༄༅།། བསྟན་བཅོས་ཐོག་མར་རྩོམ་པའི་ཀུན་སློང་དང་མཇུག་བསྡུའི་བསྔོ་བ་ལས་འཕྲོས་པའི་བསམ་ཚུལ་ཐོར་བུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-24


དང་པོ། རྩོམ་པའི་ཀུན་སློང་།
        ཀུན་སློང་ནི་ཡུལ་ཅན་ནང་བསམ་པས་ཕྱི་དོན་ཡུལ་གང་ཞིག་ལ་འཛིན་པའི་རྣམ་འགྱུར་ཞིག་ཡིན་ཞིང་། དེ་ལ་གཉིས་ཡོད་པ་ནི། མངོན་པ་མཛོད་ཀྱི་རྩ་འགྲེལ་ལས། ཀུན་སློང་རྣམ་པ་གཉིས་ཡིན་ཏེ། རྒྱུའི་ཀུན་སློང་དང་ནི་བྱ་བ་དེའི་དུས་ཀྱི་ཀུན་སློང་ཞེས་དུས་རིམ་ཅན་གྱིས་བྱ་བ་དེར་ཐོག་མར་འཇུག་པར་འདོད་པའི་ཀུན་སློང་དང་། བྱ་བ་དེར་དངོས་སུ་འཇུག་པའི་སྐབས་ཀྱི་ཀུན་སློང་ཞེས་གཉིས་དང་། ད་དུང་དགེ་བའི་ཀུན་སློང་དང་མི་དགེ་བའི་ཀུན་སློང་གཉིས་སུའང་གསུངས། འདིར་གོ་བདེ་བར་བྱས་ན་ཀུན་སློང་བཟང་པོ་དང་ཀུན་སློང་ངན་པའོ། འདི་གཉིས་ལས་འདིར་བསྟན་ཀུན་སློང་ནི་དགེ་བའི་ཀུན་སློང་ངམ་ཀུན་སློང་བཟང་པོར་གོ བོད་སྔ་མའི་རྩོམ་པ་པོ་སུ་དང་སུས་མཛད་པའི་རྩོམ་པའི་གཞུང་ལུགས་ཀྱི་བསྟན་བཅོས་སྤྱི་དང་བྱེ་བྲག་གང་ཞིག་ཡིན་ནའང་ཕལ་ཆེ་བར་ནི་དང་ཐོག་མའི་བསམ་པའི་ཀུན་སློང་ཡག་པོ་དགོས་ཚུལ་ཤ་སྟག་གསུངས་ཡོད་པ་ལས། རང་དོན་དང་རང་ཉིད་ཁོ་ན་སྒྲོག་ཕྱིར་རྩོམ་པའི་ལས་ལ་འཇུག་དགོས་ཚུལ་གསུངས་པ་ནི་གཅིག་ཀྱང་མེད་དེ་ག་ལ་ཡོང་། དཔེར་ན། ཨ་ལག་ཤ་ངག་དབང་བསྟན་དར་གྱི་རྩོམ་པའི་རྣམ་གཞག་ལས། “རྩོམ་པ་པོར་ཡོན་ཏན་བཞི་ལྡན་དགོས་པར་གསུངས་ཤིང་། བཞི་པོ་ནི། ང་རྒྱལ་མེད་པ། གཞན་གྱི་སྡུག་བསྔལ་བསལ་བར་འདོད་པའི་སྙིང་རྗེ། གཞན་ལ་ཕན་འདོད་ཀྱི་བྱམས་པ། རང་གཞན་གཉིས་ཀྱི་དགེ་རྩ་བསྐྱེད་པའི་ཕྱིར་རོ”ཞེས་པ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས། “སྔོན་གྱི་སློབ་དཔོན་རྣམས་ལ་ང་རྒྱལ་མི་བྱེད་པ། སེམས་ཅན་རྣམས་ལ་སྙིང་རྗེ་བ། ཆོས་མཐུན་པ་རྣམས་ལ་བྱམས་པ། བདག་ཉིད་མི་སྒྲོག་པ”བཅས་སྤྱིའི་ཐད་ནས་ཁག་བཞི་ཙམ་དུ་གསུངས་ཡོད། དེའང་ཡིན་ཏེ་སྔོན་གྱི་མཁས་པ་ཚོས་མཛད་པའི་བསྟན་བཅོས་ད་ལྟ་ང་ཚོའི་མིག་གིས་མངོན་སུམ་དུ་མཇལ་རྒྱུ་ཡོད་པ་དེ་དག་གི་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཚིག་སྦྱོར་གང་ཐད་ནས་བལྟས་ཀྱང་། གཞན་དོན་ཁོ་ནའི་ཆེད་དུ་ལས་རང་དོན་འབའ་ཞིག་སྒྲུབ་པའི་ཆེད་དུ་མ་ཡིན་པ་ནི་ཤེས་རབ་མིག་གིས་ཅེ་རེར་བལྟས་ན་ཤེས་ཡོང་བ་ཞིག་ཡིན་པས་མང་པོ་གླེང་བའི་དགོས་པ་མེད། དེ་ལས་དཔེ་མཚོན་ཙམ་བཀོད་ན། རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལྟ་བུའོ།། དེ་ལས་བསྟན་བཅོས་རྩོམ་པ་པོའི་བསམ་པའི་ཀུན་སློང་ཇི་ལྟ་བུ་མངོན་ཡོང་ཟེར་ན། དེ་ལས། “བདག་དང་སྐལ་པ་མཉམ་པ་གཞན་གྱིས་ཀྱང་།། ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར།།” ཅེས་བསྟན་བཅོས་འདི་མཐོང་བའི་སྐལ་མཉམ་གཞན་གྱིས་ཀྱང་ཁོང་དུ་ཆུད་པར་གྱུར་ནས་འདི་ཕྱི་གཉིས་ཀར་དོན་ཡོད་པར་བྱ་བའི་ཕྱིར་དུ་བསྟན་བཅོས་འདི་རྩོམ་པར་འཇུག་གོ་ཞེས་གཞན་དོན་དུ་བྱེད་པའི་བསམ་པའི་ཀུན་སློང་རྣམ་དག་བཟུང་ཡོད་པ་ལྟ་བུའོ།། དེ་མིན་དེང་དུས་དང་འདྲ་བར་རྒྱུ་དངོས་པོ་དང་མིང་གྲགས་ཅུང་ཟད་ཐོབ་འདོད་ཀྱི་ཀུན་སློང་ངན་པ་ཞིག་བཅངས་ཚེ། དེ་ནི་རང་གཞན་ཕུང་བའི་རྒྱུ་ལས་གཞན་གང་ཡང་མ་ཡིན་ཏེ། དེ་འདྲའི་ཡིད་ཀྱི་བྱེད་ལས་དེས་བསྐུལ་ནས་ལུས་ངག་ལས་སྦྱོར་བ་རྩུབ་པོར་ཞུགས་པ་ཡིན་ཏེ། མངོན་པ་མཛོད་རྩ་འགྲེལ་ལས། “ལོག་པར་ལྟ་བས་ལོག་པར་རྟོག་པ་དང་། ལོག་པའི་ངག་དང་། ལོག་པའི་ལས་ཀྱི་མཐའ་འབྱུང་ངོ”ཞེས་སངས་རྒྱས་ཀྱི་མདོ་ལས་ལུང་ཞིག་དྲངས་ཡོད་པའི་ཕྱིར། དེ་མིན་དགེ་འདུན་ཆོས་འཕེལ་གྱིས། “བླུན་པོ་ངོ་མཚར་བསྐྱེད་པ་ཧར་གྱི་གཏམ།། ཆེན་པོའི་ངོ་བསྲུང་བརྩེགས་པ་གཅམ་བུའི་ཚིག། དད་པའི་འཁུན་བུ་སློང་པའི་སྒྲུང་གཏམ་དག། རིང་དུ་སྤངས་ཏེ་དྲངས་པོའི་ལམ་དུ་ཞུགས།།” ཞེས་གོང་དུ་ཨ་ལག་ཤ་དང་སྡེ་སྲིད་གཉིས་ཀྱིས་གསུངས་པ་ལྟར་གྱི་སེམས་བསྐྱེད་དེ་འདྲ་མ་བྱུང་རུང་། ཁོང་རང་གི་གནས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་རྩོམ་མཁན་ཁ་ཤས་ཀྱི་བྱེད་སྟངས་ལ་བསམས་ནས་དེ་འདྲའི་སྡོམ་ཚིག་ཅིག་བཀོད་ཡོད་པ་འདི་ནི་ང་ཚོའི་ད་ལྟའི་གནས་སྐབས་འདི་དང་ཡང་ཤིན་ཏུ་ཉེ་བས་མནོ་བསམ་བྱ་དགོས་པའི་གནད་ཅིག་རེད། དེས་ན་རྩོམ་པ་ལ་འཇུག་པའི་སྐབས་སུ་སེམས་ཀྱི་ཀུན་སློང་གཙང་མ་ཞིག་གཟུང་རྒྱུ་གལ་ཤིན་ཏུ་ཆེ་བས་ང་ཚོས་སློབ་སྦྱོང་བྱེད་དགོས་པ་ལས་སྤང་བྱ་ཞིག་ཏུ་ངོས་འཛིན་བྱས་ན་ག་ལ་ཡོང་སྟེ་མི་ཡོང་ངོ་། དེང་སྐབས། ཁ་ཡོད་ཚད་ཀྱི་གླུ་དང་། ལག་ཡོད་ཚད་ཀྱིས་རྩོམ་འབྲི་བ་དེ་ནི་ཤིན་ཏུ་རྒྱ་ཁྱབ་ཏུ་སོང་ཞིང་། ལྷག་པར་དུ་ནུས་པ་གང་ཡོད་ཀྱིས་རང་ཉིད་སྒྲོག་ཕྱིར་རམ་དངུལ་ལོར་གྱི་དོན་དུ་རྩོམ་པའི་ལས་ལ་ཞུགས་ཏེ་དཔེ་དེབ་འདྲ་མིན་ཁྲོམ་རའི་སྟེང་འདོན་རྒྱུར་འབད་བརྩོན་བྱེད་བཞིན། མགོ་ཤིན་ཏུ་སླ་བའི་བྱིས་བློ་ཅན་གྱི་ཁྱུ་ཚོགས་ཤིག་རྒྱབ་ཏུ་འུར་བ་ལ་རང་ཉིད་རིག་གནས་ལ་གསར་བརྗེ་བྱེད་ཕོད་པའི་དཔའ་སྟོབས་ཅན་ཞིག་དང་། པཎྜིཏ་ཆེན་པོ་ཞིག་ཡིན་བསམས་ཏེ་དགའ་དགའ་བྱེད་པ་ཤིན་ཏུ་མང་ནའང་། རིག་གནས་དེ་ལྟོ་འབྲངས་འབའ་ཞིག་དོན་དུ་གཉེར་བའི་ལག་ཆ་ཙམ་གྱི་ངེས་ཤེས་ལས་མེད་དུས་སྔོན་གྱི་མཁས་པ་ཚོའི་མདུན་སར་ནི་ཀ་ཁ་ཙམ་ཡང་མི་ཤེས་པའི་ཐབས་སྡུག་ཅིག་གོ དེས་ན་མཁས་པ་སྔ་མའི་རྩོམ་པའི་གཞུང་ལུགས་ལ་ཐོས་བསམ་མང་དུ་བྱ་ལ་དེ་འདྲའི་ལེགས་ཆ་དག་བློར་ཡོད་པ་དང་ངག་ནས་སྨྲ་ཤེས་པ་ཙམ་མ་ཡིན་པར་དོན་ངོ་མའི་ལག་ལེན་དུ་སྤྱོད་པ་གལ་ཤིན་ཏུ་ཆེ་ན། དེ་དོན་སྙིང་དབུས་སུ་འཇོག་རོགས།
གཉིས་པ། མཇུག་གི་བསྔོ་བ།
        བསྔོ་བ་ཡང་དང་ཐོག་མའི་ཀུན་སློང་དང་འདྲ་བར་ཡིད་ཀྱི་བྱེད་ལས་ཁྱད་པར་བ་ཞིག་རེད། སྤྱིར་བོད་སྔ་མའི་བསྟན་བཅོས་དང་དེ་མིན་རྩོམ་ཡིག་མང་ཆེ་བར་ནི་བསྔོ་བ་དང་བཅས་མཇུག་བསྡུས་ཡོད་པ་དེ་ནི་བོད་ཀྱི་རྩོམ་སྲོལ་ཐུན་མོང་མ་ཡིན་པ་ཞིག་སྟེ། ཁྱད་པར་འཕགས་བསྟོད་ལས། “བསོད་ནམས་བྱས་པའི་ཚོགས་དག་ནི།། སེམས་ཅན་རྣམས་ལ་ཡོངས་བསྔོ་བ།། བཅོམ་ལྡན་ཁྱེད་ཀྱིས་གང་གསུངས་པ།། དེ་གཞན་བསྟན་བཅོས་ལས་མ་བཤད།།” ཅེས་དང་། སྤྱོད་འཇུག་ལས། “ཐོས་བསམ་སྒོམ་པའི་དགེ་བ་ཅི་ཡོད་དང་།། ཕྱག་དང་མཆོད་པ་ཙམ་གྱི་དགེ་བའང་རུང་།། དགེ་བ་ནམ་ཡང་ཟད་པ་མེད་པ་དང་།། གོང་དུ་སྤེལ་ཕྱིར་བསྔོ་བས་བརྒྱན་པ་གཅེས།།” ཞེས་དགེ་བའི་ནུས་མཐུས་བསགས་པའི་བསོད་ནམས་ཀྱི་ཚོགས་དག་ནམ་ཡང་ཆུད་མི་འཛའ་བ་དང་ཟད་པ་མེད་པ། གོང་ནས་གོང་དུ་འཕེལ་ཕྱིར་བཅས་རྩོམ་པ་ལ་འཇུག་སྐབས་མཇུག་ཏུ་བསྔོ་བས་བརྒྱན་ཚུལ་གལ་ཆེན་ཡིན་པ་གསུངས་ཡོད།
        ལྷག་པར་དུ་དེ་ལས་བསྔོ་བའི་ལེའུ་ཞེས་ནང་དོན་གསུམ་གྱི་སྒོ་ནས་རྒྱས་པར་བཤད་ཡོད་དེ། དང་པོ་ནི་གཞན་དོན་དུ་བསྔོ་བ་དང་། གཉིས་པ་ནི་རང་དོན་དུ་བསྔོ་བ། གསུམ་པ་ནི་བདེ་བའི་འབྱུང་གནས་བསྟན་པ་རྒྱས་པའི་དོན་དུ་བསྔོ་བ་བཅས་རེད། བསྔོ་བ་དེ་ཡང་དེ་ལས། “རྒྱུའི་དགེ་བ་རྣམས་འབྲས་བུ་དེའི་རྒྱུར་འགྱུར་བའི་འདུན་པ་ཁྱད་པར་དུ་བྱས་པ་ནི་བསྔོ་བའོ”ཞེས་དགེ་བའི་ཀུན་སློང་དེས་ལེགས་པར་བསྐུལ་བའི་མཐུས་གྲུབ་མཐའ་རིས་མེད་ཀྱི་སྐྱེ་བོ་མང་པོས་རྩ་བར་འཛིན་གྱིན་པའི་བསྟན་བཅོས་འཛམ་གླིང་ན་འགྲན་ཟླ་བྲལ་བ་འདི་ལྟ་བུ་རྩོམ་པའི་ཕན་ཡོན་གྱིས་སེམས་ཅན་མ་ལུས་པ་ངན་འགྲོའི་གནས་ལས་ཐར་ནས་བདེ་འགྲོར་སྐྱེ་བ་དང་། དེ་ལས་ཀྱང་ཡོངས་སུ་ཐར་ཏེ་ཐར་པ་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ཐོབ་པར་ལམ་སྣ་ཞིག་བསྟན་ཡོད་ལ། དེ་ལྟར་བསྟན་པ་དེ་ནམ་ཡང་ཆུད་མི་ཟོད་པའི་དོན་དུ་ལེའུ་བཅུ་པ་འདི་དམིགས་སུ་བཀར་ནས་གསུངས་ཡོད་པ་ནི་དངོས་གནས་ཁོང་འདྲའི་སྐྱེས་བུ་ཆེན་པོ་ཚོ་ལས་གཞན་གྱིས་ནི་ཅི་ལ་ནུས། འདི་འདྲའི་རྩོམ་གྱི་སྲོལ་ལ་དགོས་པ་མི་འདུག་སྙམ་ནས་གཡམ་རྒྱུག་ངང་བླུན་པོ་ཆུ་སྣ་གར་ཁྲིད་དང་འདྲ་བར་གཞན་གྱི་གང་བཤུལ་ལ་སོང་ན། ལྕམ་ལགས་ཀྱི་འགྲོ་སྟངས་མི་ཤེས་པར་བུ་མོ་རང་གི་འགྲོ་སྟངས་ཀྱང་ཤོར་བའི་དཔེ་ཟླར་འགྱུར་ཉེན་ཆེའོ། དེས་ན་ཁྱི་ལ་སེང་གེའི་མིང་ལྟ་བུ་མ་ཡིན་པར་མིང་དོན་མཚུངས་པའི་མཁས་པ་སྔ་མ་ཚོའི་རྩོམ་གཤིས་ལ་རོ་མྱོང་དང་རྩོམ་པའི་ཤེས་བྱ་གང་མང་སྔོག་འདོན་བྱེད་ཐུབ་སོང་ན། ད་གཟོད་མི་རིགས་རང་གི་ཁྱད་ཆོས་འབུར་དུ་ཐོན་པའི་རྩོམ་སྲོལ་རྣལ་མ་ཞིག་མངོན་སྲིད་པས་ལེགས་ཆ་འདི་དག་ལེན་པར་བྱའོ།།
                   (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་2015ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭའི་རབ་འབྱམས་ཞིབ་འཇུག་སློབ་མ་ཚེ་སྒྲོན་གྱིས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1