གསར་སྐྱེས་སྙན་ངག་པ་ཐོ་ཡོར་གྱི་སྙན་རྩོམ་བདམས་བཀོད།

ཐོ་ཡོར། (གསེར་རྟ།) རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།ིགངས་ལྗོངས་ཉི་་གཞོན། སྤེལ་དུས། 07-31


        

        གསར་སྐྱེས་གྲྭ་བཙུན་སྙན་ངག་པ་ཐོ་ཡོར་ནི་1995ལོར་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོར་སྐྱེས། སློབ་ཆུང་འགྲིམས་རྗེས་ཕུག་དགོན་མདོ་སྔགས་དར་རྒྱས་གླིང་དང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་སུ་སློབ་གཉེར་བྱས། 2013ལོ་ནས་བཟུང་སྙན་ངག་ཐར་ཐོར་རེ་བྲིས་ཤིང་སྙན་ངག་རེ་འགའ《མི་རིགས་ཀྱི་རྩོམ་རིག》དང་《 བོད་ཀྱི་རྩོམ་རིག་སྒྱུ་རྩལ།》 《 གངས་རྒྱན་མེ་ཏོག》 《 ཁ་བཏགས་དཀར་པོ།》 《 ཟླ་ཟེར།》 《 གངས་ལྗོངས་ཉི་གཞོན།》 《 ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།》 《 གངས་དཀར་རི་བོ།》 《 ཁམས་ཁུལ་གྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བསྡུས།》སོགས་བོད་ཁུལ་གྱི་དུབ་དེབ་དང་ཚགས་པར་སྟེང་དུ་སྤེལ་མྱངས། 2016 ལོའི《 མི་རིགས་ཀྱི་རྩོམ་རིག》ལོ་འཁོར་བྱ་དགའ་ཐོབ།


གྲྭ་ཤག
ཆུ་ཐིགས་ཤིག་གྲྭ་ཤག་གི་གནམ་གཅལ་ནས།
ཁ་འདོན་ཟད་པོའི་འདབས་ཁར་ལྷུང་བའི་སྐད་ཅིག་མ་ཞེ་ལ་བསྒོམ་ནས།
གྲྭ་ཤག་གི་སྡེབས་ངོས་སུ་བྲིས་པའི་རྟེན་འབྲེལ་གྱི་རི་མོའི་ནང་དུ་འཛུལ།
ཆོས་རྣམ་བདག་མེད་ཀྱི་གཡང་དུ་གཟར་ནས།
མིག་གི་ཡུལ་དུ་གཟུགས་མཛེས་པ།
སྣ་ཡི་ཡུལ་དུ་དྲི་ཞིམ་པ།
རྣ་བའི་ཡུལ་དུ་སྒྲ་སྙན་པ་སོགས།
གྲྭ་ཤག་གི་སྒེའུ་ཁུང་ཁར།
ཡིད་ཀྱིས་ཞེན་པ་མེད་པར་བཤམས།
གྲྭ་ཤག་ནང་གི་སྤྲོས་པ་མེད་པར་བཞག་པའི་ཡོ་བྱད་དག
སྙིང་རྗེ་དང་ཤེས་རབ་གཉིས་ཀྱི་ཁུག་མར་བཅུག་ཆོག
གྲྭ་ཤག་གི་སྒོར་བུད་པ་ན་རྒྱང་ལ་འཐེན་པའི་ལམ་ཕྲན་གཉིས་མཐོང་ཐུབ།
གྲྭ་ཤག་གི་ཕྱི་རོལ་ནི་སེམས་ཀྱི་ཕྱི་རོལ་ཡིན།
ཙི་གུ་དེ་གྲྭ་བའི་ལྷུང་བཟེད་ཁ་ནས་ནར་སོན།
བྱིའུ་དེ་གྲྭ་ཤག་གི་བྱ་སྐྱིབས་བར་ནས་རྒས།
མུན་ནག་ཏུ་གྲྭ་ཤག་གི་སྒེའུ་ཁུང་ནང་དུ།
མཆོད་མེའི་ཁར་འཁྱིལ་བའི་བྱམས་བརྩེའི་འོད་ཟེར་མཐོང་ཐུབ།
མར་གྱུར་སེམས་ཅད་ཐམས་ཅད་ཀྱི་བདེ་སྡུག་མཐོང་ཐུབ།
གྲྭ་ཤག་གི་ནང་དུ་ལོག་པ་ནི་སེམས་ཀྱི་ནང་དུ་ལོག་པ་ཡིན།


ཧ་ཅང་ལྷིང་འཇགས་ཀྱི་དུས་ཤིག
— ལོ་ན་གཉིས་ཙམ་གྱི་བྱིས་པ་ཞིག་ལ།
ནམ་མཁའ་དང་ས་གཞི་ཁྱོད་ཀྱི་ཡིན།
འོན་ཀྱང་ཁྱོད་ལ་ནམ་མཁའ་དང་ས་གཞི་མེད་ན་ཆོག
ཁྱོད་ཀྱི་མིག་ལམ་གྱི་སྐར་མ་དེ་འཇིག་རྟེན་ཆུང་ངུ་ཞིག་ཡིན།
ཁྱོད་ཁོ་ནར་དབང་བའི་འཇིག་རྟེན་ཞིག་ཡིན།
ངས་ཁྱོད་ལ་གཉིད་འགུགས་བྱེད་ཀྱི་ཚབ་ཏུ་སྙན་ངག་ཅིག་འབྲི།
ཁྱོད་ཀྱིས་ཤེས་མི་སྲིད། ཤེས་དགོས་དོན་ཀྱང་མེད།
ཁྱོད་ཀྱི་རྨི་ལམ་གྱི་ཕྱོགས་ཀུན་དུ་མེ་ཏོག་འགུལ།
དེ་ནི་བདེ་སྐྱིད་ཅིག་རེད་སྙམ།
ང་རང་སྙན་ངག་པ་ཞིག་ཡིན་པས།
སྙན་ངག་རེ་རེས་ཁྱོད་ལྷིང་འཇགས་ཀྱི་དཔྱིད་ཀ་རེ་བསྐྲུན་ཆོག
ཁྱོད་རང་ངག་མི་སྨྲ་བར་དགོད་དུས་སུ།
ང་ཡང་ངག་མི་སྨྲ་བར་འདུག་འདོད་བྱུང་།
ནར་མ་སོན་པའི་སེམས་པ་ཞིག་ལ།
མིག་གིས་རེག་ཐབས་མེད་པས།
མཛེས་སྡུག་བརྗོད་ཐབས་བྲལ།
ཁྱེད་ཀྱིས་ཤེས་ངེས་པ་ཞིག་མ་ཤེས་ན་བསམ།
ང་རང་ད་ལྟ་ཁྱེད་ལ་ཧ་ཅང་དགའ།
ང་རང་སྙན་ངག་ལ་དགའ་བ་ནང་བཞིན།


ལས་དབང་ལྟར་སོན་ལམ་བརྒྱབ་པ།
ཕན་ཚུན་འཕྲད་དེ་ཡིད་འོང་ཆུ་ཕྲན་མིག་གི་མཐའ་ནས་འཕྱུར། །
ཆུ་བོ་རབ་མེད་གིང་བུའི་བུ་གར་ལོ་མའི་བྱེའུ་འཕུར་བ་ཡང་། །
ཅིའི་ཕིར་དེང་ནས་བཟུང་སེ་ཡིད་ཙམ་མ་འགོར་རོ་ལ་ཐོགས། །
དེའི་ཚེ་ཆུ་ནང་ཞུགས་པའི་འགོ་བས་བདག་ལ་ཚིག་ལན་བྱུང་། །
ཤིན་ཏུ་དྭངས་བའི་ཆུ་ནང་ཟླ་འོད་དང་འགོགས་ནས། །
གང་བའི་ཉམ་ཐག་པདྨ་རླབས་ཀི་བརེ་བས་གསལ་བར་བྱས། །
དེ་ནས་ཇ་སྐོལ་མེ་འབུད་ཡིད་མཐུན་སྒུག་པའི་ལོང་མ་བྱུང་། །
ལམ་འཛོལ་བྱུང་ལྟར་བང་ཁའི་སྙིང་ཆུང་ལིང་ལིང་འདར་བ་མཐོང་། །
འཁོར་བའི་རྒྱ་མཚོས་སྣུབ་པའི་མི་དག་རེས་སུ་འཛིན་པའང་མཐོང་། །
དེ་ལྟར་ནམ་ཡང་ལན་ཅིག་སྐོ་བའི་ཤུགས་ཀིས་འགོགས་པར་ཤོག །
དེ་ལྟར་ནམ་ཡང་གདུང་བའི་རྒྱུན་དང་ལན་ཅིག་བདེ་བར་ཤོག །


ཟླ་དང་པོའི་ནང་གི་སྙན་ངག
བྱ་གླག་གི་གཤོག་པས་མུན་ནག་བཀར་བས།
ང་ཡིས་མཚན་མོའི་ཁྲོད་དུ་མེ་ཁ་གསོ་བཞིན་ཡོད།
ལས་དབང་ནི་ལྡོང་མགོའི་བྱིའུ་ཞིག་དང་འདྲ།
ནམ་མཁའ་གཡའ་དག་པའི་དུས་སུ་སྤྱན་ཆབ་རིང་དུ་བསིལ།
མིག་ཟུང་བཙུམས་ཚེ་ང་ཡི་སྙིང་ཁར་རྐང་རྗེས་མང་དུ་དོད།
སུ་ལའང་བཤད་མྱོང་མེད་པའི་སྐྱོ་བ་ནི།
ཟླ་བའི་རྩེ་མོ་ནས་མར་མར་ཟགས།
ཁེར་རྐྱང་གི་ང་ལ་ལོ་བཅུའི་སྔོན་གྱི་སྨོན་ལམ་ཞིག་ཡོད།
པི་ཝང་ཞིག་གི་རྒྱུད་སྐུད་ཆད་རྗེས་ཚེ་རབས་མེ་ལ་སྦྱང་།
འཇིག་རྟེན་འདི་དེ་སྔ་ནང་བཞིན་ཡིན་ཡང་།
རྨི་ལམ་ནང་གི་ལུག་ཁྱུ་ཆུ་ལ་ལྷུང་གྲབས་འདུག
ཟླ་དང་པོའི་ནང་དུ་ང་ལ་ཅི་ཡང་མེད།
ས་ཡོངས་སུ་རུབ་རྗེས་ཟླ་བ་ད་དུང་ཤར་མི་འདུག


བརྗོད་ཐབས་བྲལ་ཨང་།
མིག་ཤེལ་འོག་ཏུ་འགུལ་བའི་ཡིད་བརྙན།
འདོད་པ་བྲལ་བའི་རྨི་ལམ་གྱི་ཡལ་འདབ།
ཡུལ་དང་སྣང་བ་མཉམ་དུ་འཁུར་བའི་སྐད་ཅིག་མ།
ངས་ད་བར་དུ་ཡིད་བརྙན་གྱི་རི་རབ་བརྩིགས་ཏེ།
སྣང་བའི་ཁམས་འདི་ཐ་སྙད་ཅིག་གིས་བརྗོད་ཐུབ་སྙམ།
ཞེན་ཆགས་འཇགས་ནས་སེམས་ཀྱི་ངོས་སྟོང་བར་གྱུར་ཚེ།
དུས་ཚོད་ཀྱིས་ཡིད་བརྙན་དག་རུལ་མྱགས་སུ་བཏང་ཚར་བ་མིན་ནམ།
དེ་ལྟ་ནའང་།
སྣང་བའི་དངོས་པོ་དག་གི་རྒྱབ་གཟུགས་འགུལ་ཏེ།
ཐག་ཉེ་རིང་གང་རུང་ནས་ཡིད་བརྙན་ཆུན་པོ་ཞིག
ང་ཡི་སུན་སྣང་མཐའ་ཡས་པའི་ཁྲོད་ནས་མངོན་ཡོང་།


འབྲེལ་བ།
ང་དང་འབྲེལ་བའི།
དབྱར་ཁའི་ཕྱི་དྲོ་ཞིག་ལ།
ལྷིང་འཇགས་ཀྱི་གཏམ་རྒྱུད་རིང་བའི་བུ་མོ་ཁྱོད་ཀྱིས།
ནམ་མཁར་ལག་སྙོབས་བྱས་ཏེ།
ས་རུབ་ཁའི་རླུང་བུའི་ནང་དུ།
བརྩེ་དུང་ཞི་བའི་དུས་ཚོད་ཀྱི་ཐང་སྟོང་།
ངའི་རྐང་འོག་གི་གྲིབ་མར་སྦྲེལ་ནས།
དྲན་གདུང་ཡོད་པས།
ཁྱོད་མེད་པའི་དུས་ཚོད་ཧ་ཅང་ཐུང་ཨང་ཟེར།
གྲིབ་མའི་ཆུ་རྒྱུན་གང་ལ་བཞུར་འགྲོ་བསམ་ན།
མཚན་མོ་བརྒལ་ནས་འོངས་བའི་བུ་མོ་ཁྱོད་ཀྱིས་ཕྱི་དྲོ་ཞིག་ལ།
རང་གི་ཕྲག་པ་བསྡམས་ཏེ།
ངའི་མིང་ནས་འབོད་པའང་།
ནོར་འཁྲུལ་ལྷག་མ་ཞིག་མ་རེད་དམ།


འཁྲུལ་སྣང་རབ་རིབ།
ཁྱོད་དང་རྒྱང་ཐག་རིང་ཙམ་ཡོད་པའི།
རྨི་ལམ་གྱི་གསང་བའི་སྒེའུ་ཁུང་མཐའ་རུ།
ཉི་རྡུལ་གྱི་མེ་ལོང་སིལ་བུར་ཐོར།
གློ་བུར་དུ་ཆུ་ཁ་དེ་ནས་རྨི་ལམ་འཁྲུག་པའི་སྐྱེ་བོ་རྣམས།
འདར་སིག་སིག་ངང་མུན་པ་དཀར་པོའི་སྡོམ་རྒྱར་ཚུད།
འོན་ཀྱང་། གཙང་བོ་སྔར་ལྟར་བཞུར།
ནགས་ཚལ་གྱི་གཟིག་དེས་སྨུག་པ་རྗེས་སུ་ཁྲིད།
སྨུག་པ་ནི་བར་ཐག་གི་ཡོལ་བ་སྲབ་མོ་དེ་རེད།
ཆགས་སྲེད་ཀྱི་ལག་པ་ཕར་ཕར་བསྲིངས་བས།
ཁྱོད་རང་རྦད་དེ་དྲན་པ་ཉམས།
ཁྲག་གི་རྒྱུན་གྱིས་ཀོ་གྲུ་བཏང་སྟེ་སླེབས་པའི་ཁྱོད་རང་།
མི་རྟག་པའི་ལྕགས་རི་བརྒལ་ཏེ་ལོ་མང་ཕྱིན།
གྲིབ་གཟུགས་ནི་དྲན་པ་ཉམས་བྱེད་ཅིག་རེད་བསམ་དུས།
ཉི་མ་དམར་སྒོར་རེ་རྡོ་བ་ཞིག་ཏུ་གྱུར།
རྡོ་བའི་གས་ཁ་ནས་གྲིབ་མ་སླར་ཡང་མངོན་བྱུང་།
དེའི་རྗེས་སུ་ཁྱོད་ཀྱི་གྲིབ་མ་དོང་ཞབས་མེད་ཅིག་ཏུ་ལྷུང་།
དེའི་རྗེས་སུ་ནམ་ལངས་སོང་།
ས་རུབ་ཁར་ཁྱོད་ཀྱིས་མེ་ལོང་ལ་ཐེངས་གཅིག་བལྟས་སོང་།


སྡོང་བོ་ཞིག
ཁེར་རྐྱང་གི་སྡོང་བོ་ཞིག
ཁུ་སིམ་མེར་སྐྱེས་འདུག་པ་འདི་ཁྱོད་རང་རྒྱང་དུ་བཞུད་པ་དང་འདྲ།
སྡོང་བོའི་རྩ་བའི་ས་དྲི།
ཤར་ནུབ་མེད་པའི་དྲན་གདུང་གི་སྣེ་མོ།
སྡོང་བོའི་རྩེ་ནས་འཐོར་བའི་ལོ་མ།
འཐོར་ཟིན་པའི་དུས་ཚོད་ཀྱིས་སྦྲེལ་འདུག
སྡོང་བོའི་ཁོག་པའི་ནང་དུ།
གཅོམ་ཆུང་གིས་རྨི་ལམ་འབོད་པའི་སྐད་སྒྲ།
གློ་བུར་བའི་རླུང་གི་གཡོ་བ་ལས་ཀྱང་ཡང་།
རླུང་ནི་སྡོང་བོའི་ཁྲག་རྒྱུན་ཡིན།
ལག་པའང་ཡིན།
སྡོང་བའི་གཉེར་རིས་བར་ནས།
རབ་རིབ་གྱི་ངོ་གདོང་ཅིག་མངོན
དུས་ལས་འདས་པའི་དཔྱིད་ཀའི་ནང་ན་རྒྱུ་བ་བཞིན།
བསིལ་སྣང་ཕྲ་མོ་ཞིག་སྡོང་བོའི་ངོས་གཞན་ཞིག་ནས་གཡུག་ཡོང་།
གྲང་འཁྱག་གིས་གཅིལ་བའི་སེམས་པ།
སྡོང་བོའི་ཡལ་ག་བརྒྱུད་ནས་མར་ལྷུང་སྟེ།
ཧྲལ་ཧྲུལ་དུ་གྱུར་བའི་ལོ་མའི་སྟེང་གི་ཟིལ་བར་གྱུར།
ས་སྲོད་ཀྱིས་ལོ་མ་དག་དམིགས་མེད་དུ་གང་སར་ཁུར་ཀྱང་།
ལོ་མའི་སྟེང་གི་ཟིལ་བས་ཕྱིར་དྲན་གྱི་མཚོ་ཁུག་སྟོང་བ་ཞིག་ཏུ་འཁྲིད་ཐུབ།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1