སྔོན་གླེང་།
རབ་དཀར་གངས་རིའི་མེ་ཏོག་གི་འདབ་མ་དགུང་དུ་གཟེངས་ཤིང་དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་རྒྱུན་བཟང་ཀུན་ནས་དཀྲུགས། རྩི་ཤིང་ནགས་ཚལ་གྱི་བོངས་ཚོད་རྫོགས་ལ་འབྲུ་རིགས་སྙེ་མའི་རྦ་རླབས་འཕྱོ། དཀར་ནག་ཕྱུགས་རིགས་ཀྱི་འཕེལ་ཁ་དར་ཞིང་སྨན་སྣ་གཏེར་རིགས་ཀྱིས་ཕྱོགས་ཀུན་གཏམས། རི་ལ་བཀྲ་ཤིས་རྟགས་བརྒྱད་དང་ས་ལ་པདྨ་འདབ་བརྒྱད་ཀྱི་མཚན་མ་མངོན་པར་གསལ་བའི་ཡུལ་གྲུ་འདི་ནི་མི་ཉག་གི་ཡུལ་དབུས་ཏེ་མགར་ཐར་པདྨའི་ཞིང་ཁམས་སུ་གྲགས་པ་དེའོ། །འདི་ནས་དཔའ་མཛངས་སྙིང་སྟོབས་ཅན་གྱིས་མངའ་དབང་བསྒྱུར་མྱངས་ལ་མཁས་དང་གྲུབ་པའི་དབང་པོས་མཛད་འཕྲིན་ཉི་ཟླའི་མགུལ་དུ་བསྲིངས། གཉུག་མའི་སྐྱེ་བོ་དག་གིས་བློ་གྲོས་ཀྱི་སྒོ་འཕར་ཕྱེ་སྟེ་ངོ་མཚར་མུ་ཏིག་གི་དོ་ཤལ་ས་ལ་བཀྲམ་མྱོང་ལ་ཆོས་དང་རིག་གཞུང་གི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་ལོ་རྒྱུས་དང་ཡུལ་ལུང་པའི་གནས་སྟངས་ལ་ཉམས་ཞིབ་བརྟག་དཔྱད་དང་། རྒྱུས་ལོན་ངོ་སྤྲོད་ཀྱི་ཕྱིར་དུ་གཤམ་དུ་ས་བཅད་རེ་རེ་བཞིན་བསྡུས་དོན་གྱི་སྒོ་ནས་འཆད་པར་འགྱུར། རིག་གཞུང་སྲུང་སྐྱོབ་དར་སྤེལ་གྱི་ཆེད་དུ་ལྷག་བསམ་དང་སྙིང་སྟོབས་མི་དམན་པའི་《ཁ་བཏགས་དཀར་པོ།》རྩོམ་སྒྲིག་ཁང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཀུན་གྱིས་འདི་ལ་མཐུན་སྦྱོར་བདག་རྐྱེན་གནང་བའི་བཀའ་དྲིན་སྙིང་དབུས་སུ་བཅངས་ཐོག་དྲིན་གཟོའི་གཏང་རག་གི་རྣམ་འགྱུར་ངག་དང་ཡིད་ཀྱི་རྣམ་རིག་ལས་མཚོན་པར་བྱེད་དོ། །