༄༅།། གྲངས་ཉུང་མི་རིགས་ཀྱིས་མི་རིགས་རང་གི་སྐད་དང་ཡི་གེ་བེད་སྤྱོད་བྱེད་དབང་ཡོད།

སྐལ་བཟང་རྒྱལ་གྱིས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-28


        སྐད་དང་ཡི་གེ་ནི་མི་རིགས་ཤིག་ལ་མཚོན་ན་མི་རིགས་དེའི་བླ་སྲོག་ལྟ་བུ་ཡིན་ལ། མི་རིགས་ཤིག་གི་མཚོན་རྟགས་ཀྱང་ཡིན། མི་རིགས་གང་ཞིག་ཡིན་ཡང་སྐད་དང་ཡི་གེ་ནི་མི་རིགས་དེའི་ལོ་རྒྱུས་དང་འབྲེལ་བ་དམ་པོ་ཡོད་པར་མ་ཟད། སྐད་དང་ཡི་གེ་ཡི་འཕེལ་རྒུད་ཀྱིས་མི་རིགས་དེའི་འཕེལ་རྒུད་མཚོན་ཐུབ་པས། མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་དང་རྒྱུད་འཛིན། འཕེལ་རྒྱས་གཏོང་རྒྱུ་ནི་མི་རིགས་ཡོངས་ཀྱི་འོས་འགན་ཡིན་ལ། བཅའ་ཁྲིམས་ཀྱིས་གནང་བའི་ཁེ་དབང་ཡང་ཡིན། 

        རྩ་ཁྲིམས་ཀྱི་དོན་ཚན་བཞི་པ་རུ། “མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་སྤྱོད་པ་དང་གོང་དུ་སྤེལ་བའི་རང་དབང་ཡོད་པ”གཏན་ཁེལ་བྱས་ཡོད་ལ། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་པ་རུ། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་དེ་གའི་མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་དར་རྒྱས་སུ་གཏོང་བའི་རང་དབང་ཡོད་པ་འགན་སྲུང་བྱ་དགོས”པའང་གཏན་ཁེལ་བྱས་ཡོད། གཞན་ཡང་། མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ས་གནས་ཀྱི་རང་སྐྱོང་སྲོལ་ཡིག་དག་གི་ཁྲོད་དུའང་གྲངས་ཉུང་མི་རིགས་ཀྱིས་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པའི་ཐད་ལ་གོང་གསལ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་གཏན་ཁེལ་གྱི་ནང་དོན་བསྐྱར་ཟློས་བྱས་ཡོད། དཔེར་ན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལས། “མི་རིགས་ཁག་གིས་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཡོད”ཅེས་པ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལས། “རང་སྐྱོང་ཁུལ་ནང་ཁུལ་གྱི་མི་རིགས་ཁག་གིས་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཡོད”ཅེས་པ། ད་དུང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལས། “རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ས་གནས་རང་གི་མི་རིགས་ཁག་གིས་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་འགན་སྲུང་བྱ་དགོས”ཞེས་གཏན་ཁེལ་བྱས་ཡོད་པ་ལྟ་བུ་རེད། དེ་བས། གྲངས་ཉུང་མི་རིགས་ཀྱིས་མི་རིགས་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་རྒྱུད་འཛིན། འཕེལ་རྒྱས་སུ་གཏོང་བ་ནི་མི་རིགས་དེའི་ཁེ་དབང་ཡིན་པར་མ་ཟད། མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ལའང་མི་རིགས་ཁག་གི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བ་འགན་སྲུང་བྱ་རྒྱུའི་འོས་འགན་ནམ་འགན་འཁྲི་ཡོད་པ་རེད། 

(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1