འགོ་ཚུགས་མཛད་སྒོའི་སྟེང་། བོད་རིགས་དང་ཆའང་རིགས། ཧུའེ་རིགས། རྒྱ་རིགས་བཅས་ཀྱི་འཁྲབ་སྟོན་པ་400ལྷག་གིས་ཇ་རྟའི་གནའ་ལམ་དུ་བྱུང་བའི་ངོ་མཚར་གཏམ་རྒྱུད་སྣ་ཚོགས་དང་ཕྱི་གླིང་བ་ཝའེ་ཨར་ཞོན་ཟུང་ཆུར་ཕེབས་པ་སོགས་ཀྱི་བཤད་རྒྱུན་སྣ་ཚོགས་གར་སྟེགས་སུ་དྲངས་ཏེ་ཐང་བོད་ཀྱི་ངོ་མཚར་གཏམ་རྒྱུད་དང་གནའ་བོའི་གླུ། གནའ་མཁར་དུ་མེ་ཏོག་བཞད་པ། ཟུང་ཆུའི་བསྟོད་གླུ་བཅས་འཁྲབ་ཚན་བཞི་ཡི་སྒོ་ནས་འཁྲབ་སྟོན་བྱས་ལ། དེ་ཡང་མེ་ཏོག་ཞབས་བྲོ་དང་སེང་འཆམ་སོགས་རྩེད་རིགས་སྣ་ཚོགས་ཀྱིས་ཐང་རྒྱལ་རབས་དུས་ཀྱི་གནའ་མཁར་ཟུང་ཆུར་སྟོབས་འབྱོར་མངའ་ཐང་རྒྱས་པ་མངོན་བྱུང་།
ཐེངས་འདིའི་ཟུང་ཆུའི་གནའ་གྲོང་ལྒང་ཞུའི་དུས་སྟོན་ཟླ་10བའི་ཟླ་མཇུག་བར་རྒྱུན་མཐུད་ངང་སྤེལ་རྒྱུ་རེད་ལ། དེའི་རིང་དུ། ཤར་དུང་རིའི་རྩེར་བསྙེགས་པ་སྟེ་སློབ་ཆེན་སློབ་མའི་རི་ཁུག་གི་རྐང་འཁོར་འགྲན་སློང་འགྲན་སྡུར་དང་། གྲངས་ཉུང་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བརྩམས་ཆོས་འགྲེམ་སྟོན། 4+2ཁང་འཁོར་བསྐོར་ཏེ་རང་སྒེར་གྱིས་སྒར་བརྒྱབ་ནས་ཡུལ་སྐོར་བྱེད་པ། དཀར་གསལ་ཟླ་བའི་འོག་གི་ཟུང་ཆུའི་མཛེས་ལྗོངས་བརྗོད་དོན་བྱས་པའི་པར་རིས་འགྲེམ་སྟོན། དག་ཞིང་ཟུང་ཆུའི་གློག་རྡུལ་ཚོང་དོན་དང་ཡུལ་སྐོར་ཐོན་རྫས་འགྲེམ་འཚོང་ཚོང་འདུས། སྐབས་དང་པོའི་རྒྱལ་སྤྱིའི་ཁྱད་ལྡན་ཟས་མཆོག་མྱོང་རོལ་དུས་སྟོན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད་ལ། རྒྱ་ཆེའི་ཡུལ་སྐོར་བར་སྔར་བས་གསོན་ཉམས་ལྡན་པའི་སྒོ་ནས་གནའ་གྲོང་ཟུང་ཆུའི་ལོ་རྒྱུས་རིང་མོ་དང་། བོད་རིགས་དང་ཆའང་རིགས། ཧུའེ་རིགས། རྒྱ་རིགས་ཀྱི་དམངས་སྲོལ་དང་གངས་ཅན་ས་མཐོའི་བརྗིད་ཉམས་ཁྱད་མཚར་མྱོང་ཚོར་བྱེད་དུ་འཇུག་རྒྱུ་རེད།
ངོ་སྤྲོད་བྱས་པ་ལྟར་ན། ཟུང་ཆུ་ནི་གནའ་སྔ་མོ་ནས་བཟུང་སི་ཁྲོན་ནུབ་བྱང་ས་མཐོའི་བཙན་རྫོང་ཞིག་དང་། ཚོང་དོན་གྱི་གྲོང་ཁྱེར་གལ་ཆེན་ཞིག་དང་། ཇ་རྟའི་ཚོང་རའི་བརྗེ་ཚོང་ཁུལ་དང་དངོས་ཟོག་འདུ་འགྲེམས་ཁུལ་ཞིག་ཡིན་ལ། ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གྲོང་རྡལ་ཆུང་ངུ་དང་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་མཚན་སྙན་ཡོད། ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་གིས་གསར་སྤེལ་དང་སྲུང་སྐྱོང་མཉམ་འཛིན་དང་། འཕེལ་རྒྱས་དང་བཅོས་སྒྲིག་ཟུང་འབྲེལ་བྱེད་པའི་རྩ་དོན་ལྟར་དུ། ཕྱོགས་ཡོངས་ནས་ལོ་རྒྱུས་་དེབ་ཐེར་ནང་འཁོད་པའི་ཟུང་ཆུའི་ལྗོངས་རྣམ་བརྒྱད་དང་ཇ་རྟའི་ཚོང་འདུས་ཀྱི་ཡུལ་རྣམ་སླར་གསོ་བྱས་ནས། སྤྲོ་གསེང་ཁམས་གསོ་དང་རིག་གནས་འགྲེམ་སྟོན། ཡུལ་སྐོར་འདུ་འཛི། ཕྱོགས་བསྡུས་ཞབས་ཞུ་སོགས་ཀྱི་བྱེད་ནུས་གཞི་གཅིག་ཏུ་བསྡུས་པ་བསྐྲུན་རྒྱུ་བརྩོན་ལེན་བྱེད་བཞིན་ཡོད། དེ་བཞིན་གཟི་རྩ་སྡེ་དགུ་དང་གསེར་མཚོའི་ཡུལ་སྐོར་ལམ་ཐིག་སྟེང་གི་མི་ཆོས་ཀྱི་མཛེས་ལྗོངས་ཁུལ་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུ་ཡིན་པ་དང་། ཡུལ་སྐོར་བ་ཚོར་ཉིན་མོ་ཡུལ་ལྗོངས་ལ་གཟིགས་རོལ་དང་དགོང་མོ་ཟུང་ཆུ་ནས་གནའ་མཁར་གྱི་ཉམས་གཤིས་ལོངས་སུ་སྤྱོད་དུ་འཇུག་རྒྱུ་དེའོ།།