའི་ཅོལ་ཆུང་གི་བློ་ཁམས་ཅན་དུ་འགྲོ་དོགས་ཆེ། ཚིག་རྩ་མ་ཟིན་པའི་ཚིག་འགྲེལ་གྱི་དབང་གིས་དོན་གྱི་སྙིང་བོ་ངང་གིས་བསྒྲིབས་ལ་ཡིག་གྲངས་ཀྱང་མང་དུ་སྤར་བ་སོགས་དེང་རབས་སློབ་དེབ་ལ་མི་འཚམ་པའི་སྐྱོན་རྣམས་སྤོང་ཅི་ཐུབ་བྱས་ནས་ཚིག་འགྲེལ་ཇེ་ཐུང་དུ་གཏོང་དགོས།


4.རྩོམ་རིག་ཁྱབ་ཁོངས་མ་ཡིན་པ་ཞར་བྱུང་རིག་གནས་ཀྱི་ནང་དོན་ངོ་སྤྲོད་པ་སྤང་དགོས།


རྩོམ་རིག་གི་ངོ་བོ་དང་ཁྱད་ཆོས་དེ། བརྗོད་བྱ་ངེས་པར་དུ་རྩོམ་རིག་གི་རྩོམ་ལུས་ངེས་ཅན་ཞིག་ཏུ་དྲངས་ནས། འཇིག་རྟེན་འཁོར་བའི་ཡན་ལག་ཆ་ཚང་ལྡན་པའི་སྤྱི་ཚོགས་འཚོ་བའི་སྣང་བརྙན་གྱི་རི་མོ་ཞིག་ཡིན་དགོས། དེ་ནི་རྩོམ་རིག་གི་མྱུ་གུ་འདི་གང་ཟག་གི་སེམས་རྒྱུད་དུ་ཐོག་མ་འབུས་པ་དང་། སེམས་ཁམས་ཀྱི་འགྱུར་བ་དེ་ལ་སྟོབས་རྒྱས་ནས་སྐད་བརྡའི་རྣམ་པའི་རྩོམ་ལུས་སུ་འཕོས་པའི་ཐོག་མའི་ངོ་བོ་དང་བྱེད་ལས་ཀྱི་རྣམ་པས་ཐག་བཅད་པ་ཡིན། བརྗོད་བྱ་མཐའ་དག་འཇིག་རྟེན་འཁོར་བ་སྤྲོ་སྐྱེད་ཀྱི་ནང་དོན་དང་སྦྱར་ན་ད་གཟོད་ཀློག་པ་པོའི་མཛེས་དཔྱོད་བློ་ཡི་འདུན་པ་སྒྱུ་རྩལ་རོ་ཉམས་ཀྱིས་སིམ་པར་བྱེད་ཐུབ་ལ། མཛེས་དཔྱོད་རིག་གནས་སམ་སྒྱུ་རྩལ་རྩོམ་རིག་གི་མཚན་ཉིད་དང་མཐུན་པ་ཡིན། དེ་བས་ང་ཚོས《སྙན་ངག་མེ་ལོང》གི་བསླབ་དེབ་ཁྲོད་དཔེར་བརྗོད་འདེམ་པའི་སྐབས་སུ། རང་རེའི་བོད་པས་ནང་བསྟན་ཆོས་ལུགས་ཀྱི་ཟབ་དོན་ལ་སྦྱར་བའི་དཔེར་བརྗོད་གོ་དཀའ་བ་རྣམས་མི་འགོད་པ་དང་།
དེང་རབས་མཁས་པ་རྣམས་ཀྱིས་ཆབ་སྲིད་གཞུང་ལུགས་དང་སྤྱི་ཚོགས་འཛུགས་སྐྲུན་ལ་སྦྱར་བའི་གོ་སླ་བའི་དཔེར་བརྗོད་རྣམས་ཀྱང་མི་འགོད་པར། 《སྙན་ངག་མེ་ལོང》རང་དུ་བྱུང་བའི་དཎྜིའི་དཔེར་བརྗོད་སྒྱུ་རྩལ་གྱི་རོ་དང་ལྡན་པ་རྣམས་ཚད་མར་འཛིན་པ་དང་།
གྲོང་སྐད་དུ་སོང་བའི་དཔེར་བརྗོད་རེ་གཉིས་ཡོད་པ་དེ་གསོར་ཡངས་བྱས་ནས་འཁྲིད་དགོས། དེས་ན་རྩོམ་རིག་ཏུ་ཆོས་ལུགས་དང་ཆབ་སྲིད་བརྗོད་བྱར་བཟུང་མི་ཆོག་པ་མ་ཡིན་ཡང་། གནད་དོན་ནི་བརྗོད་བྱ་དེ་དག་འཇིག་རྟེན་འཁོར་བའི་ཡན་ལག་ཏུ་བཅུག་ནས་གཏམ་རྒྱུད་དང་རྣམ་ཐར། ཚིགས་སུ་བཅད་པ་སོགས་སྒྱུ་རྩལ་གྱི་རྩོམ་ལུས་ཤིག་ཏུ་སྦྱར་མ་སྦྱར་ལ་ཆ་འཇོག་ཡོད་དེ། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག བརྗོད་སྟངས་རྩོམ་ལུས་དང་དགོངས་གཞི་སྲོག་གི་རྣམ་པ་བཞི་ག་དོ་མཉམ་དུ་མཛེས་དཔྱོད་སྒྱུ་རྩལ་གྱི་མཛེས་པའི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན་དགོས་ཏེ། ལུས་དང་ཚིག་སྦྱོར་གཉིས་ཀ་རྩོམ་རིག་གི་ཁྱད་ཆོས་ལྡན་ཡང་བརྗོད་བྱ་ཆབ་སྲིད་དང་ཆོས་ལུགས་ཀྱི་དོན་སྤྱི་ཙམ་བརྗོད་པ་ཡིན་ན། ཚིག་ཉམས་ཐོན་ཡང་དོན་ཉམས་མ་ཐོན་པའི་སྐྱོན་དུ་འགྱུར། དེ་བས་དཎྜིའི་གཞུང་ལས། སྙན་པ་ཉམས་ལྡན་ཚིག་དག་ནི།། དངོས་པོ་ལ་ཡང་ཉམས་གནས་པ།། སྦྲང་རྩི་སྤྱོད་པ་སྦྲང་རྩིས་བཞིན།། གང་གིས་བློ་ལྡན་དགའ་བྱེད་པའོ།། ཞེས་དང་། ངེས་པར་རྒྱན་རྣམས་ཀུན་ལ་ཡང་།། དོན་གྱི་ཉམས་དག་སྦྱིན་པར་བྱེད།། དེ་ལྟ་ན་ཡང་གྲོང་པ་ཉིད།། མིན་པའི་ཁུར་འདི་ཕལ་ཆེར་འཛིན།། ཞེས་རྩོམ་ལུས་དང་ཚིག་སྦྱོར་རྣམས་རྩོམ་རིག་གི་སྒྱུ་རྩལ་ངོ་བོ་དང་ཁྱད་ཆོས་སུ་གཏོགས་དགོས་པར་མ་ཟད། དངོས་པོའམ་བརྗོད་བྱ་རང་ངོས་ལའང་དོན་གྱི་ཉམས་གནས་པ་སྟེ། བརྗོད་བྱ་དེ་ལ་ཡིད་དུ་འོང་བའི་ཕུགས་འདུན་དང་དགེ་སེམས་ངོ་མཚར། བྱུང་རིམ་དང་སྒྱུ་རྩལ་སྣང་བརྙན་ངོ་མཚར། དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་ངོ་མཚར། ཡིད་ཀྱི་དང་བ་འགུག་པའི་ནུས་པ་ངོ་མཚར་དང་ལྡན་པ་ཞིག་ཡིན་དགོས། རྩོམ་རིག་གི་རྩོམ་ལུས་དང་སྒྱུ་རྩལ་གྱི་སྐད་བརྡ་དང་བྲལ་ན་རྩོམ་རིག་མ་ཡིན་པར་འགྱུར་བས། རང་རེའི་སྔ་འགྲེལ་རྣམས་སུ་རིག་པའི་གནས་བཅུ་དང་། ཕྱི་རོལ་རིག་བྱེད་གྲུབ་མཐའ་དང་ལྷ་སྒྲུང་སོགས་ངོ་སྤྲོད་བྱེད་པ་སྤང་དགོས།


5.ལོ་ཆེན་སྔ་མ་རྣམས་ཀྱི་སྐད་གཉིས་ཤན་སྦྱར་གྱི་འཁྲིད་གཞི་ཚད་ལྡན་དུ་འཛིན་དགོས།


དེ་ཡང་ས་སྐྱ་པཎ་ཆེན་དང་ཤོང་དཔང་རྣམ་གཉིས། ཞ་ལུ་ལོ་ཆེན་དང་སྣར་ཐང་སངྒྷ་ཤྲཱི། སྙེ་ཐང་བློ་བརྟན་བཞི་བ་དང་སི་ཏུ་བསྟན་པའི་ཉིན་བྱེད་སོགས་ཀྱི་འགྱུར་དང་འགྱུར་བཅོས་རྣམས་རྩ་བར་འཛིན་དགོས་པ་དང་།
དེ་དག་གི་མ་ཡིག་ལས་དྲངས་པའི་སྒྲ་འགྲེལ་དང་འབྲུ་འགྲེལ། དགག་བཞག་དང་དོགས་གཅོད་རྣམས་རྩ་བར་འཛིན་དགོས། སྣར་ཐང་ལོ་ཙཱ་པས་རང་འགྲེལ་གྱི་མཇུག་བྱང་དུ།དེ་ཡང་མཁས་པའི་དབང་བོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ཕྱིན་ལ་སྙན་ངག་གི་བཤད་པ་ཅུང་ཞིག་དར་བ་མ་གཏོགས། དེའི་གོང་དུ་སྙན་ངག་གི་བཤད་པ་ཡང་མེད་ཅིང་། ཁྱད་པར་སྙན་ངག་གི་གཞུང་དང་འགྲེལ་བ་ཡང་མང་དུ་མ་འགྱུར་བས་དཀའ་བར་སྣང་མོད། དེང་སང་སྙན་ངག་གི་གཞུང་ཡང་འགྱུར་ལ། འགྲེལ་བ་ཡང་ཅུང་ཞིག་འགྱུར་བས་ཅུང་སླ་བར་ཡོད་མོད། འོན་ཀྱང་ཐ་སྙད་ཀྱི་ཆོས་འདི་སློབ་དཔོན་གྱི་ངག་ལ་བལྟོས་དགོས་པ་ཡིན་པ་ལ། དེ་ལ་མི་ལྟོས་པར་རང་རྩོམ་བྱེད་པར་སྣང་བས། ཕྱིས་ཕྱིན་པ་མི་ཡོང་བར་སྣང་།ཞེས་དང་། འབྲུག་ཁམས་སྤྲུལ་གྱིས་ཀྱང་། བོད་ཕྱིས་བྱུང་གི་འགྲེལ་བ་མཁན་མང་པོས་ཤོང་དཔང་མཁས་པའི་རྗེས་འཇུག་ཏུ་ཁས་ལེན་བཞིན་དུ་ཡང་། དེའི་དགོངས་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ། རང་རང་གི་བློ་གྲོས་དྲི་མ་ཅན་གྱི་གཞུང་ཚིག་བོད་སྐད་ཁོ་ནའི་སྟེང་ནས་བཙལ་བའི་གོ་བ་ལ་བརྟེན་ནས། དགག་བཞག་དང་བཤད་པ་ལྟར་སྣང་བ་མང་པོས་གཞུང་ལོག་པར་བཀྲལ་བས་གོ་སླ་བའི་གནས་རྣམས་སུ་རྒྱ་གར་ན་ཡེ་མ་གྲགས་ཤིང་རྒྱ་འགྲེལ་རྣམས་ནས་མ་བཤད་པའི་རྟོག་བཏགས་ཀྱི་རང་བཟོ་མང་པོ་བྱས་པའི་རྗེས་སུ་སླད་མ་དག་ཀྱང་འབྲངས་ཏེ།④ ཞེས་བྱུང་།
གསུང་རྒྱུན་འདི་དག་ལ་གཞིགས་ནསྒྲ་ཤེས་ན་དོན་ལ་མི་རྨོངསཞེས་པའི་གོ་དོན་དེ་སྒྲའི་རྐྱེན་དང་སྡེབ་སྦྱོར་གྱི་རྣམ་གཞག་ཙམ་ཤེས་པ་ཞིག་ལ་སྟོན་པ་མ་ཡིན་པར། ལེགས་སྦྱར་གྱི་སྐད་སྤྱི་ལ་བྱང་ཆུབ་དགོས་པ་སྟེ་མ་ཡིག་གི་སྟེང་ནས་གཞུང་ག་གེ་མོ་ལ་གོ་བ་འབྱིན་ཐུབ་པ། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རྒྱ་གར་ནས་གཞུང་དང་སྐད་ཡིག་གཉིས་ཀ་ལ་བྱང་ཆུབ་པའི་ཆོས་ཀྱི་མཁན་པོ་གདན་འདྲེན་པ་ལྟ་བུ་ཞིག་ལ་སྟོན་པ་མ་གཏོགས། སྒྲ་གཞུང་ག་གེ་མོ་ལ་བརྟེན་ནས་སྒྲ་སྒྲུབ་པ་དང་བོད་ཡིག་གི་སུམ་རྐང་སྒྲིག་ཐུབ་པ་ཙམ་ལ་གོ་བ་མིན། རྗེ་ས་པཎ་གྱི《མཁས་པར་འཇུག་པའི་སྒོ》ལས། ཉེ་བར་བསྒྱུར་བའི་དབང་གིས་ནི།། སྐད་བྱིངས་དོན་ནི་རབ་འགྱུར་ཏེ།། གངྒའི་ཆུ་ནི་མངར་མོད་ཀྱི།། རྒྱ་མཚོའི་ཆུ་ཡིས་འགྱུར་བ་བཞིན།། ཞེས་པ་ནང་བཞིན། འགྱུར་རྩོམ་ཡོད་ཚད་ལ་ཁྱད་ཆོས་དེ་ཡོད་དེ། དགེ་འདུན་ཆོས་འཕེལ་གྱིས་ཀྱངའདི་རྣམས་ཞིབ་ཏུ་བརྟགས་ན་འུ་ཅག་གིས་རྒྱ་དཔེ་མ་མཐོང་བཞིན་བོད་ཚིག་ལ་བལྟས་ནས། འདིའི་སྐད་དོད་འདི་འདྲ་ཡིན་ཞེས་མོ་བཏབ་པ་དེ་ཡང་མཐའ་གཅིག་ཏུ་བདེན་པ་མེད་ལ། དེ་ལས་ཀྱང་བོད་གཞུང་ལ་བལྟས་ནས་དེ་རྒྱ་སྐད་དུ་ཕར་བསྒྱུར་བ་སྐད་དུ་བྱ་བ་འདི་ལ་ཤིན་ཏུ་ཡང་ཉེན་ཆེ་སྟེ།⑤ ཞེས་བྱུང་། བརྡ་ཆད་དང་དོན་སྤྱི་གང་མང་ཞིག་ལེགས་སྦྱར་གྱི་སྒྲ་འགྲེལ་ལ་བརྟེན་ནས་གོ་བ་འབྱིན་པ་མ་གཏོགས་འགྱུར་ཡིག་གཅིག་པུའི་ངོས་ནས་འགྲེལ་ན་གཞུང་དོན་འཆོལ་འགྲོ་བ་ཡིན། འགྱུར་ཡིག་གི་གཞུང་མཐའ་དག་ཚིག་བརླིང་བ་དང་ཚིག་རྒྱུན་གོ་ལོག་པ། གོ་དོན་མང་པའམ་མག་མོག ཐ་སྙད་གསར་བ་དང་ཚིག་གྲོགས་བསྡུས་པ་མང་།
ཁྱད་པར་དུ《སྙན་ངག་མེ་ལོང》ལ་མཚོན་ན། གཞུང་ཚིག་རྣམས་ཚིགས་སུ་བཅད་པ་ཤོ་ལོ་ཀའི་རྩོམ་ལུས་སུ་དྲངས་པས། མིང་ཚིག་ཁ་ཚང་ཚིགས་བཅད་དབང་གིས་མ་ཤོང་ནས། ཉི་མ་ལ་ཉི་དང་གཏམ་རྒྱུད་ལ་གཏམ་ལྟ་བུ་ཚིག་གྲོགས་བསྡུས་པ་མང་། དེ་བས་ལེགས་སྦྱར་མ་ཡིག་གི་སྟེང་ནས་གོ་བ་མ་ལོན་ཡང་། སྔ་ཕྱིའི་འགྱུར་སྣ་ཚོགས་པ་དང་རྩ་འགྲེལ་སྣ་ཚོགས། སྐད་རིགས་གཞན་གྱི་འགྱུར་ཡིག་སྣ་ཚོགས་གོ་བསྡུར་ནས་གོ་དོན་ངོ་མ་འཚོལ་བའི་ཐབས་ལ་བརྟེན་དགོས། སྔོན་གྱི་ལོ་ཆེན་དེ་དག་སཾ་བོད་སྐད་ཡིག་གཉིས་ལ་བྱང་ཆུད་པ་དང་། སྐད་གཉིས་གོ་བསྡུར་ནས་ཤན་སྦྱར་ངང་འཁྲིད་རྒྱུན་བཟུང་བས་ན་མ་ཡིག་གི་དོན་ལ་གོ་ལོག་ཐེབས་པའི་སྣང་ཚུལ་ཧ་ལམ་མེད། གཞན་ཡང་མཁས་དབང་དེ་དག་གི་འཁྲིད་རྒྱུན་མན་ངག་གི་དྲོད་རླངས་མ་ཡལ་བ་འཇུ་མི་ཕམ་དང་བོད་མཁས་པ། རིན་སྤུངས་པ་དང་ཟུར་མཁར་པ། འཇམ་ཁ་པ་དང་དཔལ་སྒང་པ། མང་ཐོས་ཀླུ་སྒྲུབ་དང་འབྲུག་ཁམས་སྤྲུལ་སོགས་ཀྱི་འགྲེལ་བ་དང་བསྡུར་ནས་གཏན་ལ་ཕབ་དགོས། དེ་དག་གི་འགྲེལ་སྟངས་ཅུང་མི་མཐུན་པ་རྣམས་ལའང་གྲུབ་མཐའི་ཕྱོགས་འཛིན་དང་ཅོལ་ཆུང་གི་ལིང་ཏོག་སེལ་ནས། འགྱུར་ལེགས་ཤིང་གོ་བདེ་བ། བརྡ་ཆད་ཚད་ལྡན་དང་འགྲེལ་བ་ཁ་གསལ་ཡིན་པའི་ལེགས་ཆ་རྣམས་གོང་བུ་གཅིག་ཏུ་བསྡུས་ནས་འགྲེལ་བཤད་དུ་བཀོད་པ་གལ་ཆེ། ཕྱིས་ཀྱི་མཁས་པ་ལེགས་སྦྱར་གྱི་སྐད་མི་མཁྱེན་པ་དང་། ཡང་ན་སྔ་འགྲེལ་ཤོང་དཔང་ནས་བརྒྱུད་པའི་སྒྲ་འགྲེལ་རྣམས་དང་གོ་མ་བསྡུར་བ། ཤན་སྦྱར་གྱི་འཁྲིད་གཞི་དང་བྲལ་ནས་འགྱུར་ཡིག་ཁོ་ནའི་སྟེང་འགྲེལ་བཤད་བྱེད་པ་རྣམས་ལ་རང་རེའི་བོད་ཀྱི་གོ་སྟོབས་དང་བག་ཆགས་ལྟར་སོང་བའི་གོ་བ་རྒྱ་གཞུང་དང་མི་མཐུན་པ་ཚད་ངེས་ཅན་རེ་འབྱུང་བ་ཡིན། ཁྱད་པར་དུ་མཁས་པ་གཅིག་གི་འཁྲིད་རྒྱུན་ཇི་བཞིན་བསྐྱངས་པ་རྣམས་ལ་ལོག་པར་འགྲེལ་བའི་སྣང་ཚུལ་ཅུང་མང་ཞིང་། ཕྱིས་སུ་མི་མཐུན་པ་རྣམས་ཤོག་ཁའི་རྩོད་གཞི་ལྟ་བུར་གྱུར་པ་མང་།


6.ཚིག་འགྲེལ་དོན་འགྲེལ་སྒྲ་འགྲེལ་གསུམ་སྣོལ་སྒྲིག་གི་སྒོ་ནས་འཆད་ཁྲིད་བྱེད་དགོས།


གཞུང་ཚིག་གི་ཚིག་འགྲེལ་དེ། ངེས་པར་དུ་མཁས་དབང་སྔ་མ་རྣམས་ཀྱིས་སཾསྐྲྀ་ཏའི་སྐད་ལས་དྲངས་པའི་ཚིག་རྒྱུན་གྱི་གོ་རིམ་མ་འཆོལ་བར། ཚིག་དོན་སྔ་གཞུག་སྦྲེལ་ལེགས་ཡོད་པའི་ངང་། ཐ་སྙད་ཀྱི་ངོ་གདོང་གི་གོ་བ་ལ་སྒྲོ་སྐུར་སྤངས་ཤིང་ཚིག་སྒོ་རེ་རེ་བཞིན་ཚིག་གསལ་གྱིས་འགྲེལ་དགོས། སྐབས་འདིར་ཚིག་ཕྲད་དང་ཚིག་གྲོགས། ཚིག་གསལ་རྣམས་འོས་འཚམ་སྦྱོར་དགོས་པ་དང་། དོན་འགྲེལ་སྤངས་ནས་ཚིག་རིས་གདོང་འདེད་ངང་ཐར་ཆགས་སུ་འགྲེལ་དགོས།

གཞུང་ཚིག་གི་དོན་འགྲེལ་དེ། ཚིག་རིས་ཀྱི་གདོང་འགྲེལ་ལས་འཕྲོས་ཏེ། དཔེ་སྟོན་མཚན་གཞི་འགོད་པ་དང་། དཔེ་བརྗོད་འགོད་པ། ལུང་ཚད་ལྡན་འདྲེན་པ། གཞུང་ལུགས་དང་གཏན་ཚིགས་ལ་བརྟེན་ནས་གསལ་བཤད་བྱེད་དགོས། དཔེར་ན།གཏམ་དང་བརྗོད་པལྟ་བུའི་ཐ་སྙད་ལ་དོན་འགྲེལ་བྱེད་སྐབས། གཏམ་ནི་དམངས་ཁྲོད་གཏམ་རྒྱུད་རྩོམ་ལུས་ཀྱི་ཚིག་སྡུད་ཡིན་པ་དང་། དཔེར་ན་ཕྱི་རོལ་རིག་བྱེད་གཏམ་རྒྱུད་གང་རུང་དང་། རིག་བྱེད་ལས་ཚངས་པའི་བུ་མོ་ཅི་ལྟར་བྱུང་བའི་ལྷ་སྒྲུང་ལྟ་བུ་དང་། བརྗོད་པ་ནི་རྟོགས་བརྗོད་དམ་རྣམ་ཐར་ཞེས་པའི་རྩོམ་ལུས་ཀྱི་ཚིག་སྡུད་ཡིན་པ་དང་། དཔེར་ན《མི་ལ་རས་པའི་རྣམ་ཐར》ལྟ་བུ། ཡུལ་དུས་དོན་རྐྱེན་མི་སྣ་རྣམས་ལོ་རྒྱུས་དངོས་ཡིན་པ་དང་། རྩོམ་པ་པོ་དངོས་སུ་ཡོད་པ་སོགས་དཔེའི་སྒོ་ནས་གསལ་བཤད་བྱེད་དགོས།(རང་རེའི་ནང་བ་མ་གཏོགས། ཕྱི་རོལ་པ་དང་མི་རིགས་གཞན་ལ་རྟོགས་བརྗོད་དང་རྣམ་ཐར་གཉིས་རྟོག་པ་མཐོ་དམན་དང་བྱེད་ལས་བཟང་ངན་གྱི་ཁྱད་འབྱེད་པ་མེད། ཕྱི་རོལ་ལྷ་ཆེན་བཞིའི་ལོ་རྒྱུས་རྣམས་ཀྱང་རྟོག་པ་མཐོ་དམན་དང་ལས་བཟང་ངན་གྱི་ཚུལ་ལས་འདས། དཔེར་ན་རྒྱ་མི་རིགས་ཀྱི་བསྟན་བཅོས་སུ་རྐུན་ཇག་རྣམས་ལའང་རྣམ་ཐར་ཞེས་པའི་ལོ་རྒྱུས་དེ་ལྟ་བུ་འབྲི་སྲོལ་ཡོད།) དེ་ནི་དེང་རབས་རྩོམ་ལུས་སྒྲུང་གཏམ་ཞེས་པའི་ཕྱི་མོ་ཡིན་པ་སོགས་དཔེའི་སྒོ་ནས་འཆད་དགོས། གཞན་ཡང་སྒོ་དང་གཞན་གྱི་སྒོ་སོགས་ཀྱང་དེང་རབས་རྩོམ་རིག་བརྩམས་ཆོས་དང་ཐ་སྙད་ཀྱིས་དཔེ་བསྟན་ནས། ངག་སྒོ་དང་པོ་ལ། རྩོམ་པ་པོའི་ངག་སྒོ་དང་། ངག་སྒོ་གསུམ་པ་ལ། མི་སྣ་གཙོ་བོ་དང་ཕལ་བ་བར་གྱི་ཁ་ཏ་ལབ་གླེང་གི་ངག་སྒོ་སོགས་ལ་དཔེ་སྦྱར་ནས་འཆད་དགོས་པ་ཡིན། དེ་ཡང་གཞུང་ཚིག་རྣམས་ཚིགས་བཅད་ཤོ་ལོ་ཀའི་ལམ་ནས་དྲངས་པས་ན་མིང་བརྡ་ཁ་ཚང་མ་ཤོང་ནས་ཚིག་རེ་རེས་ཆོག་པར་བྱས་པས་གཏམ་དང་བརྗོད་པ་ལྟ་བུ་གོ་དཀའ་བར་སོང་བ་སོགས་རྒྱུ་མཚན་དང་བཅས་ནས་འགྲེལ་བ་ལ་དོན་འགྲེལ་ཟེར།


ཚིག་བརླིང་བའི་སྒྲ་འགྲེལ་ལ་ནི། སྙིགས་དུས་ལེགས་སྦྱར་མཁྱེན་མཁན་ཧ་ཅང་ཉུང་བས་ན། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི《དབྱངས་ཅན་མགུལ་རྒྱན་བསྡུས་འགྲེལ》དང་། ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི《སྙན་ངག་གི་བསྟན་བཅོས་མགུལ་རྒྱན》། དཔང་ཊཱིཀ་སྟེ《རཏྣ་ཤྲཱིའི་རྒྱ་འགྲེལ》། དཔང་ལོས《དབྱངས་ཅན་མགུལ་རྒྱན》བསྡུས་འགྲེལ། དཔང་ལོའི《སྙན་ངག་མེ་ལོང་གི་ས་བཅད》། དཔང་ལོའི《སྙན་ངག་མེ་ལོང་གི་བསྟན་བཅོས་པདྨ་དཀར་པོའི་ཕྲེང་བ》། དཔང་ལོའི《སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་བ་གཞུང་དོན་གསལ་བ》། ཞ་ལུའི《སྙན་ངག་མེ་ལོང་ལ་འཇུག་པའི་མན་ངག་ཀུན་གསལ》།
ཞ་ལུའི《སྙན་ངག་མེ་ལོང་གི་གནད་བསྡུས་པ》། སྣར་ཐང་བའི《སངྒྷཤྲིས་མཛད་པའི་སྙན་ངག་མེ་ལོང་གི་བཤད་པ་བཀླགས་པའི་དོན་ཐམས་ཅད་འགྲུབ་པ》། སྣར་ཐང་བའི《དོན་རྒྱན་གསལ་བའི་མེ་ལོང་མཁས་པ་དགའ་བྱེད་འོད་ཟེར་འབུམ་ཕྲག་བརྒྱ་བ》 སོགས་གང་རུང་རྣམས་དང་། ཁྱད་པར་དུ་གོང་གསལ་འགྲེལ་ཆེན་ཚད་མ་རྣམས་ཀྱི་རིག་པའི་ཉིང་བཅུད་གཅིག་ཏུ་བསྡུས་པ་འབྲུག་ཁམས་སྤྲུལ་གྱི《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ》ལས་བྱུང་བའི་སྒྲ་འགྲེལ་རྣམས་ལ་ཚད་མར་བཟུང་ནས་གོ་བསྡུར་ཡོད་པའི་ངང་འཆད་པ་ཧ་ཅང་གལ་ཆེ་སྟེ། དེ་ལྟ་མ་ཡིན་པར་བོད་ཀྱི་འགྱུར་ཡིག་དང་། བོད་ཡིག་གི་ངོས་ནས་བག་ཆགས་སུ་སོང་བའི་གོ་དོན་གཅིག་པུའི་སྟེང་ནས་འཆད་ཁྲིད་བྱེད་པ་ལ་ཉེན་ཁ་ཤིན་ཏུ་ཚ་བ་ཡིན།


7.ཉེར་མཁོ་མ་ཡིན་པའི་རྒྱན་རྣམས་ཀློག་འདོན་དང་རང་སྦྱོང་སློབ་ཚན་དུ་འགོད་དགོས།


གཅིག་ནི《སྙན་ངག་མེ་ལོང》འདི་རྒྱལ་ཁབ་དང་མི་རིགས་གཞན་གྱི་རིག་གནས་སྲོལ་རྒྱུན་གྱི་ཁྱབ་ཁོངས་ཤིག་ཡིན་པ་དང་། གཉིས་ནི་འཁྲིད་སྟངས་དེ་ལོ་ངོ་སྟོང་དང་ཕྱེད་ཙམ་ཡར་སྔོན་གྱི་རིག་གནས་རྙིང་བའི་འཁྲིད་རྒྱུན་ཇི་བཞིན་བསྐྱངས་པ་དང་། གསུམ་ནི་ནང་དོན་རྣམས་དེང་རབས་སློབ་གྲྭའི་སློབ་སྐབས་དང་སློབ་ཐུན་བཀོད་སྒྲིག་གི་དུས་བཅད་དང་བསྟུན་དགོས་པའི་དབང་གིས། སྲོལ་རྒྱུན་ལྟར་ནང་དོན་ཁ་ཚང་དུ་འཁྲིད་པ་སྟབས་མི་བདེ་བས། དཎྜིའི་གཞུང་ཚིག་ཁ་ཚང་ཕལ་སྐད་ཀྱིས་གྱ་ནོམ་པར་བཀྲལ་ནས་བཀོད་པའི་རྨང་གཞིའི་སྟེང་། སློབ་སྐབས་དང་སློབ་ཐུན་གྱི་དུས་བཅད་ལྟར། སློབ་སྐབས་གཅིག་ལ་སློབ་དེབ་གཅིག་གི་ནང་དོན་རྫོགས་པར་འཁྲིད་པའི་རྩ་དོན་གཞིར་བཟུང་ནས། འཁྲིད་གཞིའི་ནང་དོན་དུ་འཇོག་མི་བདེ་བའི་ནང་དོན་སྐོར་ཅིག་ཀློག་འདོན་དང་རང་སྦྱོང་གི་སློབ་ཚན་དུ་བཀོད་སྒྲིག་བྱེད་པ་དང་། སྐབས་སུ་ཉེ་བར་མཁོ་ཞིང་ཐུན་མོང་གི་རིག་གནས་སུ་གཏོགས་པ། དེང་རབས་འདུ་ཤེས་དང་མཐུན་པའི་རྩོམ་རིག་ཁྱབ་ཁོངས་ཀྱི་རྒྱུན་ཤེས་རྣམས་འཁྲིད་གཞིའི་ནང་དོན་དུ་ངེས་པར་དུ་ཆ་ཚང་བར་བྱས་ནས། དགོན་སྡེ་དང་སློབ་གྲྭ། འཛིན་གྲྭ་མཐོ་འབྲིང་ཀུན་ལ་ཁྱབ་མཉམ་དུ་སྤྱོད་ཆོག་པའི་ཚད་གཞི་ལྟར་ནང་དོན་བཀོད་སྒྲིག་བྱེད་པ་གལ་ཆེ།

འདིར་ཉེར་མཁོ་ཞེས་པ་ནི་དེང་རབས་སློབ་འབྲིང་སོགས་ཀྱི་སློབ་གསོའི་སྒྲིག་གཞི་དང་སློབ་ལོ། སློབ་གསོའི་དམིགས་ཚད་དང་ནང་དོན་ཁྱབ་རྒྱ། སློབ་སྐབས་དང་སློབ་ཐུན་བཀོད་སྒྲིག་གི་དུས་ཚོད་སོགས་ཀྱི་མ་ལག་ལ་སྒོ་བསྟུན་པ་དང་། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་འདུ་ཤེས་དང་དངོས་ཡོད་བརྩམས་ཆོས་སྣ་ཚོགས་ཀྱི་གནས་བབ་དང་སྒོ་བསྟུན་པ། དེང་རབས་བོད་ཀྱི་སློབ་གྲྭའི་སློབ་གསོ་ཐད་དུ་སྲོལ་རྒྱུན་རིག་གནས་ཀྱི་ནང་ཚན་གང་དག་ལ་རྒྱུན་འཛིན་དང་ཤུགས་སྣོན་རྒྱག་དགོས་པ། འཛམ་གླིང་སྤྱི་འགྲོས་ཀྱི་རིགས་པའི་གཞུང་ལུགས་གང་དག་ནང་འདྲེན་དང་གཞོན་གསར་རྣམས་ལ་བག་ཆགས་འཇོག་དགོས་པ། རྩོམ་རིག་འདུ་ཤེས་དང་ཐ་སྙད་གང་དག་རང་རེའི་སྲོལ་རྒྱུན་རྩོམ་རིག་གི་གོ་དོན་དང་དོ་མཉམ་དུ་མཚམས་སྦྱོར་བྱེད་དགོས་པ། མི་རིགས་གཞན་དང་ཡང་ན་རང་གི་རྩོམ་རིག་ལས། རྩོམ་རིག་གི་འདུ་ཤེས་དང་ཐ་སྙད་ཀྱི་གོ་དོན་འགྲེལ་སྟངས་གང་དག་དུས་རབས་ལས་ཡོལ་ཟིན་པ་སོགས་ལ་གཞིགས་ནས། ད་ལྟའི་གསར་རྩོམ་ལག་ལེན་དང་ཐུན་མོང་གི་མཛེས་དཔྱོད་རེ་འདུན་དང་མི་འཚམ་པའི་ནང་དོན་རྣམས་སློབ་ཚན་གྱི་འཁྲིད་གཞི་དངོས་ཁྲོད་བཀོད་སྒྲིག་མི་བྱེད་པར། ཀློག་འདོན་སློབ་ཚན་དང་རང་སྦྱོང་སློབ་ཚན། ཟུར་ལྟའི་སློབ་ཚན་དང་གྲོས་བསྡུར་སློབ་ཚན་སོགས་སུ་བཀོད་སྒྲིག་བྱས་ནས། འཁྲིད་གཞིའི་ནང་དོན་དངོས་དེ་སྤྱི་ཁོག་གསལ་ཞིང་རྒྱན་གྱི་ཕུལ་རྣམས་ཟིན་པ། ནང་དོན་ཁ་ཚང་ཞིང་གཙོ་ཕལ་རྒྱས་བསྡུས་ཀྱི་གདམ་ཀ་འཚམ་པ། འགྲེལ་བཤད་རྣམས་དོན་འདུས་ཤིང་ཁ་གསལ་བ། རིག་གནས་ཀྱི་སྲོལ་རྒྱུན་དང་མཁས་པའི་ལེགས་བཤད་རྣམས་མ་བོར་བ་ཞིག་འབྱུང་བའི་ཆེད་དུ། རྩོམ་རིག་སྤྱིའི་རིགས་པའི་གཞུང་ལུགས་དང་ཆོས་ཉིད་བརྗོད་པ་དཀྱིལ་སྙིང་དུ་འཛིན་པ་དང་། དོན་རྒྱན་སོ་ལྔ་སོགས་འབུར་ཐོན་དུ་འགྲེལ་བ། དུས་རབས་དང་མི་རབས་དབང་གིས་ལག་ལེན་དུ་བསྟར་དཀའ་བ་དང་། སྲོལ་རྒྱུན་འདུ་ཤེས་དབང་གིས་མཛེས་དཔྱོད་རིན་ཐང་གི་གཞལ་བྱར་མ་གྱུར་པ་རྣམས་ཀློག་འདོན་དུ་བཀོད་སྒྲིག་བྱེད་པ་སྟེ། ཐུན་མིན་རྒྱན་བཅུ་དང་། སྦྱར་རྒྱན་ཁ་ཚང་། སྦྱར་བའི་ཡོན་ཏན་གྱི་རྒྱན། བྱ་དཀའ་བའི་ཟུང་ལྡན། གབ་ཚིག་གི་རྒྱན། བ་ལང་གཅིན་དང་ཀུན་འཁོར་ལ་སོགས་པ་རྣམས་རང་སྦྱོང་གི་སློབ་ཚན་དུ་བཀོད་སྒྲིག་བྱེད་དགོས།


8.རྩོམ་གཞུང་གི་སློབ་ཁྲིད་དུ་སྒྱུ་རྩལ་དང་མཛེས་དཔྱོད་ཁྱད་ཆོས་བླ་ལྷག་ཏུ་མཚོན་དགོས།


མདོར་ན་རྩོམ་རིག་དེ་སྦྲང་རྩི་སྤྱོད་པས་སྦྲང་རྩི་ཇི་བཞིན་རང་མོས་དང་སྤྲོ་སེམས་ཀྱིས་འཇུག་པར་བྱེད་པ་མ་གཏོགས། གཞན་དབང་བཙན་གྱིས་གཟུད་དགོས་པའི་འཇུག་ཡུལ་ཞིག་མ་ཡིན་པར་གཞིགས་ན། རྩོམ་རིག་དེ་རྩོམ་ལུས་དང་བརྗོད་བྱ། སྐད་བརྡ་དང་དགོངས་གཞི་བཞི་གའི་ཆ་ནས་མཛེས་དཔྱོད་ངོ་བོ་དང་སྒྱུ་རྩལ་མཐུ་ནུས་ལྡན་པ་དག་ཡིན་དགོས། དེ་བས་རྩོམ་རིག་གི་ཐབས་ལམ་ནི་སྒྲོ་འདོགས་དང་རབ་རྟོག་སོགས་འཁྱོག་བརྗོད་ཀྱི་ཐབས་ལ་བརྟེན་ནས་ཀློག་པ་པོའི་སེམས་ཀྱི་དང་བ་འགུག་པ་དང་། སྒྲ་འཛིན་བདུད་རྩིའི་རོ་དང་འགྲོགས་པར་བྱེད་པ། འཁོར་བའི་དུཿཁཾའི་སྐྱོ་ངལ་སེལ་བ་སེམས་ལ་སྨན་གསོ་བྱེད་མཁན་སྨན་པ་ལྟ་བུ་ཡིན་པས། རྩ་བ་ལས་ཀྱང་། སྒྲུབ་བྱེད་བསྟན་པའི་ལམ་འདིས་སྐྱོན་དང་ཡོན་ཏན་དག ། རབ་ཏུ་རྟོགས་པའི་བློ་ཅན་སྐལ་བཟང་དབང་གྱུར་པའི།། ཚིག་དང་མངོན་པར་འགྲོགས་བྱས་ཆང་མིག་མ་དག་དང་།། ལང་ཚོ་ཅན་བཞིན་དགའ་དང་གྲགས་པ་ཐོབ་པར་འགྱུར།། ཞེས་རྩོམ་རིག་གི་ངོ་བོ་དང་རིན་ཐང་། བྱེད་ལས་དང་ནུས་པ་དེ་དགའ་སྤྲོ་འཆར་གཡེང་སོགས་སྒྱུ་རྩལ་གྱི་མཛེས་དཔྱོད་རིན་ཐང་དང་། ཡིད་ཀྱི་དང་བ་འདྲེན་པའི་མཐུ་ནུས་སྟེང་དུ་འཇོག་དགོས་པ་ཡིན།

འཇིག་རྟེན་འཁོར་བའི་ཡན་ལག་ཆ་ཚང་མཚོན་པ་སྟེ་འཇིག་རྟེན་ཆོས་བརྒྱད་ལ་བསྟོད་པའི་རིག་གནས་འདི་ལརྩོམ་རིགགི་རིག་པ་ཞེས་པའི་ཤེས་བྱའི་ཚན་ཁག་གི་གོ་གནས་ཤིག་སྟེར་རྒྱུ་དེ་ཤིན་ཏུ་གལ་ཆེ་སྟེ། སྲོལ་རྒྱུན་གྱི་དབྱེ་སྟངས་ལྟར་ན། སྙན་ངག་གམ་ཚིགས་སུ་བཅད་པ་ཤོ་ལོ་ཀའི་རྩོམ་ལུས་ཀྱི་མིང་གི་གོ་དོན་ནང་དུ་རྩོམ་རིག་གི་ཁྱབ་ཁོངས་ཡོངས་སུ་རྫོགས་པ་ཤོང་མི་ཐུབ་པ་དང་། སྔོན་གྱི《སྙན་ངག་མེ་ལོང》གི་རྩ་འགྲེལ་རྣམས་སུསྙན་ངགཅེས་པ་སྒྲ་རིག་པའམ་ཡང་ན་བཟོ་རིག་པའི་རིག་ཚན་དུ་བསྡུས། འབྲུག་ཁམས་སྤྲུལ་གྱིས་ཀྱངའདི་ཉིད་རིག་པའི་གནས་ལྔར་བསྡུ་བའི་ཚེ་ན་བཟོ་རིག་པའི་ནང་ཚན་ངག་བཟོའི་གཙོ་བོར་གཏོགས། ཁ་ཅིག་གིས་སྒྲ་རིག་པའི་ནང་དུ་འདུ་ཟེར་ཡང་མི་འཐད་དེ།ཞེས་དང་། བསྟན་བཅོས་འདི་བཀའ་བསྟན་འགྱུར་སོགས་ཀྱི་དཀར་ཆག་ཏུ་བཀོད་པ་ནའང། 《སྙན་ངག་མེ་ལོང》དང་མངོན་བརྗོད། བརྡ་སྤྲོད་རྣམས་མཉམ་དུ་སྒྲ་རིག་པའི་ནང་ཚན་དུ་བསྡུ་བ་ཡིན། དེས་ན་སྲོལ་རྒྱུན་གྱི་དབྱེ་སྟངས་ལ་རྩོམ་རིག་བྱ་བའི་རིག་གནས་ཀྱི་ཚན་ཁག་གི་གོ་གནས་ཤིག་མེད་པ་དེ་ཤེས་དགོས།

རྩོམ་རིག་དེ་ཐོག་མ་འཇིག་རྟེན་དུ་བྱུང་བའི་སྐབས་སུ་ཤེས་བྱའི་ཚན་ཁག་གི་རྣམ་པ་ཅི་འདྲ་ཡིན་པ་དང་། དེ་ལ་བརྟེན་པའི་རིག་གནས་སམ་དེའི་ནང་དོན་དུ་གྱུར་པའི་བརྗོད་བྱ་གང་ཡིན་ན་དེ་ནི་རིག་གནས་དེ་ཉིད་ཀྱི་ངོ་བོ་དང་བྱེད་ལས་དངོས་ཡིན། དེས་ན་རྩོམ་རིག་ཏུ་འབོད་པའི་རིག་པའི་གནས་འདི་འཛམ་གླིང་ཁོར་མོ་ཡུག་ལ་ཆ་བཞག་ནས་བཤད་ན། ཆེས་ཐོག་མ་ནི་སྙན་ངག་ཅེས་པ་གླུ་དང་གཞས་ཀྱི་རིགས་འདི་བྱུང་ཞིང་། དེའང་ཚིགས་སུ་བཅད་པ་དབྱངས་རྟར་དྲངས་ནས་འདྲེན་པའི་རྩོམ་ལུས་ཅན་དང་། བརྗོད་བྱ་ཕོ་མོའི་བརྩེ་དུང་དང་འདོད་འདུན་འཁྱོག་བརྗོད་ལ་སྦྱར་ནས་སྟོན་པའི་ཆ་ནས་བརྗོད་བྱ་འཇིག་རྟེན་འཁོར་བ་སྤྲོ་སྐྱེད་ཀྱི་ངོ་བོ་མཚོན་ཡོད་ལ། ཕྱིས་སུ་སྒྲུང་དང་སྒྲུང་རྒྱུད་སྣ་ཚོགས་བྱུང་བའང་འཇིག་རྟེན་འཁོར་བའི་ཡན་ལག་སྟེ་འཇིག་རྟེན་ཆོས་བརྒྱད་ལ་བསྟོད་པ་ཁོ་ན་གཙོ་བོར་བརྗོད་པའི་ཆ་ནས་རྩོམ་རིག་གི་ངོ་བོ་དང་བྱེད་ལས་མངོན་པར་མཚོན་ཡོད། དེ་ཡང་མིའི་རིགས་ཀྱི་མཛེས་དཔྱོད་སེམས་ཁམས་དང་སྒྱུ་རྩལ་གྱི་རིག་པ་གོང་དུ་འཕེལ་བའི་དབང་གིས། མི་རྣམས་ལ་དགའ་སྤྲོ་འཆར་གཡེང་གི་མཛེས་དཔྱོད་ཀྱི་སྒྱུ་རྩལ་འདུན་པ་སྐོང་བའི་རིག་པའི་ཚན་ཁག་ཅིག་ལོགས་སུ་བྱུང་ལ། དེ་དང་མཐུན་པའི་སྒྱུ་རྩལ་གྱི་རྩོམ་རིག་གི་བརྩམས་ཆོས། དེ་དག་གི་ཆེད་ལས་སྒྲུབ་པའི་སྒྱུ་རྩལ་པའི་གང་ཟག་གི་ཚོགས་པ། སྒྱུ་རྩལ་ཚན་ཁག་དེ་དག་ལའང་རང་རང་གི་རིག་པའི་གཞུང་ལུགས་སོགས་བྱུང་བ་ཡིན།

དེས་བས་ང་ཚོས་རྩོམ་ལུས་ཀྱི་གདོད་མའི་རྣམ་པ་དང་གཉུག་མའི་བརྗོད་བྱ་ལ་རིགས་འདེད་བྱས་པས་རྩོམ་རིག་གི་ངོ་བོ་དང་བྱེད་ནུས་ཀྱང་བརྩད་ཆོད་པ་ཡིན་ལ། འདི་ནི་རྩོམ་རིག་སྒྱུ་རྩལ་དང་རྩོམ་རིག་སྒྱུ་རྩལ་མ་ཡིན་པའི་མཛེས་དཔྱོད་རོ་ཉམས་ཀྱི་ཁྱད་པར་ཡིན། གཏམ་རྒྱུད་དང་རྣམ་ཐར་སོགས་མཛེས་དཔྱོད་ཀྱི་ཁྱད་ཆོས་ལྡན་པའི་རྩོམ་ལུས་སུ་མ་བཅུག་པ་དང་། ཞིབ་འབྲི་དང་འཁྱོག་བརྗོད་སོགས་སྒྱུ་རྩལ་སྐད་བརྡའི་ཁྱད་ཆོས་དང་བྲལ་བ་ཡིན་ན། དེ་དག་ནི་ཆོས་ལུགས་དང་ཆབ་སྲིད་ཀྱི་གཞུང་བཤད་ལྟ་བུ་ལས་རྩོམ་རིག་གི་བརྩམས་ཆོས་སུ་ནམ་ཡང་མི་འགྲོ་བ་ཡིན། དེ་བས་རྩོམ་རིག་གི་སྒྱུ་རྩལ་ནི་སྒྱུ་རྩལ་མིག་རྒྱང་གིས་མཐོང་བའི་དངོས་པོ་དེ་ལ། སྒྱུ་རྩལ་བསམ་གཞིག་གིས་དཔྱད་པ། སྒྱུ་རྩལ་གྱི་སྐད་བརྡ་ལ་བརྟེན་ནས་འགྲེལ་བ། སྒྱུ་རྩལ་རྟོག་བློ་ཡི་རོལ་མྱོང་ལ་བརྟེན་ནས་རིན་ཐང་མངོན་འགྱུར་བྱེད་དགོས། །

(དཔྱད་རྩོམ་འདི་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཐེབས་རྩའི་ལས་གཞི[15BZW187诗镜五种梵藏合璧版本的研究与校勘]ཞེས་པའི་ནང་ཚན་བསྡུས་ནས་བཀོད་པ་ཡིན།)


 《དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས》ཐུབ་བསྟན་ཆོས་དར། རྒྱ་གར་ཕྱག་བྲིས་མ། 1979ལོའི་ཟླ10 P96

 《梵语文学史》金克木,江西教育出版社1999年9月。P404




རྩོམ་ཡིག་སྔོན་མ།
སེམས་ཁོང་གི་མར་མེ་ཚེ་འབར།
རྩོམ་ཡིག་རྗེས་མ།
2016ལོའི་དེབ་4པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1