གྱི་ལིང་བྱ་དམར།

ཁང་གསར་ཚེ་དབང་རིག་འཛིན། (མགོ་ལོག) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་དཀར་རི་བོ། སྤེལ་དུས། 07-14


གཅིག

ང་དང་ཐོག་འཇིག་རྟེན་འདིར་སྐྱེ་དུས་ནི་དཔྱིད་ཀྱི་དཔལ་མོ་རྣམ་པར་བཞད་པའི་དུས་ཚིགས་ཤིག་སྟེ། ཁྱི་ཟླའི་སྨད་ཀྱི་ས་གཞི་ལ་དྲོད་ཁོལ་གསར་བ་རྒྱས་ཤིང་། ང་ཚོའི་ཁ་ཟས་རྩྭ་སྐྱའི་རྟིང་པར་གསོན་ཤུགས་བརྟས་ནས་རྩྭ་རྟིང་སྔོན་པོས་རྩྭ་རྩེ་སྐྱ་བོ་ཡར་ཕུད་ནས་པོ་ཐོ་སོགས་“ཁ་སེ་”འམ་“ཁ་དཀར་”ཞིག་ཏུ་བཏང་བས་མི་ཚོས“ཁྱི་པོ་ཐོ་ཁ་སེ་”རུ་འབོད་ཀྱིན་ཡོད་པའི་དུས་དེ་རེད། ཡིནའང་དུས་དེ་ལ་དེ་ལྟར་འབོད་པ་ང་ལག་ཆགས་རྗེས་མ་རྟོགས་མ་ཤེས། ཨ་མས་ང་ལ་བུ་དུང་ཆེན་པོའི་སྒོ་ནས་ཁ་དང་མིག་ལ་བསྟུད་མར་ལྡག་ལྡག་བྱེད་པ་དང་། ལུས་ཡོངས་ཀྱི་འདག་འདག་རློན་ཆབ་བེ་དེ་ཡོངས་རྫོགས་ཤུགས་ཀྱིས་ལྡག་གིན་འདུག འོད་ཀྱི་ཁམས་ཆེན་པོ་དེས་ངའི་མིག་ལ་གཙེས་དྲག་པས་ཡང་ཡང་འབྱེད་བཙུམ་བྱེད་དགོས་བྱུང་བ་དང་གྲང་རླུང་ཆེན་པོས་བཅུམ་པས་ངའི་ལུས་པོ་ལྕུག་ཕྲན་རླུང་གིས་བསྐྱོད་པ་ལྟར་འདར་སིག་བརྒྱབ། མེ་ཕུང་དམར་པོ་ལྟ་བུའི་ཨ་མའི་ལྕེ་ཡིས་ངའི་གྲང་ཚོར་ལ་འགོག་རྒོལ་ནན་མོ་བྱས་པ་མིན་ན་ང་འཁྱག་ནས་བརྒྱལ་ཡོད་ཀྱང་སྲིད། གང་ལྟར་ང་འགྱེལ་མ་ལངས་ཀྱིས་ཨ་མའི་ནུ་མ་འཚོལ་བའི་སྐབས་སུ་བྱིས་པ་དང་རྒན་མོ་འགའ་འོང་ནས་ང་དང་ཨ་མའི་མཐའ་བསྐོར་ཏེ་དགོད་འཚེར་འཚེར་གྱིས་ཅི་ཞིག་བརྗོད་ཀྱིན་གདའ། ང་འཇིག་རྟེན་འདིར་བདེ་བླགས་ངང་སྐྱེས་སོང་བས་ཁོ་ཚོས་དགའ་འབོད་བྱེད་ཀྱིན་ཡོད་ཚོད་འདུག བྱིས་པ་ཚོས་ང་ལ་སྙིང་རྗེ་རྗེའི་ངང་ནས་རེག་འདོད་ཀྱིན་ཡོད་མོད། ངའི་ཨ་མས་སྣ་ནང་ནས་ཧུར་སྒྲ་སྒྲོག་པ་དང་རྣ་བ་བསྙལ་ནས་ཁོ་ཚོ་ངའི་ཟུར་ལ་བཏུད་དུ་མི་འཇུག ངའི་དྲིན་ཆེན་ཨ་མས་“ཨ་མའི་གཅེས་ཕྲུག་ཡར་ལ་ལོངས། འོ་སྤྲི་ནུས་ཤིགས། མི་ཞ་བོ་རེད། ཁྱི་ལོང་བ་རེད། ང་ཚོ་ནི་དེ་འདྲའི་ཐབས་རྡུགས་ཤིག་ག་ལ་ཡིན། ཨ་མའི་གཅེས་ཕྲུག་ཡར་ལ་ལོངས།” ཞེས་བརྩེ་བའི་གཏམ་དང་ཁོག་དཔུང་བསྐྱེད་དུ་བཅུག་པས་ང་འཁྱར་མ་འཁྱོར་གྱིས་ཡར་ལ་ལངས་ཐུབ་པའི་མི་ཚད་ཞིམ་ཞིང་མངར་བའི་ཨ་མའི་འོ་སྤྲིའང་ནུ་ཐུབ་སོང་།

དཔྱིད་གསུམ་ས་གཞིའི་རྩི་ཏོག་ཤུགས་ཆེན་པོས་རྒྱས་པ་ལྟར་ང་ཉིན་རེ་དང་ཞག་རེར་ལག་ཆགས་ནས་སྤང་མེ་ཏོག་ཐང་ནས་རྩེད་ལྡིང་གི་རི་མོ་བྲིས་ཤིང་། ཞིམ་མངར་ཨ་མའི་ནུ་ཞོ་ལ་རོལ་ནས་སེམས་སྣང་བ་ཨ་སྔོན་དགུང་ལ་སྤུར། བང་ཁ་གློད་དེ་རྨིག་བཞིས་མེ་ཏོག་གི་མཆོད་པ་འཕངས།

ངའི་མཆུ་ཏོ་དང་མིག་གཉིས་ཀྱི་མཐའ་སྐོར། རྣ་བ་ཟུང་གི་ནང་ངོས། རྨིག་བཞི་ཙམ་མ་གཏོགས་ལུས་ཡོངས་ཀྱི་ཁ་མདོག་དམར་པོ་མཚལ་གྱིས་བྱུགས་པ་ལྟ་བུ་ཞིག་ཡིན་པས་ང་ཚོའི་བདག་པོ་ཚང་གིས་ང་ལ་“གཡང་ཁམ་ཆུང་”ཞེས་གཅེས་མིང་ཞིག་བཏགས་པས་ཨ་མ་ཡང་དགའ་ནས་“ཨ་མའི་གཅེས་ཕྲུག་ཁྱོད་ནི་ང་ཚོའི་ཁྱིམ་བདག་ཚང་ལ་ཕྱྭ་གཡང་འགུགས་བྱེད་ཅིག་ཡིན་ལ། ང་ཚོ་གཉེན་ཉེ་འབྲེལ་གྱི་ཁྱུ་འདི་ལའང་བུ་གཡང་གི་འབོད་བརྡ་ཞིག་ཡིན།”ཞེས་ངའི་འཕོངས་ལ་ལྕེ་ཡིས་ལྡག་ལྡག་བྱེད་ཅིང་བྲང་གི་འོག་ཏུ་བཅུག་ནས་ལུས་དྲོད་སྦྱིན།

ང་ཚོའི་ཁྱིམ་གཞིས་ཆུང་ཆུང་འདིར་གཉེན་ཉེ་བཅུ་སྐོར་ཞིག་འདུག་པ་ཚང་མས་ང་ལ་དགའ་བོ་བྱེད། ང་བཙས་ནས་ཟླ་གཅིག་ཙམ་གྱི་རྗེས་སུ་ཨ་མའི་ཨ་ཅེ་སྟེ་ངའི་ཨ་ནེ་རྐྱང་མོ་མཚེའུ་དཀར་རྟའི་སུག་བཞི་གང་རུང་གི་རྨིག་པའི་མཚམས་ནས་སྤུ་མདོག་དཀར་པོ་ཅན་ལ་ཟེར།མ་ལའང་རྟེའུ་ནག་ནག་སུག་དཀར་སྙིང་ལ་རྗེ་བོ་ཞིག་བཙས། ང་ལ་རྩེད་གྲོགས་ཤིག་སླེབས་པ་དེས་དགའ་སྤྲོ་ཁོག་ཏུ་མ་ཆུད་པར་ས་ལྡིང་གནམ་ལྡིང་བྱས་ནས་ཅུང་མིན་བྱམས་ས་ཤུར་དང་གད་ཤུར་ཆེན་པོ་སོགས་གཡང་སའི་མིང་།ཆེན་པོ་ཞིག་གི་ཁ་ནས་ལྷུང་། ཨ་མས་ང་ལ་རྗེས་སོར་ས་གང་ཞིག་བརྒྱུད་ཀྱང་རང་གི་རྡོག་ལམ་ལ་མཉམ་འཇོག་བྱེད་དགོས་པའི་ཁ་ཏ་གནང་། ཨ་ནེའི་ཕྲུ་གུ་ངེད་གཉིས་ཀྱིས་རི་སྒང་ཤོད་གསུམ་ནས་མཆོང་ལྡིང་བང་གློད་གར་གྱི་རྩེད་མོ་སྣ་ཚོགས་བརྩེས་ཏེ་ཧ་ཅང་སྐྱིད་པོ་བྱུང་ཞིང་ངེད་ཚང་གི་ཁྱིམ་རྒྱུད་འདི་ལའང་བདེ་སྐྱིད་ཀྱི་དྲོད་ཁོལ་གསར་བ་ཞིག་སྦྱིན། ཡིན་ནའང་ཨ་མས་བཤད་ན་ང་སྐྱེས་པའི་ཐོག་མའི་མཚན་མོ་དེར་སྦྲ་ནང་ནས་ཁྱིམ་བདག་ཚང་གིས་ནུབ་ཟས་ལ་རོལ་བཞིན་ཁ་བརྡ་བྱེད་ཀྱིན་པ་ཐར་ཐོར་རེ་ཐོས་པར། ང་ནི་འབྲོག་སྡེ་གོང་མའི་ཁྱིམ་ཚང་ཕྱུག་པོ་ཚང་ཞིག་གི་“གཡུ་བྱ་རྟེའུ་སྔོན་”དུ་འབོད་པའི་གསེབ་མིང་གྲགས་ཅན་དེའི་རྒྱུད་པ་ཡིན་ལ། མ་རྟ་གོམ་ལག་ཅན་ཞིག་དང་གསེབ་དེའི་རྒྱུད་པ་ནི་འགྲོས་གོམ་ལག་རླུང་གི་འཕྲུལ་འཁོར་ཅན་ཞིག་ཡིན་པར་ཐེ་ཚོམ་མི་དགོས་ཞེས་ཟེར་སྲོལ་ཡོད་པས། ངེད་ཚང་གི་“གཡང་ཁམ་ཆུང་”འདི་ནི་“རྒྱུག་རྟ་”མིང་དུ་གྲགས་པ་ཞིག་འོང་རྒྱུར་ཐེ་ཚོམ་མེད་ཅེས་སོགས་ཁ་བརྡ་བྱེད་ཀྱིན་འདུག་ཟེར། ཁྱིམ་བདག་ཚང་གི་ཁ་བརྡ་དེས་ངའི་ཨ་མ་སེམས་ཁུར་ཆེན་པོ་ཞིག་ལ་གཏད་འདུག་པས། མོས་ངའི་རྔོག་ཆུང་དུ་ལྡག་ལྡག་བྱེད་ཀྱིན་“ངས་གསེབ་དེ་དང་འདོད་མཐུན་བྱས་པར་འགྱོད་པ་ཧ་ཅང་ཆེ་”ཟེར། “དོན་ངོ་མ་བཤད་ན་ངས་བསམ་བཞིན་དུ་དེ་ལྟར་བྱས་པའང་ག་ལ་ཡིན་ཏེ། ན་ནིང་སོས་ཀའི་ཉིན་ཞིག་ལ་ཁྱིམ་བདག་གིས་ཞོགས་པར་ང་རྟ་ཁྱུ་དང་མཉམ་དུ་མ་ཕུད་པར་མགོ་ལ་སྲབ་བཞག་ཅིང་ཁོ་རང་ངའི་ཨ་བུ་ཁམ་ནག་ལ་ཞོན་ཏེ་འབྲོག་སྡེ་གོང་མའི་ནང་དུ་ཁྲིད། དེ་བ་ཚང་གི་ཁྱིམ་བདག་དང་སྔོན་ནས་གྲོས་མོལ་བྱས་ཡོད་ཤག་སྟེ་ཁོ་ཚང་གིས་དགའ་བསུ་དང་ལེན་གྱི་སྒོ་ནས་ང་རང་ཁོ་ཚང་གི་རྟ་ཁྱུ་རུ་ཕུད། ངས་རང་གི་མགོ་ནས་སྲབ་བླངས་མ་ཐག་ཏུ་སྐད་ཅིག་ཉིད་ལ་རང་གི་རྟ་ཁྱུར་རྒྱུག་པར་བརྩམས་མོད། རྔ་རྔོག་མཐུག་ཅིང་རིང་ལ། ཐོང་ག་ཆེ་ཞིང་མགོ་འཕངས་མཐོ་བའི་གསེབ་བྲ་ནག་དེས་ང་གོམ་གང་ཡང་འགྲོ་རུ་མ་བཅུག་པར་ཁོའི་རྟ་ཁྱུའི་ནང་དུ་བཙུད། རྟ་ཁྱུ་དེའི་ནང་དུ་རྒོད་མ་མང་པོ་འདུག ངའི་མོ་སྒོ་མི་ཆོག་རྒྱུ་མེད་པ་དང་གསེབ་བྲ་ནག་གིས་ང་ལ་དགའ་དགའ་བྱེད་པས་རྒོད་མ་འགས་ང་ལ་ཕྲག་དོག་གིས་མི་དགའ་བའི་རྣམ་འགྱུར་མང་པོ་སྟོན་པར་བྱེད། ཡིན་ནའང་གསེབ་བྲ་ནག་གིས་ཁ་ཡ་མི་བྱེད་པར་ང་ལ་ཤིན་ཏུ་དགའ་བོ་བྱེད་ཅིང་འདོད་པའི་རྣམ་འགྱུར་ཅི་ཡང་སྟོན། དུས་ཚིགས་དེར་ང་ལའང་འདོད་པ་ཅུང་རྒྱས་སྒང་ཡིན་མོད་གསེབ་བྲག་ནག་གི་ལུས་བོང་ཧ་ཅང་ཆེ་བས་ང་ལ་སྐྲག་སྣང་བྱུང་། ཡིན་ནའང་ཁོས་བསམ་དབང་དྲན་དབང་མི་སྦྱིན་པར་འདོད་པ་དྲག་པོ་རོལ་བར་བྱེད། དེ་ལྟར་ཉིན་གསུམ་གྱི་རྗེས་ནས་ངེད་ཚོའི་ཁྱིམ་བདག་ཐོན་ནས་ང་རང་ཡུལ་དུ་ཁྲིད་འོང་། ང་ཁྲིད་ཁར་གསེབ་བྲ་ནག་སྟེ་ཁྱོད་ཀྱི་ཨ་ཕས་ངའི་ཕྱོགས་ལ་བལྟས་ནས་འཚེར་སྐད་ཡང་ཡང་སྒྲོག་པ་དང་དོན་མེད་དུ་ཁོའི་རྟ་ཁྱུ་དཀྲུག་སྐོར་བྱེད་ཀྱིན་པ་ངས་མཐོང་།” ཨ་མས་ང་ལ་ངའི་ཨ་ཕའི་སྐོར་གྱི་དོན་དག་དེ་དག་འཆད་ཀྱིན་དབུགས་རིང་རེ་ཤོར་འགྲོ། ང་འཇིག་རྟེན་འདིར་སྐྱེས་དུས་ནས་ཨ་ཕ་ཞེས་པའི་བརྩེ་བརྩེ་གནང་མཁན་ཞིག་ཕར་ཞོག་མིག་གིས་ཀྱང་མཐོང་མ་མྱོང་བས་“གཡུ་བྱ་རྟེའུ་སྔོན་”དུ་འབོད་པའི་གསེབ་བྲ་ནག་དང་“རྒྱུག་རྟ་”ཞེས་པ་སོགས་ལ་གོ་བ་ཅི་ཡང་མི་ལོན་པས་ཨ་མའི་སྐད་ཆ་དེ་དག་ལ་དོ་སྣང་མ་བྱས་པར་ཞིམ་མངར་ལྡན་པའི་ཨ་མའི་ནུ་མར་རོལ་ཞིང་། རྩེད་ལྡིང་གིས་དུས་འདའ་བ་ཡིན། དགོང་མོ་རེ་རེར་ཁྱིམ་བདག་ཚང་གི་བྱིས་པ་དེ་ང་ཚོ་རི་ནས་ཕབ་པར་འོང་སྐབས་སུ་ཁོས་“རྟ་འདོ་བ་མཚོ་ཁའི་མེ་ཏོག་རེད།། དེའི་རྟ་རྫི་མཚོ་ནང་ནོར་བུ་རེད།།་་་་་་”ཅེས་རྫི་གླུ་སྙན་མོ་དབྱངས་སུ་འགུགས་པས་ན་ང་རང་དེ་བས་སྐྱིད་པོ་བྱུང་ནས་རྔ་མས་འཕྲུ་བྱེད་ཀྱིན་རྟ་ཁྱུའི་གཡས་གཡོན་མདུན་རྒྱབ་ཏུ་བང་གློད་ནས་རྩེ་བཞིན་སོང་། ང་རང་རྟེའུ་ཡིན་པའི་ལོ་ངོ་གཅིག་པོ་དེར་དབྱར་གསུམ་ཐོག་འབྲུག་གློག་གསུམ་གྱི་ཟེར་ཁ་ལས་ཆར་ཆུའི་མཚོ་མོ་བསྐྱིལ་ཞིང་། དགུན་གསུམ་ཙག་བསེར་བུས་བསྡམས་པའི་ཁ་རླུང་འཚུབ་མ་ཇི་ལྟར་རྒོད་ཀྱང་། མ་དྲིན་ཆེན་གྱི་བྱམས་སྐྱོང་དྲོད་ཁོལ་གྱི་འོག་དང་། རང་ཉིད་ལ་མ་འོངས་པའི་ལམ་བུར་འདང་རྒྱག་གི་གནོན་ཤུགས་གང་ཡང་མེད་པས་མཐོ་སྒང་འདིའི་དུས་བཞིའི་འགྱུར་བག་ཇི་ལྟར་རྒོད་ཀྱང་དེ་ལ་གདོང་གཏོད་རྒྱུར་སེམས་ངལ་ཅི་ཡང་མ་བྱུང་བར་ཉིན་རེ་ལས་ཞག་རེར་ལུས་སྟོབས་རྒྱས་ཏེ་ནར་སོན་དང་སོན་བཞིན་ཡོད།

ང་རང་བ་ལ་སྟེ་ལོ་གཉིས་ཀྱི་ཐོག་ཏུ་ཁྱིམ་བདག་གིས་གསར་བུ་ཁ་ཤས་བོས་ཏེ་འབྲེང་འགུགས་བཞག་ནས་ངའི་ལག་པ་གཡས་པའི་རྨིག་པར་བསྐོན་ཞིང་། ཁོ་ཚོས་ཤེད་ཅི་ཡོད་ཀྱིས་འཐེན་པས་ང་རྟ་མཁོང་གི་མར་གཤམ་དུ་རྡུལ་འཕྱུར་རེར་ཐངལ་བརྡབ་སོང་། དེ་དང་དུས་མཉམ་དུ་ཁོ་ཚོ་བྱ་རྒོད་ཐེད་ལ་རུབ་པ་ལྟར་ངའི་ལུས་ཡོངས་ནས་མནན། ང་ཤིན་ཏུ་སྐྲག་སྟེ། འཚེར་སྐད་ལྷང་ལྷང་ངང་ཨ་མར་བོས་ཤིང་ཤུགས་ཀྱིས་འཕག་ནའང་མི་དེ་ཚོ་རི་རབ་ལྟར་ལྕི་བས་ལངས་མ་ཐུབ། ཁོ་ཚོས་ངའི་རྔོག་མ་ཇེ་ཐུང་དུ་བཏང་བ་དང་རྔ་མར་རི་མོ་རིམ་པ་གཉིས་ཕབ་པ་ཞིག་བྲེག རྔོག་ཆུང་རིང་ཙམ་བསྐྱུར་བ་དེའི་ནང་དུ་ཕུར་མདུད་ཅིག་བཏགས་ཞོར་“གཡང་ལ་བོ། གཡང་སྟོང་གིས་སྲུང་རྒྱུ་བོ། གཡང་ལ་བོ། གཡང་སྟོང་གིས་སྲུང་རྒྱུ་བོ།”ཞེས་བརྗོད་ཀྱིན་འདུག ཁོ་ཚོས་ང་གློད་མ་ཐག་ཏུ་འཕག་མཆོང་གཅིག་གིས་ཡར་ལངས་སྟེ་འཚེར་སྐད་འདོན་གྱིན་ཨ་མའི་འགྲམ་དུ་བརྒྱུགས། ཨ་མས་ང་ལ་བུ་དུང་བྱེད་ཀྱིན་“གཅེས་ཕྲུག་སྐྲག་དགོས་པ་མ་རེད། རྟེའུ་དང་བ་ལ་ཡིན་དུས་ནི་ང་ཚོ་ཚེ་གཅིག་གི་ནང་གི་ཆེས་སྐྱིད་དུས་རེད། མི་ཚོས་བཀོལ་སྤྱོད་ལྟ་ཅི། མགོ་ལ་སྲབ་ཙམ་དང་། རྐང་ལ་སྒྲོག་ཙམ་ཡང་རྒྱག་པའི་དཔེ་མེད། དེ་རིང་ཁོ་ཚོས་ཁྱོད་ཀྱི་རྔ་རྔོག་ལ་ཡག་ལས་བྱས་ཤིང་། རྔོག་ཆུང་ནང་དུ་མདུད་པ་བཏགས་པ་དེ་ནི་ཁྱོད་ལ་རྩིས་མཐོང་ཆེན་པོ་བྱེད་ཀྱིན་པའི་རྟགས་རེད། མདུད་པ་དེ་ནི་ཁ་སྔོན་ང་ཚོས་ཁྱིམ་བདག་དགོན་པར་སོང་སྟེ་བླ་མ་ག་གེ་མོའི་མདུན་ནས་ཁྱེད་ལ་བར་ཆད་མི་འབྱུང་བའི་ཕྱིར་ཆེད་དུ་བླངས་འོང་བ་ངས་ཁོ་ཚོའི་ཁ་བརྡ་ལས་གོ”ཞེས་སེམས་གསོ་བྱས་པས་ངས་ད་གཟོད་དོན་དེ་ཅུང་ཟད་གོ་ནས་ལུས་ཀྱི་རྡུལ་སྤྲུག་སྤྲུག་བཏང་།

ལོ་དེའི་དབྱར་ཁར་ཨ་མའི་ནུ་མའང་ཇེ་ཆུང་ཇེ་ཆུང་དུ་སོང་ནས་མཐར་ཡོངས་སུ་སྐམ་སོང་། ཡིན་ནའང་ད་ལྟ་ང་ལ་བལ་འཇམ་ལྟ་བུའི་རྩྭ་རྩི་ཏོག་དང་དྭངས་གཙང་རྫ་ཆུ་བསིལ་མ་གང་འདོད་དུ་རོལ་རྒྱུ་ཡོད་པས་འཚོ་བཅུད་ཀྱིས་མི་འདང་བ་ཡེ་མི་འདུག ཨ་མས་ངག་འཇམ་པོའི་ངང་ནས་ང་ལ་“ད་ནི་ཁྱོད་ཀྱིས་རང་མགོ་ཐོན་པའི་མགོ་རྩོམ་དགོས་པ་རེད། ངའི་ནུ་མའང་གསོག་འཇོག་བྱེད་དགོས་པ་ལས་ད་ལྟ་ཨ་མའི་ལྟོ་བར་ཁྱོད་ཀྱི་ནུ་བོའམ་ནུ་མོ་གང་རུང་ཞིག་སྦྲུམ་ཡོད་པས་སང་ལོའི་དཔྱིད་ཀར་ཁོ་གསོ་དགོས་པ་རེད། དེ་བས་ད་ནི་ཁྱོད་ཀྱིས་རི་གསུམ་གྱི་རྩྭ་ཟོ་ལ། ལུང་གསུམ་གྱི་ཆུ་ཐུངས་དང་དེ་ཡིས་མི་ཆོག་པ་ཡོད་མི་སྲིད།” ཅེས་སློབ་གསོ་བཏང་བས་ངས་ཀྱང་གོ་བའི་བརྡ་ལ་མགོ་བོ་གུག་གུག་བྱས་པ་ཡིན། འོན་ཏེ་ངས་ཨ་མའི་ནུ་ཞོ་མངར་མོ་བརྗེད་མི་ཐུབ་པར་མཚམས་དང་མཚམས་རེར་ནུ་མ་ལ་སྣོམ་སྣོམ་བྱས་པ་དང་། ཨ་མ་གར་འགྲོའི་རྗེས་སུ་འབྲངས་བ་ཡིན།

དངོས་གནས་ཆུང་ཆུང་གི་དུས་སྐབས་དེ་ནི་ཇི་ལྟར་བཞུད་སོང་བའང་མི་ཤེས་པར་ད་ལྟ་ང་ལོ་གསུམ་སྟེ། རྒྱའི་ལ་ཐོན། ལུས་ཕུང་ཡང་ཆེ་རུ་ཆགས་སྟེ་ཨ་མའི་ཡན་ལ་བུད། ད་ནི་ཆུང་དུས་ཀྱི་བདེ་སྐྱིད་ལྟ་བུ་ཞིག་མྱོང་ཐུབ་ཚོད་ཡེ་ནས་མི་འདུག་སྟེ། དཔྱིད་ཐ་ཆུང་གི་ཞོགས་པ་ཞིག་ལ་ང་ཚོའི་རྟ་ཁྱུ་ནམ་རྒྱུན་དང་མི་འདྲ་བར་མཁོང་ནས་མི་ཕུད་པར་ཚང་མ་བཏགས་ནས་མི་གཏོང་། ཉི་མའི་འོད་ཟེར་རི་ལུང་ཀུན་ཏུ་ཁྱབ་ཏེ་ཤར་རིའི་རྩེ་ནས་ཐག་ཚད་གཅིག་ཙམ་ལ་ཐོན་པའི་དུས་སུ་ང་ཚོའི་ཁྱིམ་བདག་གིས་ཁྱིམ་མཚེས་ཀྱི་གསར་བུ་གསུམ་བཞི་ཞིག་བོས་ཤིང་ན་ནིང་ལྟར་ང་ལ་འབྲེང་འགུགས་བཞག་བྱུང་། ང་རང་སྐྲག་སྟེ་འབྲེང་འགུགས་འགོམ་བཞིན་གཟུར་བཞིན་རྟ་མཁོང་གི་གཡས་གཡོན་མདུན་རྒྱབ་ཏུ་རྒྱུག་ནས་འབྲེང་འགུགས་ནང་དུ་མ་བརྫིས། “རྟ་རྣམ་རིག་ཅན་ལ་འདྲ་རྒྱུ་མི་འདུག ཁྱེད་ཚང་གི་གཡང་ཁམ་ཆུང་འདི་གཅིག་དང་མི་འདྲ་བ་གཉིས་དང་མི་མཐུན་པ་ཞིག་རེད་འདུག་ཨང་།”ཞེས་གསར་བུ་ཚོས་ཁྱིམ་བདག་ལ་སྐད་ཆ་ལབ་ཀྱིན་ང་འབྲེང་འགུགས་སྟེང་དུ་ཡང་ཡང་བསྐོར་ཞོར་འུར་འུར་ཟིང་ཟིང་བྱེད། མཚམས་ཤིག་ཏུ་ངའི་རྣ་ལམ་ལ་ཤུར་སྒྲ་ཞིག་གྲགས་པ་དང་མཉམ་དུ་ཞགས་པའི་ཨ་ལོང་ཞིག་གནམ་ནས་བབས་སྟེ་ངའི་སྐེ་ལ་བསྐོན། ངས་ཤེད་ཤུགས་གང་ཡོད་ཀྱིས་འཐེན་པས་མི་གསུམ་ལྒང་ལི་བཞིན་དུ་དྲུད། དེར་མཐུད་ནས་མི་མང་པོས་ཞགས་པར་འཐམ་པ་དང་ངའི་དབུགས་དགག་པས་ན་ནིང་ལྟར་ཡང་བསྐྱར་མནན་བྱུང་། ད་ནི་ན་ནིང་ལྟར་ལས་སླ་བོས་ག་ལ་གཏོང་། ངའི་ཁ་ནང་དུ་ལྕགས་སྦོམ་པོ་འཕྲེད་ཀྱིས་བཅུག་ནས་མགོ་ལ་སྲབ་བཞག རྒྱུན་བུ་སྦོམ་པོའི་སུམ་སྒྲོག་ཅིག་ལག་གཉིས་དང་རྐང་བ་གཡོན་མར་བསྐོན་ནས་ཡར་བསླངས་བྱུང་། ཡར་ལངས་པའི་སྐད་ཅིག་མར་ངས་སྲོག་བསྡོས་ཀྱིས་འཐེན་ཞིང་རྒྱུག་གྲབས་བྱས་ཚེ་རྐང་ལག་སྒྲོག་གིས་བཅིངས་ཡོད་པས་ང་སླར་ཡང་ཐང་ལ་མུན་རུབ་པ་ལྟ་བུ་ཞིག་བརྡབ་པ་དང་ཁ་ནང་གི་སོ་ཚང་མ་གཏོར་སོང་བ་ལྟ་བུའི་མགོ་ནང་ལ་ཟུག་གཟེར་བསླངས། སྐབས་དེར་ཨ་མས་རྟ་མཁོང་གི་སུམ་སྐོར་ལས་ངའི་ཕྱོགས་སུ་འཚེར་སྐད་བཏོན་ཞིང་འཐེན་བཞིན་འདུག ཡིན་ནའང་ཨ་མའི་ལྟོ་བ་ཤིན་ཏུ་ཆེ་ཞིང་སུམ་སྐོར་སྲ་མོ་ལས་ཐར་ཐབས་ག་ལ་ཡོད། གལ་ཏེ་ཐར་ནའང་ང་སྐྱོབ་པའི་ནུས་པ་ཅི་ཡང་ཡོད་མི་སྲིད། ངས་ཨ་མའི་ལྟོ་བ་ཆེན་པོ་ལ་བལྟས་ནས་མིག་ཆུ་ཤོར།

ད་ལྟ་ང་འགྲོ་འདོད་ཀྱང་རྐང་ལག་རྒྱུན་སྒྲོག་སྦོམ་པོས་བསྡམས་པས་གོམ་གང་སྤོ་དབང་མི་སྟེར་ལ། ཐ་ན་ཨ་མ་སོགས་ཀྱི་འགྲོ་ཕྱོགས་སུ་འཁོར་ནས་ལྟ་དབང་ཙམ་ཡང་མི་སྟེར་བར་ཁ་ནང་ལ་འཕྲེད་ཀྱིས་བཞག་པའི་ལྕགས་ཨ་ལོང་ཅན་དེས་རེ་རེ་འཐེན་ཚེ་ངའི་ཁ་ནང་གི་སོ་ཡོད་ཚད་གཏོར་སོང་བའི་ཟུག་གཟེར་གཏོང་འོང་། ཡིན་ནའང་ཁོ་ཚོའི་བཙན་ཤེད་ཀྱི་ལག་འོག་ནས་ཐར་ཆེད་ས་ལྡིང་རྡོ་ལྡིང་བྱས་པས་ངའི་སྲབ་མདར་བཟུང་བའི་གསར་བུ་དེ་ཅུང་ཟད་རེ་དྲུད་འོང་ལ། རང་ཉིད་ཀྱི་ལུས་ཕུང་ཐང་ལ་བརྡབ་པའང་གྲངས་ཀྱིས་མི་ཟིན། ཁོ་ཚོས་ང་འདི་ལྟར་ག་ལ་བསྐྱུར། གསར་བུ་ཚོས་ང་ཡིན་ཁོ་ཡིན་གྱི་སྒོ་ནས་གཅིག་གིས་སྲབ་མདའི་ཁ་ཆིངས་ནས་བཟུང་ཞིང་། གཅིག་གིས་སྲབ་དཀྱོག་དང་རྔོག་ཆུང་ནས་བཟུང་སྟེ་ང་བཞོན་ནས་ཁ་ལོ་བཏུལ་དགོས་ཟེར། གསར་བུ་གཅིག་ངའི་རྒྱབ་ལ་བུད་རྗེས་གསར་བུ་གཞན་ཞིག་གིས་ལག་གཡས་པའི་སྒྲོག་བརྟོལ་ནས་ལག་གཡོན་པའི་སྒྲོག་གི་ཟུར་དུ་སྒྲོག་པ་དེར་ཚ་སྒྲོག་ཟེར་གྱིན་འདུག དེ་ནས་ངའི་ཁ་ཆིངས་ནས་ཡ་སོས་མ་སོ་བསྡམས་ཏེ་བཟུང་བའི་གསར་བུ་དེས་ཁ་ཆིངས་ཅུང་ལྷོད་ཙམ་གྱིས་རིང་འཛིན་བྱས་པ་ན། ངས་རྒྱབ་ན་ཡོད་པའི་གསར་བུ་བ་ལིང་ཞིག་ལྟར་ངའི་སྒུག་ཐེངས་གཅིག་གིས་གང་ཞིག་ཏུ་རྒྱང་། ཁྱིམ་བདག་ཚང་གི་བུ་གཙོའི་གསར་བུ་ཚོས་རེས་མོས་ཀྱིས་ང་ཞོན་མོད་ངས་རེ་རེ་བཞིན་སྒུག་ཐེངས་རེ་རེས་ཐང་ལ་བརྡབ། གསར་བུ་རེ་རྐང་བ་གྱོལ་ཞོར་གྱོལ་ཞོར་རྒྱང་བཀྱེད་ཅིང་། གསར་བུ་རེའི་ངོ་གནག་སྟེ་མགོ་བོ་སྐྱོར་བ་སོགས་ལ་བལྟས་ནས་ཁོ་ཚོའི་ལུས་ཕུང་ལ་བསྙད་མི་འདྲ་བ་མང་པོ་ཐེབས་ཡོད་ཚོད་རེད། ཡིན་ནའང་ཁྱིམ་བདག་རྒད་པོ་ད་དུང་སྤོ་མི་ལངས་པར་གདོང་ལ་འཛུམ་ལངས་ཀྱིན་“གཡང་ལ་བོ། འདི་གཅིག་དང་མི་འདྲ་གཉིས་དང་མི་མཚུངས་པ་ཞིག་ཡིན་སྙམ་ཡོད་མོ། ཨ་ཧ་ཧ་དངོས་གནས་རྒོད་པོ་འདུག”ཅེས་ཟེར་ནས་ཡིད་ཚིམ་པའི་རྣམ་འགྱུར་སྟོན། གསར་བུ་ཚོས་“དཀོན་མཆོག་མཁྱེན། འདི་འདྲའི་སྒུག་མཁན་ཞིག་ངས་མྱི་ལུས་བླངས་ནས་མཐོང་མྱོང་ན་ཡུམ་དུམ་པ་”ཟེར་ནས་མགོ་བོ་ཐད་དུ་གཡུག

ཤི་གསོན་གྱི་གཡུལ་འཁྲུགས་ལྟ་བུའི་ཁ་ལོ་བཏུལ་བའི་གོ་རིམ་ཁྲོད་ནས་ངའི་ཁ་ཆིངས་གཉིས་ཀ་ནས་ཁྲག་བརྡོལ་ཞིང་། སུམ་སྒྲོག་བརྒྱབ་པའི་ཤུལ་ནས་སྤུ་ལྷུང་བས་མི་ཚད་ཤ་དམར་རྗེན་དུ་བུད་ནས་བྱ་ཕོའི་རྐང་སུག་ལྟར་གྱུར། “ང་ཚོ་ནམ་ཡང་མི་ཞེས་པའི་སྲོག་ཆགས་འདི་ལས་རྒྱལ་མི་སྲིད་དེ། མགོ་ན་གནམ་ལས་མེད་པའི་ང་ཚོའི་མེས་པོ་རྐྱང་ཡིན་ནའང་ཁོ་ཚོས་སྒོ་ཟོག་ཏུ་བཏུལ། གནམ་ལ་འཕུར་ཐུབ་ཅིང་ས་ལ་འཛུལ་ནུས་པའི་ལྷ་རྟ་རྐྱང་ལུ་ཡང་འཛམ་གླིང་གེ་སར་རྒྱལ་པོའི་ཆིབས་པར་གྱུར་བས་ང་ཚོས་ཅིས་ཀྱང་མི་ལ་ཞབས་ཞུ་བསྒྲུབ་དགོས།”ཞེས་སོགས་ཀྱི་ཨ་མའི་ཁ་ཏ་དང་སློབ་གསོ་ལ་ཉན་ནས་ངས་རིམ་བཞིན་ཁོ་ཚོ་ལ་མཐའ་གཅིག་ཏུ་རྒོལ་བའི་སེམས་པ་ལྷོད་པ་ཡིན། གལ་ཏེ་ངའི་སེམས་མ་ཤི་ནའང་མི་འདི་ཚོས་ངའི་ལུས་ཤི་བར་འཇུག་ངེས་ཏེ། ཁོ་ཚོས་ང་རང་གི་རྩྭ་ཟ་ཆུ་འཐུང་གི་དུས་ཚོད་བཀག་པས་མཚམས་ཤིག་ནས་ལུས་ཟུངས་ཟད་དེ་ང་རང་མགོ་ཡོམ་འཁོར་ནས་ལོག་ལ་ཁད་དུ་བཏང་བས་ངས་ཁོ་ཚོས་ཁ་ལོ་གང་ལ་བསྒྱུར་བར་མི་འགྲོ་མི་འདུག་ཀི་མེད་ཀྱང་བྱུང་། དེ་དང་བསྟུན་ནས་ཁོ་ཚོས་ངའི་རྒྱབ་ལ་སྒ་ཞེས་པ་བརྟད། འདི་ནི་ལུས་པོ་ཤིན་ཏུ་མི་སྐྱིད་པར་གཏོང་བྱེད་ཅིག་སྟེ། ཕོ་བའི་འོག་ནས་ཤེད་ཀྱིས་སྡོམ་པ་དང་། རྔ་མའི་འོག་ནས་ཡར་འཐེན་པ། ཕོ་བའི་འགྲམ་ལ་ཡོབ་ཆེན་དཔྱངས་སྟེ་མི་ཡིས་སྒའི་སྟེང་དུ་བཞོན་ནས་རྐང་བ་གཉིས་ཡོབ་ཆེན་དུ་བཅུག་སྟེ་རྡུང་ཚེ་ཕོ་བ་བརྟོལ་ནས་གློ་སྙིང་ལ་ཟུག་ཨེ་ཡོང་སྙམ་པའི་ན་ཟུག་སྐྱེས་འོང་། ཁྱིམ་བདག་ཚང་གིས་ཀྱང་དབུགས་རིང་ཞིག་བཏོན་ཏེ་“ད་ནི་གཡང་ཁམ་ཆུང་ལ་ཁ་ལོ་བཏུལ་ཐུབ་སོང་།”ཞེས་བྱ་བ་ཆེན་པོ་ཞིག་ལེགས་འགྲུབ་བྱུང་སོང་བ་ལྟ་བུའི་རྣམ་འགྱུར་དང་དགའ་འབོད་བྱེད་ཀྱིན་འདུག དེ་ནས་བཟུང་ཁྱིམ་བདག་ཚང་གིས་ང་རང་མཚན་མོ་ངའི་གཉེན་ཉེ་ཚོ་དང་མཉམ་དུ་ལག་འདོག་བྱེད་པ་དང་མཚམས་རེར་མགོ་ལ་སྲབ་བཞག་སྟེ་རྟ་མཁོང་དང་ཐག་ཉེ་སར་ཁེར་འདོག་སོགས་རྒྱུན་དུ་བྱས་སོང་། འདི་ལྟར་བྱེད་པའང་ཁོ་ཚོས་ང་ཁ་ལོ་བཏུལ་བའི་གོ་རིམ་ཞིག་ཡིན་ཚོད་འདུག་སྙམ། དེ་བཞིན་དུ་ཟླ་རེའི་ནང་དུ་ཐེངས་འགར་བཞོན་ནས་རྫི་བོར་འགྲོ་བ་དང་། རི་སྐོར་གོང་འོག་ཏུ་འགྲོ་བ། ཐ་ན་རྫོང་མཁར་གྱི་འུར་འུར་ཟིང་ཟིང་གི་ཁྲོད་དུའང་འགྲོ་བར་བྱེད། ང་རང་རྫོང་མཁར་དུ་ཐེངས་དང་པོར་འགྲོ་ཉིན་ཁྱིམ་བདག་ཚང་གི་ཕ་བུ་གཉིས་ཀས་ངའི་ཨ་ཞང་ཞིག་དང་ངེད་གཉིས་བཞོན་ནས་སོང་། ང་རང་ཐེངས་དང་པོར་རྫོང་མཁར་དུ་སོང་བ་ཡིན་པས་རྨིག་པ་ཧ་ཅང་མི་བདེ་བར་བྱེད་པའི་རྡོ་ཞུན་གྱི་ལམ་དང་། ཁང་བ་མཐོན་པོ་གནམ་ལ་ཟུག་པ། མི་ཚོགས་ཀྱིས་རུབ་རུབ་བྱེད་པ། ལྷག་པར་དུ་ལྡིར་སྒྲ་སྣ་ཚོགས་གྲགས་པའི་གཟུགས་དབྱིབས་གྲོག་མ་དང་། སྦྲང་མ། འབུ་རྒན་ནག་ར་སོགས་འབུ་སྲིན་གྱི་སྣ་ཚོགས་ཀྱི་དབྱིབས་དང་འདྲ་བའི་སྲོག་ཆགས་ཤིག་གམ་འདྲེ་ཞིག་སྟེ་ཤིན་ཏུ་མགྱོགས་པོར་འགྲོ་བ་མང་པོ་འདུག་པས་ང་རང་སྐྲག་སྟེ་ག་བྱེད་འདི་བྱེད་མེད་པ་ཞིག་ཏུ་བཏང་མོད། ཨ་ཞང་ནི་ཅི་མི་སྙམ་པར་བག་ཕེབས་པོར་འགྲོ་བཞིན་པས་ངས་ཀྱང་སྙིང་སྟོབས་བསྐྱེད་དེ་སོང་བ་ཡིན།

ཨ་མས་བཤད་པ་དངོས་གནས་བདེན་པར་འདུག མི་ཞེས་པ་འདིར་ངོ་ཡ་ཞིག་ལོན་ཐབས་ག་ལ་ཡོད། ང་ལ་ཁ་ལོ་བཏུལ་བའི་སྟོན་ཐོག་དེར་ངའི་རྟ་ཕོ་ཟེར་ནས་ངོམ་སོ་ཆོག་ཅིང་། ངའི་མགོ་འཕངས་བཏེགས་ནས་བརྩེ་འདང་སྟོན་བྱེད་ཀྱི་རླུག་འབྲས་གཉིས་ཀ་རྩད་ནས་བཅད་སོང་། ཉིན་དེར་ང་ཡང་བསྐྱར་རྫོང་མཁར་དུ་སོང་། ད་ཐེངས་སྔོན་ལྟར་ང་བཞོན་ནས་མ་སོང་བར་ཁྱིམ་བདག་ཕ་བུ་གཉིས་ཀྱིས་ངའི་ཨ་ཞང་ཆེ་ཆུང་གཉིས་བཞོན་ཞིང་ང་ཁྲིད་ནས་སོང་། རྫོང་མཁར་ནས་རྒྱ་མི་ཁ་ཤས་ཀྱིས་ང་རང་ཡ་ང་དང་སྙིང་རྗེ་ཅི་ཡང་མེད་པར་ཕྱི་བཀྱིག་ཨ་ལོང་བཀུག་འདྲ། ནང་བཀྱིག་གྲུ་གུ་བསྡམ་འདྲ་ཞིག་བྱས་ཏེ་མཚོན་རྣོན་པོས་ངའི་ཤ་ལ་ཐེ་ཚོམ་མེད་པར་བཙུགས་ཤིང་གཤགས་པར་མ་ཟད། རུམ་གྱི་རྡོ་ལོག་བཞིན་སྒོང་འབྲས་གཉིས་ཀ་བྱང་ནས་ཐང་དུ་གཡུག གྲིས་གཙགས་པ་དང་སྒོང་འབྲས་འབྱིན་པའི་སྐབས་སུ་ངས་ནུས་ཤུགས་ཡོད་རྒུ་བཏོན་ནས་འཕག་འཚག་བརྒྱབ་པ་དང་སྡུག་སྐད་ཅི་འདྲ་བཏོན་ཡང་ཐར་བའི་གོ་སྐབས་དང་སྐྱོབ་པའི་གཉེན་ཞིག་མ་བྱུང་། ཁོ་ཚོས་ངའི་སྒོང་འབྲས་འབྱིན་སྐབས་ཀྱི་ཟུག་གཟེར་དྲག་པོ་དེ་ཀླད་ཁམས་སུ་བརྒྱུགས་ནས་ལུས་ཡོངས་རྫོགས་ཚལ་བར་གཤགས་པ་ལྟ་བུའི་ཟུག་རྔུ་བསྐྱེད། དེའི་ཁར་ང་རང་ཡར་བསླངས་ནས་ཤ་ཚ་གང་ཡང་མེད་པར་ཁྱིམ་བདག་ཚང་གི་ཕས་ཁྲིད་ཅིང་། བུ་ཡིས་ངའི་རྗེས་ནས་ལྕགས་ཀྱིས་བྲབས་ནས་ཡུལ་དུ་ཁྲིད། ཉིན་དེའི་འགྲུལ་ལམ་དེའི་གོམ་པ་རེ་རེ་ནི་གཤིན་རྗེའི་འཕྲང་ལ་འགྲོ་བ་ལྟར་ང་ལ་ཟུག་གཟེར་བསྐྱེད་པས་ངས་ཇི་ལྟར་བརྗེད་ཨང་། ང་རང་ཡུལ་དུ་ཐོན་པ་ནས་ཟས་ཁམ་གང་གི་ཡི་ག་མེད་ཅིང་ཉལ་ནས་ཡར་ལངས་མི་ཐུབ། ངའི་འོག་སྐྲང་ནས་བླའི་བར་དུ་མི་ཆུད་པ་ལྟར་དུ་གྱུར། ཡིན་ནའང་ཁྱིམ་བདག་ཚང་གིས་ང་རང་བཙན་གྱིས་དེད་ནས་ཕར་འགྲོ་ཚུར་འགྲོ་བྱེད་དུ་འཇུག དེས་མི་ཚད་ཉིན་བཞི་ལྔ་ཞིག་གི་རྗེས་ནས་ཁྱིམ་བདག་གིས་ངའི་མགོ་ལ་སྲབ་བཞག་ནས་ཞོན་དེ་“བཤའ་རྒྱུག་”ཅེས་ཐང་མི་སྙོམས་ས་དང་། གད་ཤུར། འདམ་ཤུར་སོགས་སུ་བརྒྱུགས། དང་ཐོག་ངའི་བླ་བར་གྱི་ན་ཟུག་དེས་མིག་ཆུ་འཐོར་བའི་ཚད་དུ་བསྐྱལ་ནའང་རིམ་བཞིན་ཅུང་དྭངས་པར་གྱུར། དེ་ལྟར་ང་རང་རྒྱའི་སྟེ་ལོ་གསུམ་ལ་སོན་པའི་ལོ་ནི་ཚེ་གཅིག་ལ་བརྗེད་དུ་མེད་པའི་དྲན་ཤིང་སྐྱུར་བོ་ཞིག་བཞག་པའི་ལོ་ཞིག་ཡིན་སོང་།

སྔོ་ལྗང་དཀར་སེར་ཚོན་རྩིས་རི་ལུང་གི་ཁ་དོག་བསྒྱུར་བའི་དུས་བཞིའི་འཁོར་བསྐྱོད་འགའ་ཞིག་འདས། ད་ལྟ་ང་ནི་“ཕོ་གཞི་”ཞེས་ལོ་བཞི་ལ་སོན་པའི་རྟ་སར་ཡིད་དུ་འོང་བ་ཞིག་ཡིན་ཚོད་གདའ། སྡེ་བའི་མི་མང་པོ་འོང་ནས་ངའི་མགོ་རྣ་དང་། རྒྱུད་ཐག རྨིག་བཞི། རྔ་རྔོག་སོགས་མང་པོ་གླེང་བཞིན་འདུག་ལ། ལྷག་པར་དུ་ན་ནིང་ནས་བཟུང་ངའི་ཁྱིམ་བདག་ཚང་གི་བུས་ང་རྒྱལ་གྱི་མགོ་འཕངས་མཐོན་པོར་བཏེགས་ཏེ་ང་ལ་ཁ་ལོ་བསྒྱུར་ནས་ཉེ་འཁོར་གྱི་ཁྱིམ་མཚེས་དག་དང་སྡེ་བའི་རྟ་མང་པོ་དང་མཉམ་དུ་རྒྱུག་ཤར་གློད་ཅིང་། གཤིབ་བསྡུར་མང་པོ་བྱས་སོང་། བང་གཤིབ་ཐེངས་གང་དང་གང་གི་སྐབས་སུའང་ངས་གཤིབ་གྲོགས་དག་རྗེས་སུ་ཐག་ཚད་རེར་བསྐྱུར་བ་ཡིན་པས་“གཡང་ཁམ་ཆུང་”དངོས་གནས་“གཡང་”ཞིག་རེད་ཅེས་བསྟོད་པའི་མཐེ་བོང་གནམ་ལ་མི་ཀེར་མཁན་མེད། སྐབས་དེ་དག་ཏུ་ངའི་ལང་ཚོ་དར་ལ་བབས་ཤིང་གཞོན་པའི་ལུས་ཀྱི་སྟོབས་ཤུགས་ཤིན་ཏུ་རྒྱས་སྒང་ཡིན་པས་བང་གཤིབ་དེ་དག་ལ་དཀའ་སྣང་ཆེན་པོ་ཞིག་ཡེ་ནས་ཡོད་མ་མྱོང་། ཡིན་ནའང་ཨ་མའི་སེམས་པར་སྐྱོ་ཤས་ཆེན་པོ་འབྱུང་གིན་འདུག་པས་ངས་ཨ་མར་ཐེངས་མང་ཙམ་དྲིས་རྗེས་ཁོང་གི་མིག་ཟུང་གི་མཐའ་ལ་མཆི་མ་འཁྱིལ་བཞིན་ང་ལ་འདི་ལྟར་ལབ། “ཨ་མའི་གཅེས་ཕྲུག ཁྱོད་རང་ད་ལྟ་ཁྱིམ་བདག་ཚང་གིས་ཤིན་ཏུ་གཅེས་གཅེས་བྱེད་ཀྱིན་པ་འདི་བཟང་རྟགས་ཆེན་པོ་ཞིག་ཡིན་མིན་མི་ཤེས། མི་ཞེས་པ་འདི་བྱམས་དང་སྙིང་རྗེའི་བདག་ཉིད་དུ་གྲགས་ནའང་ང་ཚོ་སྒོ་ཕྱུགས་ཀྱི་སྟེང་དུ་སྙིང་རྗེའི་རང་མདངས་མངོན་རྒྱུ་ཤིན་ཏུ་དཀོན། དེ་བས་ཁྱོད་རང་ད་ལྟ་གཟུགས་སྐྱེ་ལུས་ཡིན་ན་ཆོག རྒྱུག་གོམ་ལག་ཡིན་ན་ཆོག་ཕྱོགས་གང་ཐད་ནས་སྡེ་བ་འདིར་འགྲན་དུ་མེད་པ་ཞིག་ཡིན་པས་ཁྱིམ་བདག་ཚང་ལ་སྤྲོ་དགའ་ཅི་ཡང་སྟེར་ཞིང་། སྡེ་བའི་ནང་གི་མི་མང་པོ་ཞིག་ལ་ཕྲག་དོག་གམ་ཁྱོད་རང་ཐོབ་འདོད་ཀྱི་ཧམ་སེམས་ཆེན་པོ་ཞིག་ཀྱང་སྐྱེ་བཞིན་ཡོད་ངེས། ང་ཚོའི་ཕ་མེས་ཡང་མེས་ནས་རྟ་རྒྱུག་ནི་ཐང་ཆེན་པོ་དང་སྙོམས་པོར་དྲང་རྒྱུག་གིས་བང་ཁ་གློད་ཅིང་རྒྱུག་གཤིབ་ཀྱི་ཐག་དེ་འདྲའི་རིང་བོ་མེད་པས་རྟ་རབ་ཅིག་ཡིན་ན་དཀའ་ངལ་ཧ་ཅང་ཆེན་པོ་མེད་མོད། ད་ལྟ་ནི་དེ་ལས་ལྡོག་སྟེ་སྐད་ཆ་རྣ་ལ་མི་སྙན་པ་སྙིང་ལ་གཙེ་བ་རེ་ཐོས་རྒྱུ་འདུག ང་ཚོ་དང་ཐག་ཆེན་པོ་མི་རིང་བའི་འབྲོག་པའི་ས་ཆ་རེ་འགར་རྟ་གཤིབ་ནི་ཐང་ཆེན་པོར་ཤར་རྒྱུག་མིན་པར། ར་བ་གོར་གོར་ཧ་ཅང་ཆེན་པོ་བསྐོར་བའི་མཐའ་ལ་ཡང་དང་བསྐྱར་དུ་འཁོར་ནས་རྒྱུག་དགོས་པས། གཅིག་ན་ལུས་པོ་འཁྱོག་ནས་བང་གློད་རྒྱུ་དཀའ་བ་དང་། གཉིས་ནས་རྨིད་སྟོང་ཕྲག་ནས་སྟོང་ཕྲག་དང་ཁྲི་ཕྲག་ནས་ཁྲི་ཕྲག་བར་རྒྱུག་གཤིབ་དགོས་པས་དེ་ནི་ང་ཚོ་དབུགས་ལྡན་གྱི་འགྲོ་བ་ཞིག་ལ་མཚོན་ན་མ་ཤི་དམྱལ་བའི་སྡུག་བསྔལ་ཞིག་ཅི་ལ་མིན། ཁྱོད་རང་‘གཡུ་བྱ་རྟེའུ་སྔོན་’གྱི་རྒྱུད་པར་གྱུར་བ་དེར་ང་ལ་ཚེ་གཅིག་གི་འགྱོད་པ་བཟོས་སོང་། ཨ་མའི་གཅེས་ཕྲུག ཁྱོད་ལ་མིང་གྲགས་ཅི་ཙམ་ཆེ་ན་དེ་ཙམ་གྱིས་དཀའ་ལས་མྱོང་ངེས་པས། ད་ཁྱོད་རང་རྗེས་སོར་མུ་མཐུད་དུ་ངའི་མིག་གི་མཐོང་སར་འདུག་ཐུབ་མིན་ཡང་སུས་ཤེས།་་་་་་”ཞེས་བཤད་མཚམས་མུ་རུ་མཐུད་མ་ཐུབ་པར་མགོ་བོ་དུད་ནས་མིག་ཆུའི་དོག་པ་མུ་ཏིག་གི་ཕྲེང་ཐག་ཆད་པ་ལྟར་འགྲམ་པ་བརྒྱུད་དེ་ས་ལ་འཐོར། ངས་ཨ་མ་ལ་“ད་ནི་ལུས་ཐོག་འདིར་ཅི་ཞིག་བྱུང་ནའང་སྐྱེ་བ་སྔོན་མའི་ལས་སུ་བསྙད་དེ་སྡོད་རྒྱུ་ལས་འོས་མེད་ཚོད་རེད། མིའི་འགྲོ་བར་ངོ་ཡ་ཞིག་བྱེད་ཐུབ་མཁན་ནི་གོ་ལ་འདིའི་སྟེང་དུ་ཡོད་ཨེ་སྲིད་དམ། དེ་བས་ཁོ་ཚོས་ཅི་བཀོལ་ཅི་བྱས་དང་དུ་ལེན་པ་ལས་དེ་ལས་འགལ་བར་བྱས་ན་རང་ཉིད་ཀྱི་སྲོག་མགོའང་ཐོན་དཀའ་བར་འདུག་པས་ཨ་མ་ལགས་ཀྱིས་ངའི་ཆེད་དུ་སྐྱོ་སྐྱོ་དེ་འདྲ་མི་གནང་རོགས།” ངས་ཨ་མའི་རྔོག་ཆུང་དུ་མཆུ་ཏོ་བཞག་ནས་དེ་ལྟར་སེམས་གསོ་རེ་བྱས་པ་ཡིན་མོད་དོན་གྱིས་ང་ལའང་གདོང་བར་ད་སྔ་བྱུང་མ་མྱོང་བའི་སྐྱུར་དྲག་པོ་ཞིག་བབས། དུས་དེར་ཉིན་ལུང་དེའི་སྒང་དུ་གསེར་མདོག་གི་ཉི་མ་སེར་གྱི་ལེར་ཤར་ཞིང་། ཕ་རིའི་སྲིབ་ལུང་གི་ལྕང་མའི་ཚལ་ནས་ཁུ་བྱུག་གི་གསུང་སྐད་སྙན་མོ་ཞིག་ཡང་ཡང་གྲག་འོང་། ངའི་གཉེན་ཉེ་ཚོས་ཁ་གཅིག་ལས་གཅིག་མགྱོགས་ཀྱིས་སྔོ་རྩྭར་རོལ་གྱིན་ཡོད་མོད། ཨ་མ་དང་ངེད་གཉིས་ཀྱིས་ངའི་འབྱུང་འགྱུར་ལབ་བཞིན་དུས་ཡུན་རིང་བོར་འདང་རྒྱག་ནང་དུ་ལྷུང་།

“ཕོ་གཞིའི་”སྐབས་ནི་སྐྱེ་ལུས་དང་སྟོབས་ཤུགས་དབྱར་གཉིས་པའི་གླང་ཟླའི་རྩྭ་ཆུ་བཞིན་སྔར་ལས་ཤིན་ཏུ་རྒྱས་སྒང་ཡིན་འདུག ངའི་“སྣང་བ་སྣ་རྩེ་དང་རིག་པ་སྐྲ་རྩེ་”རུ་ཡོད་ཕྱིར་ངེད་ཅག་ཉིན་མོར་མི་མེད་ལུང་སྟོང་དུ་རྩྭ་ཆུར་རོལ་སྐབས་རི་སྤྱང་ནི་རྒྱུན་འོང་མགྲོན་པོ་ལྟར་ནམ་རྒྱུན་ངེད་ཚོ་སྒོ་ཕྱུག་དག་དམིགས་ནས་འོང་སྲིད། ཁོ་ཚོ་ཐག་ཉེར་འོང་ཚེ། ངས་སྣ་ནང་ནས་འཇིགས་པའི་ཧུར་སྒྲ་བསྒྲགས་ཏེ་ལྕགས་ཀྱི་ཐོ་བ་ལྟ་བུའི་ལག་ཟུང་གི་རྨིག་པ་ས་ལ་བརྡབས་ནས་ཁོ་ཚོ་ངེད་ཅག་གི་ལུས་ཀྱི་ཉེ་སར་བཏུད་དུ་འཇུག་མི་སྲིད། གལ་ཏེ་སྤྱང་ཚོགས་དགུ་མདོས་ཤིག་ང་ཚོའི་ཐོག་ཏུ་བརྒྱུག་ནའང་ངའི་གནམ་ལྕགས་ཀྱི་ཐོག་ལྟ་བུའི་རྐང་ཕྲ་ཡིས་ཐག་ཚད་རེར་རྒྱང་སྟེ་འགྲམ་རུས་ཚལ་བར་གཏོར་ངེས་པར་ཐེ་ཚོམ་ཅི། དེ་བས་ངའི་ཨ་མ་གཙོ་བྱས་པའི་གཉེན་ཉེ་ཚོས་སེམས་པ་ལྷོད་ལ་ཕབ་ནས་རྩྭ་ཆུར་རོལ་ཆོག་ཅིང་། ང་ལ་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་དང་གཏོར་གྱིན་ཡོད།

བྱམས་ལྡན་ཨ་མས་གླེང་བའི་དོན་དག་ནི་ཡེ་ཤེས་སྤྱན་ལྡན་གྱི་མངོན་ཤེས་ཀྱིས་གཟིགས་པ་ལྟར་ཡོལ་བ་མེད་པར་ཐོན་བྱུང་སྟེ། ཐང་ཡངས་པོར་དར་ཁྲ་གོར་གོར་ཆེན་པོ་འཐེན་དེ་དེའི་མཐའ་སྐོར་དུ་དགོན་པའི་ལྕགས་རིའི་མཐའ་རུ་ལོ་ལོན་ཚོས་བསྐོར་བ་རྒྱུན་ཆད་མེད་པར་སྐོར་བ་ལྟ་བུའམ། ནོར་ལ་གཟའ་ནད་བྱུང་སྟེ་ཡང་དང་བསྐྱར་དུ་འཁོར་བ་ལྟ་བུའི་སྐོར་བ་མང་པོ་རྒྱག་པའི་རྟའི་གཤིབ་སྟངས་དེ་ང་ཚོའི་ས་ཆར་དར་མགོ་བརྩམས།

ལོ་རེའི་དབྱར་ཟླ་གཉིས་པ་ཚེས་མ་ཐག་ཏུ་གླང་ཟླའི་ཚེས་བཞི་སྐར་མ་རྒྱལ་ཕུར་འཛོམས་པའི་ཉིན་གཡུ་རྩེ་རྫོང་དུ་འབོད་པའི་ཡུལ་ཕྱོགས་འདིའི་ཚོ་ཆེན་མང་པོའི་སྐྱེས་པ་དག་ལྷན་ཅིག་ཏུ་འཛོམས་ནས་རྫ་ཡི་རི་རྒྱལ་ཕྱུག་མོའི་སྤྱི་བསངས་ཀྱི་བྱེད་སྒོ་བསྡུ་བཞིན་ཡོད་ལ། སྤྱི་བསངས་ཀྱི་མཛད་སྒོའི་ཐོག་ཏུ་སྐྱེས་པ་ཚོས་གོས་གང་ཡག་གྱོན་ཞིང་། རྟ་གང་ཡག་གང་བཟང་བཞོན་ནས་འགྲོ་སྲོལ་ཡོད། སྤྱི་བསངས་ཀྱི་སྟེང་དུ་ང་དང་ང་ལྟ་བུའི་གཤིབ་རྟ་དག་མི་བཞོན་པར་རྒྱབ་ཏུ་བལ་ཕྱར་ཡག་པོའི་ཁེབས་མ་བཀབ་ཅིང་། མགོ་ལ་དངུལ་སྲབ་བམ་ཞ་ཉེ་དཀར་པོའི་སྲབ་ཁྲ་འཇོག་པ། ཆུ་མིག་དགུ་སྒྲིལ་དང་ཟུར་མོ་སྒང་བསླས་ཀྱི་སྲབ་དཀྱོག་སྲབ་མདས་བརྒྱན་དེ་ཁྲིད་ནས་འགྲོ། རི་བོ་མཐོན་པོ་དེའི་སྐེ་ནས་སྔོ་སློག་སློག་འཕྱུར་བའི་བསང་ཁྲིར་བསྐོར་བ་བྱེད་ཅིང་ཀི་སྒྲའི་ཁྲོད་ནས་བསང་འབོད་དང་ཁ་བ་ལྟར་བབས་པའི་རླུང་རྟ་མཆོད་ནས་ལྷ་འབོད་ཀླུ་སྐུལ་བྱེད། འདོ་རིགས་རྟ་ཕོའི་རྨིག་སྒྲས་རི་བོ་སྐྱོམ་སྙམ་བྱེད་པའི་བསངས་ཕུད་ཀྱི་བྱེད་སྒོ་གྲུབ་རྗེས་རི་འདབས་ཀྱི་ཐང་ཆེན་ནས་རྟ་རྒྱུག་མདའ་འཕེན་གྱི་རྩེད་མོ་ཉིན་གསུམ་གྱི་རིང་ལ་རྩེ།

ཡིན་ནའང་ད་ལོ་ནི་སྔར་དང་མི་འདྲ་བར་རྟ་རྒྱུག་ར་བ་གོར་གོར་ཟླ་བ་ཉ་གང་བའི་དབྱིབས་ལྟ་བུ་རྒྱུག་སར་མཐའ་མེད་པའི་ར་བ་འཇིགས་པོ་དཀྱིལ་དུ་བསང་ཁྲི་ཆེན་ཅན་ཞིག་ལས་འདུག ངས་ཨ་མས་བཤད་པའི་སྐད་ཆ་དག་དྲན་ནས་སེམས་པ་བློང་བློང་བོར་བཏང་། ང་དང་ང་ལྟ་བུའི་གཤིབ་རྟ་དག་གི་ཁ་རྒྱ་གཞུ་ལྟ་བུར་བཀུག་ནས་རྩྭ་ཁམ་གང་ཟ་དབང་དང་ཆུ་ཧུབ་གང་འཐུང་དབང་མེད་པར་བཏགས་ཡོད། ཁྲ་ལམ་མེར་ཕུག་པའི་གུར་དག་གི་ནང་ནས་མི་ཚོས་བཟའ་བཏུང་གི་བཅུད་ལ་རོལ་གྱིན་དགོད་སྒྲ་མཚམས་མེད་པར་གྲགས་འོང་བས་ངས་ནི་རང་ཉིད་མི་ཞིག་གི་སྐྱེ་བ་ཅིའི་ཕྱིར་མ་བླངས་པ་ཡིན་ནམ་སྙམ་ནས་རང་གི་ལས་དབང་ལ་ལེ་འདེད་བྱས་ཤིང་། ཡོད་ཚད་དབང་དུ་སྡུད་ཆོག་པའི་མི་ཞེས་པའི་སྲོག་ཆགས་འདིར་ཡིད་སྨོན་ཚད་མེད་ཤོར། ང་དང་ང་ལྟ་བུའི་ཁ་བཀུག་སྟེ་བཏགས་པའི་གཤིབ་རྟ་དག་གིས་གུར་གྱི་སྒོ་དག་ནས་ཕར་འགྲོ་ཚུར་འགྲོ་ཡང་ཡང་བྱེད་ཀྱིན་ཕ་གའི་རྒྱུག་ར་གོར་གོར་དེར་མིག་གི་རྒྱལ་མོ་ཡང་དང་བསྐྱར་དུ་འཕེན། འདི་ནི་ང་ཚོ་ཐུན་མོང་གིས་སེམས་ཁུར་བྱེད་སའི་གཞི་ཉག་གཅིག་ལོས་ཀྱང་ཡིན།

མཚན་མོ་ནི་རས་གུར་དག་ལྷག་ཏུ་གསལ་ཏེ་ནང་དུ་སྒྲོན་མེ་བཀར་བའི་འོད་དང་མེ་བུས་པའི་འོད་ཀྱིས་ཁྲ་ལམ་མེར་གྱུར་ཅིང་། ནང་གི་མི་ཚོས་གྲིབ་མ་ནག་རུབ་རུབ་ཀྱི་ངང་ནས་ཉིན་མོ་བཞིན་དགོད་སྒྲ་མཚམས་མི་ཆད་ལ། ལྷག་པར་དུ་ཁ་བརྡ་སྣ་ཚོགས་བྱེད་པའི་སྒྲ་ནི་ཉིན་མོ་ལས་ཀྱང་གསལ། “སང་ཉིན་ད་རྟ་ཟེར་བ་གང་ཡིན་གྱི་ཕུ་ཐག་གཅོད་རྒྱུ་རེད་ཡ།” “འོ་ཡ། རེད་རེད། འོན་ཏེ་ང་ནི་ད་ལོའི་རྟ་གཤིབ་སྟངས་འདི་ལ་ཅུང་སྐྲག་སྣང་སྐྱེ་གི” “ཡ་ཅི་རེད།” “གཅིག་ན་རྟ་ཕོ་དག་གིས་བང་གློད་ས་ཤར་རེར་མིན་པར་འཁྱོག་ནས་རྒྱུག་དགོས་པས་བང་ཆེས་མགྱོགས་པོར་གློད་མི་ཐུབ་པར་སྙམ་པ་དང་། གཉིས་ན་རྨིད་སྟོང་ཕྲག་ནས་ཁྲི་ཕྲག་བརྒྱུགས་ན་རྟ་ཕོའང་དབུགས་ལྡན་ཡིན་པས་འཚང་ནས་ཤི་བའི་ཉེན་ཁ་ཨེ་ཡོད་སྙམ་པ་ཡིན།” “ཧ་ཧ་ཧ། དེ་ནི་ཁྱོད་རྒད་པོས་གླེན་བཤད་ཡིན་རྒྱུ་རེད། རྒྱུག་སྟངས་འདི་ད་སྔ་ས་ཆ་མང་པོ་ཞིག་ལ་དར་དང་དར་བཞིན་ཡོད་མོད། དོན་དག་འདི་གཉིས་བྱུང་རབས་གཅིག་ཀྱང་མ་ཐོས། དེ་ནི་ཁྱོད་རང་‘རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་’དང་། ‘ཨ་མ་མིན་པའི་མི་ངོ་མི་ཤེས་པ་དང་སྒྱེད་པུ་མིན་པའི་ས་ངོ་མི་ཤེས་པའི་’རང་མཚང་ལས་ཅི།” “ཧ་ཧ་ཧ།” “གང་ལྟར་སང་ཉིན་ལ་‘མྱི་གང་བཟང་དང་རྟ་གང་མགྱོགས་’ཀྱི་དབྱེ་ཐག་གཅོད་རྒྱུ་རེད་ཡ། ངའི་གྱི་ལིང་བྱ་དམར་བྱ་འཕུར་བྱ་བཞིན་འཕུར་རྒྱུ་རེད། ཀིས་་་་་ཨ་དགྲ་བླ་མཐུ་རྩལ་ཅན་པོ།” “ཧ་ཧ་ཧ་་་་་་་” སྐབས་དེར་རྒྱུག་ར་མུན་པས་ཡོངས་སུ་བཏུམ་པས་ཅི་ཡང་མི་མཐོང་མོད། དཀྱིལ་གྱི་བསང་ཁྲི་ལས་མེ་ལྕེ་ཆུང་ཆུང་ཞིག་རླུང་གི་རྒྱུ་བ་དང་འགྲོགས་ནས་དལ་གྱིས་གཡོ་བཞིན་འདུག

ཉིན་དེར་ང་ཚོ་ལྟོ་བ་ཤུབས་ཐག་ཆོད་པའི་གཤིབ་རྟ་མང་པོ་ཞིག་འབྲུག་སྟོང་ལྡིར་བ་ལྟ་བུའི་ཀི་སྒྲ་དང་ཁ་བ་བབས་པ་འདྲ་བའི་རླུང་རྟའི་ཁྲོད་ནས་ར་བ་གོར་གོར་དེར་བསྐོར་བ་བྱས་ནས་ཐེངས་མང་པོར་བརྒྱུགས ང་ཚོ་ལ་ཟླུམ་པོར་རྒྱུག་རྒྱུ་མ་ལོབས་པས་ཤར་རེར་ཤོར་ནས་གཤིབ་རྟ་ཁ་ཤས་འགྲན་བསྡུར་དུ་ཞུགས་མ་ཐུབ། ངས་ང་ལ་བཞོན་པའི་ཁྱིམ་བདག་ཚང་གི་བུས་ཁ་དཀྱུ་ཕྱོགས་ལ་དོ་སྣང་ཟབ་མོ་བྱས་པས་ཤར་རེར་མ་ཤོར་ཙམ་བྱུང་མོད། སྔོན་ཆད་ལྟར་བང་ཁ་ཤུགས་ཀྱིས་གློད་ཐབས་མ་བྱུང་། ཐེངས་དེའི་རྒྱུག་ཐག་ཆེས་རིང་བ་སྟེ་རྨིད་སྟོང་ཕྲག་ལྔ་ཅན་གྱི་འགྲན་བསྡུར་ཁྲོད་དུ་ངའི་འཕོངས་ལ་ལྕག་གིས་ཐེངས་གཅིག་ཀྱང་བྲབ་མ་དགོས་པར་ཨང་དང་པོ་བླངས་ཐུབ་སོང་། ཡིན་ནའང་མཇུག་མཐའི་རྒྱུག་འགྲན་རྫོགས་རྗེས་ངའི་མགོ་ནང་དུ་ཟུག་གཟེར་ཅིག་རྒྱུག་ནས་ལུས་འདར་ཏེ་ཅུང་མིན་ན་ལོག་སོང་། མི་ཚོགས་ཆུ་རག་བརྡོལ་བ་ལྟར་ངའི་ཕྱོགས་སུ་ཤོར་ནས་བསྟོད་བསྔགས་བསང་འབོད་བཞིན་སྒྲོག་ཅིང་། གོས་དར་སྣ་ཚོགས་ཀྱིས་ང་རང་དར་ལྕོག་ལྟ་བུ་ཞིག་ཏུ་བཏང་ནས་མཐོང་ལམ་ཡང་བསྒྲིབས་ལ་ཉེ། ཉིན་དེ་དང་མཇུག་མཐའི་བརྒྱུགས་འགྲན་དེ་བརྒལ་བ་ནས་བཟུང་ང་རང་ཡུལ་འདིའི་མི་མང་པོ་ཞིག་གི་བརྗོད་གཞི་ཞིག་ཏུ་གྱུར་བ་དང་མིག་རིག་རིག་གིས་བལྟ་ཡུལ་དུའང་གྱུར། དེ་ནས་བཟུང་ངའི་མིང་གི་སྔོན་དུ་རྫོང་འདིའི་མིང་སྦྱར་དེ་“གཡུ་རྩེའི་གྱི་ལིང་བྱ་དམར།” ཞེས་འབོད་ཀྱིན་འདུག མིང་དེ་ནི་གཟུགས་མེད་རླུང་གིས་ཁྱེར་བ་ལྟར་ཡུལ་གྲུ་གཞན་དང་གཞན་དུ་མྱུར་མོར་གྱར་སོང་བ་འདྲ། ངས་ཐེངས་དེར་དགའ་རྟགས་ཆེས་མཐོ་བ་བླངས་པའི་ཉིན་འགའི་རྗེས་ནས་ཞྭ་ལུགས་གོས་སྟབས་མི་འདྲ་བའི་མི་ཁ་ཤས་རེ་ཁྱིམ་བདག་ཚང་ལ་འོང་ནས་ཁ་བརྡ་ལག་བརྡ་སྣ་ཚོགས་ཀྱིས་ཅི་ཞིག་བཤད་པ་དང་། ང་ལ་གཡས་བལྟ་གཡོན་བལྟ་ཡང་ཡང་བྱེད། ཡིན་ནའང་ལས་ལམ་ལ་འགྲོ་བ་ཞིག་ལ་ངའི་ཁྱིམ་བདག་གིས་མགོ་ཡན་ལ་ལག་བརྡ་བྱས་ནས་ང་ལ་རིན་དངུལ་ཇི་འདྲའི་མཐོན་པོ་སྟེར་ནའང་ཁོ་ཚོར་བཙོང་མ་སོང་། དེ་བས་ངེད་མ་བུ་གཉིས་ཀྱིས་ཁྱིམ་བདག་ལ་སེམས་ཀྱིས་བཀའ་དྲིན་ཞུ་བཞིན་ཡོད། དེ་ལྟར་ལགས་ཀྱང་ཨ་མས་བཤད་ན། “མི་ཟེར་བ་འདི་ནི་འདོད་རྔམ་ལ་ཚིམ་དུ་མེད་པའི་སྲོག་ཆགས་ཧམ་པ་ཅན་ཞིག་ཡིན་ཕྱིར་ནམ་ཉི་མ་ཞིག་ལ་ཁྱོད་རང་རིན་གོང་མཐོན་པོ་ཞིག་ཏུ་བརྗེ་ཤས་ཆེ་ལ། ཁྱོད་རང་ན་སོ་རྒས་ཚེ་རིན་ཐང་དེ་མ་ཐག་ཏུ་མར་ཆགས་ནས་རྫི་རྟ་གོ་སྟན་ལྟ་བུར་འགྱུར་ཉེན་ཡང་ཆེ། ”ཞེས་སེམས་ཁུར་གྱིས་མནན་བྱུང་། ངས་ཨ་མའི་རྔོག་ཆུང་དུ་ལྡག་ལྡག་བྱེད་ཀྱིན་“དེ་འདྲ་མི་སྲིད། ང་ཚོའི་ཁྱིམ་བདག་གིས་ང་རང་ཤིན་ཏུ་གཅེས་པས་དེ་འདྲ་བྱེད་མི་སྲིད་”ཅེས་སེམས་གསོ་བྱས་མོད། ངའི་སེམས་ནང་དུ་ཨ་མས་བཤད་པའི་སྐད་ཆ་དེ་མི་བདེན་པའི་གདེང་ཚོད་གང་ཡང་མེད།

ང་ཚོའི་ས་ཆར་རྒྱུག་ར་གོར་གོར་བསྐོར་ཏེ་རྟ་གཤིབ་བྱེད་པའི་སྲོལ་དེ་ནི་དགུན་གྱི་རྩྭ་ཐང་ལ་མེ་ལྕེ་མཆེད་པ་ལྟར་མགྱོགས་མྱུར་གྱིས་ཁྱབ་སྟེ་ད་ནི་སྔོན་གྱི་ལོ་གཅིག་ཐེངས་གཅིག་གི་རྟ་གཤིབ་ཀྱི་གྲངས་ལས་སྐད་ཅིག་གིས་བརྒལ། ལོ་ངོ་གཅིག་གཉིས་ཀྱི་ཡུན་ལ་ས་གཞི་འཁྱག་གིས་བསྡམས་པའི་དགུན་གྱི་དུས་ཚིགས་གཅིག་པོ་ཕུད་གཞན་གྱི་དུས་ཚིགས་གསུམ་གར་རྟ་གཤིབ་བྱེད་པའི་ཚ་རླབས་ཀུན་ནས་འཕྱུར། རྟ་གཤིབ་ཀྱི་ཚ་རླབས་འཕྱུར་བ་ནས་ངའི་ལུས་ཐོག་ཏུ་ད་སྔ་བསམ་ཡང་མ་མྱོང་བའི་དོན་དག་མང་པོར་འཕྲད། ད་ལྟ་ང་རང་ཨ་མ་སོགས་ཕུ་ནུ་ཚོ་དང་མཉམ་དུ་རང་དབང་གི་རྩྭ་ཆུར་རོལ་བའི་བདེ་སྐྱིད་ཀྱི་འཚོ་བ་ག་ལ་ཡོད། ཉིན་མཚན་ཀུན་དུ་སྒོ་ཁྱི་ལྟར་བཏགས་ནས་ཟས་སྣ་གཅིག་གཉིས་ཤིག་མི་འདོད་བཞིན་དུ་ཟ་དགོས། ཟས་དེ་དག་ཟོས་ཚེ་ལུས་ལ་ཤ་ཆགས་སླ་བར་འདུག ཡིན་ནའང་ཤ་རྒྱག་པར་ཆགས་ནས་སྐྱིད་སྐྱིད་ཀྱིས་སྡོད་དབང་ག་ལ་ཡོད་དེ། རྟ་གཤིབ་ཐེངས་རེ་རེར་ངའི་ལྟོ་བ་རྒལ་བར་འབྱར་བ་ལྟ་བུ་བཤངས་བར་བྱེད། དེ་ལྟར་བཤངས་ཐེངས་རེར་ལྟོ་བར་བཀྲེས་སྐོམ་གྱི་ཟུག་གཟེར་ཆེན་པོ་ཐོན་གྱིན་པ་ཁྱིམ་བདག་ཚོས་ཡེ་ནས་ཤེས་ཀྱིན་མེད། ད་དུང་ངེད་ཅག་རྟའི་རིགས་ལ་ལོ་རྒྱུས་སྟེང་བྱུང་མྱོང་མེད་པའི་དོན་དག་ཅིག་མགོ་ཐོག་ཏུ་བྱུང་བ་ནི། ང་རང་ལྡིར་སྒྲ་འཇིགས་པོ་གྲག་ཅིང་བཟོད་དུ་མེད་པའི་དྲི་མ་བཙོག་པོ་བྲོ་བའི་འཕྲུལ་ཆས་ཀྱི་ལྕགས་གཞོང་ང་སྒམ་ཞིག་ཏུ་བཅུག་ཅིང་མགོ་བོ་གཡས་གཡོན་ལ་དཀྱོག་དབང་ཙམ་ཡང་མེད་པར་ལྕགས་ཀྱི་ཀ་བར་འདོགས། དེ་ནས་ང་རང་ལྡིར་སྒྲ་དང་ཆོམ་སྒྲའི་ཁྲོད་ནས་གང་ཞིག་ཏུ་ཁྱེར་འགྲོ། སྐབས་དེར་ང་རང་ཤིན་ཏུ་སྐྲག་ནས་ལྕགས་གཞོང་དེའི་སྟེང་ནས་མཆོངས་ཏེ་རང་སྲོག་གཅོད་རྩིས་བྱས་མོད། ལྕགས་སྲབ་རྒྱུན་བུའི་སྲབ་མདའ་ཅན་དམ་པོར་བཏགས་ཡོད་པས་སེམས་ཀྱི་རྗེས་སུ་ལུས་ག་ལ་འབྲང་ནུས། འཇིག་རྟེན་སྟེང་འོག་བརྗེ་བ་ལྟ་བུའི་མགོ་ཡོམ་འཁོར་ནས་ང་རང་སར་ཕབ་ཚེ་སུག་བཞི་ཐང་ལ་མི་ཆགས་པའི་ཚོད་དུ་བསྐྱལ་ཡོད། ཁྱིམ་བདག་སོགས་ཀྱིས་ཅི་མི་སྙམ་པར་ང་རང་སང་ཉིན་གནང་ཉིན་རྒྱུག་སའི་ར་བ་དེར་ཚོད་ལྟ་བྱས་ནས་བང་གློད། ང་རང་ཐེངས་དུ་མ་ལོག་ནས་སུག་བཞི་གཅོག་ལ་ཁད་དང་རྐེ་ཚིགས་ཕུད་ལ་ཁད་བྱས་རུང་བདག་པོས་ནི་ང་ལ་དམོད་མོ་བྱེད་པ་ལས་ང་རང་མགོ་ཡོམ་འཁོར་ནས་རྒྱུག་ཐུབ་ཀྱིན་མེད་པ་རྟོགས་ཀྱིན་མེད་པ་འདྲ། “འདི་ནི་ཚེ་སྲོག་གིས་རྩེད་སྤྱད་བྱས་པ་རང་རེད།”ཅེས་ང་ཚོ་གཤིབ་རྟ་ལས་ངན་དག་གིས་གཅིག་གིས་གཅིག་ལ་ལྐོག་ལབ་རེ་བྱེད་རྒྱུ་ལས་ཐབས་ཅི།

ད་ནི་ང་རང་རྨིད་ལྔ་སྟོང་ལས་ཆེས་ཆེར་བརྒལ་ཏེ་རྨིད་ཁྲི་གཅིག་ལ་གཤིབ་པའི་གྲས་སུ་རྒྱུག་དགོས་ཡོད། འབྲོག་པ་ཚོས་འདི་ལ་“ཁྲི་རྒྱུག”ཅེས་འབོད་ཀྱིན་འདུག་ལ་དེ་ནི་ཁོ་ཚོར་མཚོན་ན་ཆེས་སྤྲོ་སྣང་ཡོད་པའི་བྱ་བ་ཞིག་ཡིན་པ་འདྲ། ཁོ་ཚོས་ནམ་ཡང་རྟ་ཞེས་པ་འདི་དབུགས་ལྡན་གྱི་དུད་འགྲོ་ཞིག་ཡིན་པ་ལ་མཉམ་འཇོག་གང་ཡང་བྱེད་མི་སྲིད་དེ། ང་ཚོའི་དབུགས་ཀྱི་རྒྱུ་བ་འགག་ལ་ཉེ་ཡང་འཕོངས་ལ་ལྕགས་ཀྱིས་བྲབ་ནས་ཁོ་ཚོའི་དམིགས་ཡུལ་དུ་སླེབས་རག་བར་སྡོད་དུ་ག་ལ་འཇུག ང་རང་“ཁྲི་རྒྱུག”བྱེད་ས་འགའ་ནས་ཅུང་མིན་ན་དབུགས་འཚང་ནས་ཤི་སོང་། རབ་རུབ་ཏུ་གྱུར་བའི་མི་ཚོགས་ཀྱིས་རུབ་རུབ་ངང་ཅི་ཞིག་བརྗོད་ཀྱིན་ཡོད་པ་རྣ་བས་གོ་མི་ཐུབ་ལ། བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་གྱི་རི་མོས་སྤུད་པའི་ཁ་བཏགས་སྣ་ཚོགས་དང་། རྒྱ་སྨུག རྒྱ་གསེར། ནོར་ཆབ། གཡུང་རིས་མ་སོགས་གོས་ཆེན་སྣ་ཚོགས་སྐེ་ལ་འཕེན་ཞིང་དངོས་པོ་གང་ཞིག་ངའི་གདོང་བའི་སྲབ་ཀྱི་གསེང་དུ་འཇུག རྗེས་སུ་ངའི་རྒྱུག་གྲོགས་ཤིག་གིས་བཤད་ན་དེ་ནི་མི་ཚོ་ཆེས་ཆེར་དགའ་སའི་ཤོག་བུ་དམར་པོ་དེ་རིགས་རེད་ཟེར། དེ་ལྟར་“སྟོང་རྒྱུག” “ཁྲི་རྒྱུག”ཐེངས་མ་རེ་རེ་ནི་ང་རང་གཤིན་རྗེ་ཆོས་རྒྱལ་གྱི་སྒོ་ལམ་དུ་ཐོན་ལ་ཉེ་བའི་ཚེ་སྲོག་གི་འགྲན་རྩོད་རེ་རེ་ཡིན་ཞིང་། བདག་པོར་རླངས་འཁོར་དང་། འཕྲུལ་རྟ། རྟ་སྒ། གསེར་དངུལ་ཟངས་གསུམ་གྱི་རྟགས་མ། ཁོ་ཚོ་ཆེས་དགའ་སའི་ཤོག་བུ་དམར་པོ་བཅིང་ཐོ་དང་བཅིང་ཐོ་སོགས་ཡོ་བྱད་ཅི་ཡང་ཐོབ་ཐེངས་རེ་རེ་ཡིན།

ད་ནི་ངའི་བདག་པོས་ཁ་པར་གོང་ཆེན་ཞིག་ཉོས་ཏེ་ཐག་ཉེ་རིང་གཉིས་ཀྱི་རྟ་རྒྱུག་འགྲན་བསྡུར་སྣ་ཚོགས་ཀྱི་བརྡ་སྦྱོར་དང་གནས་ཚུལ་གང་མང་མང་ཞིག་ལ་རྒྱུས་ལོན་བྱེད་ཀྱིན་ཡོད་པ་འདྲ་སྟེ། དཔྱིད་དབྱར་སྟོན་གསུམ་སྨོས་ཅི་ཐ་ན་དགུན་གྱི་གྲང་རླུང་རྒོད་པོའི་གཙུབ་བརྡར་ཁྲོད་དུ་ཁ་བའི་འདབ་མ་དབྱིངས་སུ་འཕུར་བའི་སྐབས་སུའང་ང་རང་ལྕགས་ཀྱི་སྒམ་དྲི་བཙོག་ཅན་དེའི་ནང་དུ་བཞག་ཏེ་ཉིན་མཚན་འགའ་བརྒྱུད་ནས་དགུན་གྱི་འཁྱག་གྲང་དེ་འདྲ་མི་ཆེ་བའི་ས་རེར་ཁྱེར་འགྲོ། མི་ཚོའི་གཏམ་དཔེར་“ཤི་རྒྱུ་མིན་པར་ལོབས་རྒྱུ།”ཞེས་པ་ལྟར་ང་ལ་དང་ཐོག་འདྲ་བའི་སྡུག་བསྔལ་ཆེན་པོ་བཟོད་དུ་མི་ཐུབ་པ་མེད་མོད། རྣ་ལ་གཟན་པའི་ལྡིར་སྒྲ་དང་ཞེན་པ་ལོག་པའི་དྲི་བཙོག་གིས་ང་རང་ཐང་ལ་བབས་རྗེས་སུའང་ཧ་ཅང་མི་སྐྱིད་པ་རེ་བྱས་འགྲོ། ང་རྟ་རྒྱུག་འགྲན་ཚོགས་ཆེན་པོ་མང་པོར་ཞུགས་སྐབས་སུ་རྟ་ཡིན་ཡང་ང་ཚོ་དང་མི་འདྲ་བར་རྐང་ལག་ཤིན་ཏུ་རིང་བོ་ཅན། སྐེ་ཕྲ་ལ་རིང་བོ་ཅན། རྔ་མ་ཐུང་ངུ་ཅན། འབྲོག་པ་ཚོས་ “རྒྱ་རྟ་”རུ་འབོད་པ་ཁ་ཤས་མ་གཏོགས་ཕལ་ཆེར་གཅིག་ཀྱང་སྔོན་དུ་བཏང་མ་མྱོང་ཞེས་བརྗོད་ཀྱང་ཆོག དེའི་ཕྱིར་ངའི་མིང་ནི་མི་ཚོས་འཕོངས་གདན་ལ་བསྡད་ནས་ལྟ་ཆོག་པའི་གཟུགས་བརྙན་སྣ་ཚོགས་འཆར་སའི་འཕྲུལ་ཆས་ཀྱི་སྒམ་དེའི་སྟེང་དུའང་མང་པོ་སྟོན་གྱིན་ཡོད་ཟེར། ཡིན་ནའང་ང་ནི་མིང་དེར་ཤིན་ཏུ་སྐྲག་སྟེ། ཉིན་ཉི་མ་ཞིག་ལ་མཐའ་མེད་པའི་རྒྱུག་ར་གོར་གོར་ཞིག་ནས་དབུགས་ཆད་དེ་ཕྱི་མའི་འཕྲང་རིང་འགྲིམ་དགོས་ཐུག་ཨེ་འགྲོ་སྙམ། དེ་བས་ངས་རི་ལུང་ཐང་གསུམ་ན་གནག་ཕྱུགས་ཀྱི་རྗེས་སུ་བདག་པོའི་བཀོད་སྒྲིག་འོག་མགོ་བོ་དུད་དེ་འགྲོ་བའི་རྫི་རྟ་དག་ལ་ཡིད་སྨོན་ཤོར་ཞིང་། སོ་སོའི་སྤུན་ཉེ་རྟ་ཁྱུའི་གྲས་ན་རི་གསུམ་གྱི་རྩྭ་ཟ་ཞིང་ལུང་གསུམ་གྱི་ཆུ་འཐུང་དེ་སྡོད་པའི་རྟ་རྒན་ཚོར་སྨོན་པ་ཆེན་པོ་ཤོར།

“ཨ་མའི་གཅེས་ཕྲུག ཁྱོད་ལ་མིང་གྲགས་ཅི་ཙམ་ཆེ་ན་དེ་ཙམ་གྱིས་དཀའ་ལས་མྱོང་ངེས་པས། ད་ཁྱོད་རང་རྗེས་སུ་མུ་མཐུད་དུ་ངའི་མིག་གི་མཐོང་སར་འདུག་ཐུབ་མིན་ཡང་སུས་ཤེས།་་་་་་”ཨ་མ་བཤད་པའི་སྐད་ཆ་དེ་ནི་ཅིས་མ་བདེན། ད་ལྟ་ང་རང་ལོ་འཁོར་མོའི་དུས་ཚོད་མང་ཕྱོགས་ནི་གཞན་ཡུལ་ལམ་རྟ་རྒྱུག་གི་འདུ་འཛོམས་ཏག་ཏག་ཏུ་ལྟོ་བ་བཤངས་ཏེ་འགྲོ་དགོས་ལ། ལྷག་མའི་དུས་ཚོད་ནི་ཁྱིམ་བདག་ཚང་གི་གྱང་ར་རྫོབ་པོ་དེའི་ནང་ནས་དགུན་གྱི་འཕྱི་བ་བཞིན་སྡོད་དགོས་པས་ངས་ནང་དགོང་དག་ཏུ་རྟ་ཁྱུ་ལྷས་ལ་ཕབ་དུས་དང་ལྷས་ནས་ཕུད་དུས་སུ་ཨ་མར་འཚེར་སྐད་ཀྱིས་ཁམས་འདྲི་རེ་ཞུ་རྒྱུ་ལས་ངེད་གཉིས་གཅིག་གིས་གཅིག་མཐོང་བའི་གོ་སྐབས་ཤིན་ཏུ་ཕྲ།

ད་ནི་ང་རང་ཁ་ན་སོ་ལྔ་བར་བུད་མ་ཐག་ཡིན། ངས་ཕོ་གཞི་སྟེ་ལོ་བཞིའི་སྟེང་ནས་བཟུང་བདག་པོ་ཚང་ལ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ཞབས་ཞུ་ལོ་ངོ་ལྔའི་རིང་ལ་བྱས། ང་རང་གི་དྲིན་གྱིས་ད་ལྟ་ངའི་ཁྱིམ་བདག་རིག་བཟང་ཚང་ཟེར་ན་རྒྱ་བོད་ཧོར་གསུམ་ཟེར་ན་ཅུང་ཆེ་ཡོད་ལས་ཆེ་མོད། ཡུལ་འདིའི་ཐག་ཉེ་རིང་གི་སྟོད་སྨད་བར་གསུམ་དུ་ “བོས་ན་མིང་ཡོད་ས་དང་བགོས་ན་སྐལ་ཡོད་ས་”ཞིག་ཏུ་བཏང་ཡོད་པ་མ་ཟད། བདག་པོ་ཚང་ལ་རྒྱུ་ནོར་གྱི་ཁ་སྣོན་སྔ་ན་མེད་པ་ཞིག་བྱས་པས་ཉེ་སྔོན་ཁྱིམ་བདག་ཚང་གི་བྱིས་པ་དང་ཁྱིམ་མཚེས་ཚང་གི་བྱིས་པ་དག་གིས་ར་སྐོར་ནང་དུ་རྩེད་མོ་རྩེ་བའི་སྐབས་སུ་ངའི་ཁྱིམ་བདག་ཚང་གི་བྱིས་པ་ལོ་ན་བརྒྱད་ཅན་དེས་“ངེད་ཚང་གིས་རྫོང་ཐོག་ཏུ་ཁང་བ་ཆེན་པོ། ཡག་པོ་ཉོས་ནས་ཚོང་བྱེད་རྒྱུ་རེད་ལོ་ལོ།”ཞེས་ཁྱིམ་མཚེས་ཚང་གི་བྱིས་པ་ལ་ངོམ་སོ་བྱེད་ཀྱིན་པ་ཐོས། བྱིས་པའི་སྐད་ཆར་ཉན་ན་ངས་ཁྱིམ་བདག་ཚང་རྒྱུ་ཐོག་ཏུ་ཕུད་ཡོད་པ་རྟོགས། དེའི་ཕྱིར་ངས་ཁྱིམ་བདག་གིས་རང་ལ་དྲིན་ལན་ཡག་པོ་ཞིག་འཇལ་རྒྱུ་སྨོས་མེད་ཡིན་ངེས་སྙམ་ནས་རེ་བའི་སེམས་འདུན་ཧ་ཅང་ཆེན་པོས་ངང་སྒུག་བྱས་ཡོད།

དཔྱིད་མགོ་མའི་རླུང་འཚུབ་དྲག་པོས་ཁྱིམ་ཚང་རེ་རེའི་ལྷས་ནང་གི་ས་རྡུལ་དང་ལྕི་རྡུལ། རུལ་མའི་རྡུལ། རྟ་ལུད་ཀྱི་རྡུལ། ཐལ་སྤུངས་ཀྱི་རྡུལ་སོགས་ནམ་མཁར་ཕྱར་ནས་མིག་འབྱེད་མི་ཐུབ་པའི་ཉིན་ཞིག་ཞྭ་ལུགས་གོས་སྟབས་མི་འདྲ་བའི་མི་ཁ་ཤས་ཤིག་གིས་ང་རང་ནམ་རྒྱུན་གཞུག་འཕོངས་སུ་བཞག་ནས་རྟ་རྒྱུག་བྱེད་སྒོ་དག་ཏུ་ཁྲིད་བྱེད་ཀྱི་ལྕགས་སྒམ་མམ་རླངས་འཁོར་དུ་འབོད་པ་དེ་དང་འདྲ་བ་ཞིག་གི་ཁ་ལོ་བསྐོར་ནས་ངེད་ཚང་ལ་ཐོན། ངའི་ཁྱིམ་བདག་ཚང་གིས་དགའ་དགའ་སྤྲོ་སྤྲོའི་ངང་ནས་མགྲོན་པོ་དེ་ཚོར་སྣེ་ལེན་བྱེད་ཀྱིན་འདུག་ལ། ཅུང་འགོར་རྗེས་ཁོ་ཚོ་ཚང་མ་ངའི་ཟུར་དུ་འོང་ནས་གཡས་བལྟ་གཡོན་བལྟ་དང་། ར་བའི་ནང་ནས་ཕྱི་ལ་ཡར་ཁྲིད་མར་ཁྲིད་འགའ་བྱས་ནས་“ཡ་དེས་ན་ཚོང་ཐག་དེ་ལྟར་བཅད་པ་ཡིན། ཤག་པོ་རིག་བཟང་། དེ་ཨེ་རེད་དམ།”ཞེས་མ་ནེ་རྒྱ་རག་ཅན་གྱི་མི་དེས་བཤད་པ་ན། “ངས་ཁྱོད་ལ་ན་ནིང་ནས་བཤད་པ་ལྟར་དང་ད་སྔོན་ཡང་དང་བསྐྱར་དུ་བཤད་པ་ནང་བཞིན། ངེད་ཚང་གི་‘གཡུ་རྩེའི་གྱི་ལིང་བྱ་དམར་’ཟེར་ན་རྨིག་བཞིར་རླུང་གི་འཁོར་ལོ་སྤྲད་པ་དང་འདྲ་ལ། དབུགས་ཡུན་དེང་རབས་འཕྲུལ་ཆས་ཀྱི་ནུས་ཤུགས་ལ་འགྲན་ཐུབ་པ་ལྟ་བུའི་གཡང་གི་རྟ་ཕོ་ཞིག་ཡིན་པ་རང་གིས་ཤེས་གསལ་ལྟར་རེད། ཡིན་ནའང་ཁྱོད་ཀྱིས་ཐེངས་དུ་མར་ང་ལ་རེ་བ་བཏོན་པ་ལྟར་ད་དེ་ལྟར་འཚོང་རྒྱུ་ལས་འོས་མེད་སོང་བ་རེད།”ཅེས་པའི་སྐད་ཆ་དེ་ངའི་རྣ་བར་ལྷུང་མ་ཐག་ཏུ་ང་ནི་རང་གི་རྣ་བར་ཡང་ཡིད་མ་ཆེས་པར་བདག་པོའི་གདོང་ལ་ཡང་ཡང་བལྟ་དགོས་བྱུང་ཞིང་། ཡུན་རིང་ཧད་པར་གྱུར། ངའི་མགོ་བོ་སྟོང་བར་གྱུར་དེ་ཡིད་ལ་ཅི་ཡང་དྲན་རྒྱུ་མེད་པའི་བེམ་པོ་ལྟ་བུ་ཞིག་ཏུ་གྱུར། ང་སེམས་ཐོག་ལ་ཐོན་པའི་སྐབས་སུ་མགྲོན་པོ་དང་བདག་པོ་གཉིས་ཀྱིས་མི་ཚོ་ཆེས་དགའ་སའི་ཤོག་བུ་དམར་པོ་ང་རང་རྒྱུག་གཤིབ་བྱེད་སྒོ་རེ་རེའི་སྐབས་ཀྱི་རླུང་རྟ་བདམ་མ་བདམ་མ་ལྟར་ཤིན་ཏུ་མང་པོ་ཞིག་མཛུབ་མོར་མཆིལ་མ་རེ་བཏབས་ནས་རྩི་བཞིན་འདུག

བདག་པོ་བརྩེ་མེད་དེས་ཁོ་ཚོར་རོགས་བྱས་ཏེ་ང་རང་ལྕགས་སྒམ་དྲི་བཙོག་དེའི་ནང་དུ་བཞག་ནས་དཔྱིད་ཀྱི་རྡུལ་རླུང་འཚུབ་མའི་ཁྲོད་ནས་གང་ཞིག་ཏུ་ལམ་ལ་ཆས། “ཨ་མའི་གཅེས་ཕྲུག ཁྱོད་ལ་མིང་གྲགས་ཅི་ཙམ་ཆེ་ན་དེ་ཙམ་གྱིས་དཀའ་ལས་མྱོང་ངེས་པས། ད་ཁྱོད་རང་རྗེས་སོར་མུ་མཐུད་དུ་ངའི་མིག་གི་མཐོང་སར་འདུག་ཐུབ་མིན་ཡང་སུས་ཤེས།་་་་་་”ངའི་ཨ་མས་བཤད་པའི་སྐད་ཆ་དེ་དག་སེམས་ལ་ཤར་ནས་མིག་ཟུང་མཆི་མས་སྦགས། རྡུལ་རླུང་འཚུབ་མའི་ཁྲོད་ནས་ངས་བདག་པོ་ཚང་གི་ཁང་བར་ཕྱིར་མིག་ཡང་ཡང་བལྟས། ངས་རི་སྒང་ཤོད་གསུམ་ལ་ཇི་ལྟར་ཅེར་ཡང་ཨ་མ་གཙོ་ཡིན་པའི་སྤུན་ཉེ་དག་མཐོང་ལམ་དུ་མ་སྣང་། རྡུལ་རླུང་འཚུབ་མ་དང་མིག་སྒམ་ནས་བབས་པའི་གཤེར་ཁུ་ཡིས་ངའི་མིག་ཟུང་རབ་རིབ་ཏུ་བཏང་། ངས་རང་གི་ལྟེ་ཁྲག་འཕོ་སའི་ཡུལ་ལྗོངས་འདིར་འབྲལ་མི་བཏུབ་པའི་སེམས་ཁམས་སྐྱུར་བོ་ཞིག་གིས་ཡ་ཁོག་གང་དེ་རྒྱང་རིང་ནས་རྒྱང་རིང་དུ་བཞུད། ཡ་ང་སྙིང་རྗེ་བྲལ་བའི་བདག་པོའི་ཐོག་ཏུ་ཁོང་ཁྲོ་དྲག་པོ་ལངས་ནས་ཁ་ནང་གི་སྲབ་ལྕགས་སོ་ཡིས་ཤུགས་ཀྱིས་མུར། རྐང་ལག་གིས་ལྕགས་སྒམ་གྱི་མཐིལ་ལ་ཤུགས་ཀྱིས་བརྡབ། ཡིན་ནའང་ངའི་བདག་པོའི་སེམས་པ་ནི་ཁ་ནང་གི་ལྕགས་དང་རྐང་འོག་གི་ལྕགས་ལྟར་སྲ་བས་ཤ་རུས་ཀྱིས་གྲུབ་པའི་ངའི་ལུས་ཕུང་གཉོམ་པོས་རྒོལ་ག་ལ་ཚུགས་ཨང་།

ཉིན་གང་བོར་ཉི་མ་ནུབ་བཞུད་ཀྱི་ལྡོག་ཕྱོགས་སུ་སོང་སོང་མཐར་འཛེར་སྒྲས་རྣ་བ་གཙེ་ཞིང་དྲི་ངན་སྣ་ཚོགས་ཀྱིས་མགོ་ཡོམ་མཁོར་བའི་རྫོང་མཁར་ཆ་མེད་ཅིག་ཏུ་ཐོན། དེ་རུ་ར་སྐོར་ཅུང་ཆེ་བ་ང་བཞག་ཡོད་སའི་ལྕགས་སྒམ་དེ་རླངས་འཁོར་མང་པོ་ནོར་རྡང་ལ་བཏགས་པ་ལྟར་བསྒྲིགས་པའི་གྲས་ཤིག་ཏུ་བསྡད། ཞྭ་ལུགས་གོས་སྟབས་མི་འདྲ་བའི་ད་ལྟའི་ངའི་བདག་པོ་དེ་ཚོས་ངའི་མཐའ་སྐོར་ནས་བལྟ་ཙམ་བྱས་རྗེས་ཡིད་ཚིམ་པའི་ཉམས་ཀྱིས་ངའི་ཐད་ཀྱི་ཐོག་ཁང་དེའི་ནང་དུ་འཛུལ་སོང་།

དོ་ནུབ་ཁོ་ཚོ་གནས་འདིར་ཞག་སྡོད་བྱེད་རྒྱུ་ཡིན་པ་འདྲ་སྟེ། མུན་པ་རུབ་ནས་ཁང་བརྩེགས་དག་གི་སྒེའུ་ཁུང་ལས་གློག་འོད་འཕྲོ་བཞིན་འདུག་མོད་ཁོ་ཚོ་ད་དུང་ལོག་མ་བྱུང་། མུན་རུབ་ནས་དུས་ཡུན་རིང་ཙམ་འགོར་རྗེས་འཛེར་སྒྲ་སྣ་ཚོགས་ནི་ཅུང་ཇེ་ཉུང་དུ་སོང་མོད་མཁའ་དབུགས་དེ་ནི་དྲི་བཙོག་གིས་ཡོངས་སུ་ཁྱབ་ནས་ངའི་སྣ་ལ་མུ་རུ་འཚང་འོང་། མི་ཚོས་“དཔྱིད་ཉི་དམར་ལྡང་མ་”ཞེས་ཉི་མ་ཤིན་ཏུ་རིང་ལ་མཚན་མོ་ནི་དེ་ལས་ལྡོག་སྟེ་ཐུང་བར་བརྩིས་ནའང་ང་ལ་མཚོན་ན་དོ་ནུབ་ཀྱི་མཚན་མོ་ནི་ལོ་ཟླའི་འཕྲང་རིང་ཞིག་ཕར་ལ་སྐྱེལ་བ་ལྟར་ཟད་དུ་མི་འདུག ངས་ཤར་ཕྱོགས་ནས་སྐྱ་རེངས་ཀྱི་ཞལ་ངོ་ཞིག་ཨེ་མཐོང་གི་རེ་བའི་ཁྲོད་ནས་གཉིད་ཐུན་ཞིག་གམ་འཁྲུལ་སྣང་གང་ཞིག་ཏུ་འབྱམས། ང་རྒྱུག་ར་གོར་གོར་ཞིག་ཏུ་“ཁྲི་རྒྱུག”“སྟོང་རྒྱུག”གྲངས་མེད་བྱས་པའི་ཁྲོད་ནས་ཞྭ་ལུགས་གོས་སྟབས་མི་འདྲ་བའི་མི་ལག་གང་མང་བརྒྱུད་དེ་མ་ཤི་དམྱལ་བའི་སྡུག་བསྔལ་ཞིག་མྱོང་གིན་ཡོད་ལ། རྒྱུག་ར་ནས་དབུགས་ཆད་དེ་ཐེངས་དུ་མར་ཡང་ཤི་ཡང་གསོན་བྱས། མཐར་ན་སོ་རྒས་ནས་རྒྱུག་ནུས་ཡེ་ནས་མེད་པའི་སྐབས་སུ་ཡང་ཞྭ་ལུགས་གོས་སྟབས་མི་འདྲ་བའི་བདག་པོ་ཞིག་གིས་བཤས་ར་དམར་པོ་ཁྲག་གིས་བརྫིས་པ་ཞིག་ཏུ་བསྐྱལ། ངས་ཨ་མར་ཐེངས་ཅི་ཙམ་བོས་ནའང་ཨ་ལན་འདེབས་མཁན་ཞིག་མ་བྱུང་བར་ལུས་ཡོངས་ཁྲག་གིས་མདོག་དམར་པོར་བསྒྱུར་བའི་མི་ཁ་ཤས་ཀྱིས་གྲི་རིང་རེ་བཟུང་ནས་ངའི་སྙིང་ལ་བརྡབ། ངས་འཕག་ཚག་དང་འོ་དོད་ཅིག་བྱས་པ་ན་གློ་བུར་དུ་གཉིད་དམ་འཁྲུལ་བ་དེ་ལས་སད། དེ་དུས་ཤར་ཕྱོགས་ནས་སྐྱ་རེངས་ཀྱིས་འོད་མདངས་ཤིག་འཇིག་རྟེན་དུ་དལ་གྱིས་འཕྲོས་འོང་གིན་འདུག་གོ།།


རྩོམ་ཡིག་སྔོན་མ།
2016ལོའི་དེབ་4པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1