ཚལ་པ་ཁྲི་དཔོན་མཐའ་མ་ཀུན་དགའ་རྡོ་རྗེ།

ཤེས་རབ་ཉི་མ། ཚེ་རིང་དབང་མོ། སྐལ་བཟང་གིས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 07-31


        

        ལྷ་སའི་ཤར་ཕྱོགས་ནས་ཕར་སྤྱི་ལེ་ལྔ་ཙམ་གྱི་མཚམས། གཞུང་ལམ་གྱི་ངོགས་གཉིས་སུ་གནའ་དུས་ཀྱི་དགོན་པ་གཉིས་བཞུགས། དེ་ནི་སྐད་གྲགས་ཅན་གྱི་ཚལ་ཡང་དགོན་པ་དང་གུང་ཐང་དགོན་པར་གྲགས་པ་གཉིས་ཡིན། བྱང་ངོས་སུ་ཡོད་པའི་དགོན་པ་དེར་ཚལ་དགོན་པ་དང་། ལྷོ་ངོས་སུ་ཆགས་པའི་དགོན་པ་དེར་གུང་ཐང་གཙུག་ལག་ཁང་ཟེར། ཚལ་ཡང་དགོན་ནི་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པས་བོད་རབ་བྱུང་གསུམ་པའི་ཤིང་ལུག་སྤྱི་ལོ1175ལོར་ཕྱག་བཏབ། དེ་ནས་ལོ་བཅུ་གསུམ་སོང་བའི་མེ་ལུག་སྟེ། སྤྱི་ལོ་1187ལོར་གུང་ཐང་གཙུག་ལག་ཁང་ཕྱག་བཏབ། ཚལ་གུང་ཐང་ནི་བོད་བརྒྱུད་ནང་བསྟན་ཚལ་པ་བཀའ་བརྒྱུད་པའི་ཆོས་སྡེ་ཆེ་ཤོས་ཡིན་ལ། ཚལ་པ་ཁྲི་དཔོན་གྱི་བཞུགས་གནས་ཀྱང་ཡིན། ཚལ་པའི་ཁྱིམ་རྒྱུད་ནི་བོད་བཙན་པོའི་རྒྱལ་དུས་ཀྱི་བློན་པོ་མགར་སྟོང་བཙན་གྱི་རྒྱུད་པ་ཡིན་ཞེས་ཁྱིམ་རྒྱུད་རང་ཁོངས་ནས་བཤད། ཁྲི་དཔོན་རིམ་བྱོན་བསྟན་སྲིད་ཀྱི་དོན་ལ་མཛད་རྗེས་ཆེ། རྩོམ་འདིར་ཚལ་པ་ཁྲི་དཔོན་མཐའ་མ་ཀུན་དགའ་རྡོ་རྗེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་བརྩམས་ཆོས་བཅས་ངོ་སྤྲོད་མདོར་བསྡུས་ཙམ་བྱ་བ་ལ།

        ཚལ་པ་ཀུན་དགའ་རྡོ་རྗེ་མཆོག་ནི། ལོ་རྒྱུས་སྨྲ་བ་སྐད་གྲགས་ཅན་དང་། གསེར་དངུལ་འདྲེས་མའི་བཀའ་འགྱུར་པོད་ཉིས་བརྒྱ་དྲུག་ཅུ་བཞེངས་པ་ཚལ་པ་བཀའ་འགྱུར་ཞེས་པའི་ཞིབ་བསྡུས་ཞུས་དག་གི་དབུ་འཛིན་གནང་མཁན། རྒྱལ་རབས་དེབ་ཐེར་དམར་པོ་སོགས་མཛད་དེ་རྗེས་རབས་པར་བཀའ་དྲིན་བསྐྱངས་ཡོད། རབ་བྱུང་ལྔ་པའི་ས་བྱ་སྤྱི་ལོ་1309ལོར་ལྷ་སའི་ཉེ་འཁོར་གྱི་ཚལ་གུང་ཐང་ཞེས་པའི་ས་ཡི་ཆར། ཚལ་པ་ཁྲི་དཔོན་དྲུང་ཆེན་སྨོན་ལམ་རྡོ་རྗེའི་སྲས་སུ་འཁྲུངས། ཁོང་གི་ཡབ་མེས་ནི་བོད་བཙན་པོའི་སྐབས་ཀྱི་བློན་པོ་གྲགས་ཅན་མགར་སྟོང་བཙན་ཡུལ་སྲུང་གི་རྒྱུད་པ་ཡིན་པར་གྲགས། ཁོང་ཉིད་ཀྱི་ཡང་མེས་ཚལ་པའི་དཔོན་རབས་བཞི་པ་དཔོན་སངས་རྒྱས་དངོས་གྲུབ་ཀྱིས་རབ་བྱུང་བཞི་པའི་ཆུ་སྦྲུལ་སྤྱི་ལོ1233ལོ་ནས་མེ་འབྲུག་སྤྱི་ལོ1256ལོའི་བར་ཁྲི་དཔོན་བྱས་རིང་། དགེ་བཤེས་དར་ཚུལ་བ་སོགས་མི་སྣ་མང་པོ་ཞིག་ཧུ་པི་ལི་སེ་ཆེན་ཧན་རྒྱལ་པོ་མ་བྱས་གོང་ནས་འབྲེལ་བ་བཙུགས་ཐོག་ཚལ་གུང་ཐང་གི་ཁོངས་གཏོགས་མི་སེར་ཐམས་ཅད་ཧུ་པི་ལི་ལ་ཕུལ་ནས་མགོ་བཏགས་ཞུས། རབ་བྱུང་ལྔ་པའི་ས་འབྲུག་སྤྱི་ལོ1268ལོར་ཡོན་གོང་མའི་ལུང་གིས་དཔོན་སངས་རྒྱས་དངོས་གྲུབ་ལ་ཁྲི་དཔོན་གྱི་ཆོ་ལོ་གནང་ཞིང་། ཚལ་པའི་ཁོངས་ཀྱི་ཆོས་གཞིས་མི་སེར་བསྟན་སྲིད་ཀྱི་དབང་ཆ་བཞེས། དེའི་སྲས་དཔོན་རིན་ཆེན་རྒྱལ་མཚན་གྱིས་རབ་བྱུང་བཞི་པའི་ཆུ་ཡོས་སྤྱི་ལོ1243ལོ་ནས། རབ་བྱུང་ལྔ་པའི་ས་འབྲུག་སྤྱི་ལོ1268ལོའི་བར་ཁྲི་དཔོན་བྱས་རིང་སྟེ། རབ་བྱུང་བཞི་པའི་ས་ལུག་སྤྱི་ལོ1259ལོར་ཧུ་པི་ལི་སེ་ཆེན་ཧན་གོང་མ་མ་བྱས་གོང་ཙམ་དུ་མཇལ་ཞིང་། དེའི་ཕྱི་ལོ་གོང་མས་བྱས་རྗེས་གཟེངས་རྟགས་སུ་དངུལ་དང་། གོས་དར་གྱི་སྐྱེས་མང་པོ་གནང་ཐོག ཆ་ཞོགས་དར་སྤྲས། འབྲམ་གླང་ཡེར། ལྷག་གླགས་བ་ལམ། ལོ་བྱང་བྱི། སྲི་ཞལ་ཡུལ་བཞི། བྱང་སྐལ་སྡེ་ལྔ། ཉང་བྲན་དོག་བདེ། སྟོད་ལུང་ཕུ་མདའ། སྙེ་ཐང་ཚམ་གསུམ། ལྷ་འབྲུག་གཉིས། སྐུལ་མཆིང་རུ། ཡར་འབྲོག་སྒང་གསུམ། གྲ་དོལ་གཞུང་གསུམ། སླེའུ་ཆུང་། སྒྲགས་འཕྲང་པོ། མཁར་ཆུ། ཟུང་མཁར་ཁ་རག ། རབ་བཙུན། སྣོན་གསར་རྒྱལ་སྡེ། གྲིབ་སོགས་གུང་ཐང་གཙུག་ལག་ཁང་ཞིག་གསོའི་ཐེབས་སུ་གནང་ཞིང་། ཚལ་པ་ཁྲི་དཔོན་གྱི་སྟོབས་ཤུགས་རིམ་བཞིན་འཕེལ་ནས་ཕག་མོ་གྲུ་པ་དང་འབྲུ་གུང་སོགས་དང་དོ་མཉམ་དུ་གྱུུར་ཏེ། སྟོབས་ཤུགས་ཅུང་ཆེ་བའི་ཁྲི་དཔོན་གསུམ་གྱི་གྲས་སུ་འཁོད། ཁོང་གི་ཡབ་ཀྱི་སྐུ་རིང་ལ་ཚལ་པ་ཁྲི་དཔོན་གྱི་དབང་གྲངས་དེ་བས་ཆེ། ཡབ་ནི་དྲུང་ཆེན་སྨོན་ལམ་རྡོ་རྗེ་ཡིན་ཞིང་། ཁོང་ནི་རང་ལོ་ཉི་ཤུ་བ་ཆུ་ཡོས་ནས་སུམ་ཅུ་སོ་གསུམ་གྱི་བར་ལོ་བཅུ་གསུམ་རིང་ལ་ཁྲི་དཔོན་བྱས། ཚལ་པ་ཀུན་དགའ་རྡོ་རྗེ་ནི་དྲུང་ཆེན་སྨོན་ལམ་རྡོ་རྗེའི་སྲས་ཆེ་བ་ཡིན། ཁོང་ནི་འདི་ལྟ་བུའི་ཁྱིམ་ཚང་སྲིད་པའི་གངས་རི་ལྟ་བུ་ལས་འཁྲུངས་ཤིང་གཞན་ལ་མེད་པའི་ཆ་རྐྱེན་བཟང་པོ་འཛོམས། དགུང་ལོ་ལྔ་པ་ནས་ཡི་གེ་འབྲི་ཀློག་ལེགས་པར་བསླབས། ཚལ་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་དང་མདོ་སྔགས་རིག་གནས་གང་ལ་མཁས་པའི་མཚན་སྙན་ཕྱོགས་མཐའ་ཀུན་ལ་གྲགས། རང་ལོ་བཅོ་ལྔ་པ་རབ་བྱུང་ལྔ་པའི་ཆུ་ཕག་སྤྱི་ལོ1323ལོར་ཁྲི་དཔོན་དུ་བསྐོས་ཤིང་སྲིད་ཀྱི་ལམ་ལ་བསྙེག་འགོ་ཚུགས། རང་ལོ་བཅུ་བདུན་པ་ཤིང་གླང་སྤྱི་ལོ1324ལོར་རང་ཉིད་ཀྱི་དབང་བསྒྱུར་སྲ་བརྟན་ཡོང་ཕྱིར་དང་། ཚལ་པ་ཁྲི་དཔོན་གྱི་སྲིད་དབང་བརྟན་ཕྱིར་ཡོན་རྒྱལ་རབས་ཀྱི་གོང་མ་ཡེ་སུན་ཐེའི་མུར་གྱི་དྲུང་དུ་བྱོན། ཡེ་སུན་ཐེའི་མུར་ནས་རིག་པ་གྲུང་པའི་ཚལ་པ་ཀུན་དགའ་རྡོ་རྗེ་ལ་ཐུགས་ཤིན་ཏུ་མཉེས། ཆེད་དམིགས་ཀྱིས་ཡི་གེ་ཡང་གནང་། དངུལ་བྲེ་ཆེན་དང་། དངུལ་གྱི་ཐམ་ཀ །གསེར་གྱི་རྒྱན། གོས་དར་སོགས་མང་པོ་དང་། ཚལ་པའི་མི་སྡེ་དབང་རིགས་ཐམས་ཅད་ཤེས་སུ་བཅུག་པའི་འཇའ་ས་བཅས་གནང་། ཚལ་པ་ཀུན་དགའ་རྡོ་རྗེ་ནས་ཀྲུང་དབྱང་སྲིད་གཞུང་གིས་གནང་བའི་འཇའ་ས་ཐོབ་རྗེས། ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་སུ་གྱུར་ཏེ། ཁོང་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྲིད་ཇུས་ལག་ལེན་དུ་བསྟར། ཁྲི་དཔོན་གྱི་ཐུགས་འགན་བཞེས་པའི་ལོ10ལྷག་གི་རིང་། ཚལ་པ་ཀུན་དགའ་རྡོ་རྗེ་མཆོག་ནས་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ས་ཅི་ཐད་ནས་གྲུབ་འབྲས་བླངས།

        དུས་རབས14པའི་དུས་དཀྱིལ་དུ། ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེ་ཡིས་བྱ་རྒོད་པོའི་གཤོག་རྩལ་རྒྱས་པ་ལྟ་བུ་རང་ཉིད་ལ་འཇིགས་སྐུལ་ཤིན་ཏུ་ཆེ་བའི་ཕག་གྲུའི་སྲིད་དབང་ལ་སེམས་ཁྲལ་ཧ་ཅང་ཆེ། མཐར་ས་སྐྱ་དཔོན་ཆེན་རྒྱལ་བ་བཟང་པོ་དང་གཡའ་བཟང་བཀའ་བརྒྱུད་པ་མཉམ་འབྲེལ་སྒོས་ཕག་གྲུའི་ཁྲི་དཔོན་ཏའི་སི་ཏི་བྱང་ཆུབ་རྒྱལ་མཚན་ལ་ངོ་རྒོལ་བྱ་རྒྱུ་ཐག་བཅད། ཡིན་ནའང་། ཕག་གྲུའི་དཔོན་བྱང་ཆུབ་རྒྱལ་མཚན་གྱི་དམག་དཔུང་གིས་མཉམ་འབྲེལ་དམག་གི་ཕས་ཀྱི་རྒོལ་བ་ཚར་བཅད་དེ། བྱུང་དྲུག་པའི་ཆུ་འབྲུག་སྤྱི་ལོ1352ལོར་ཚལ་པ་ཁྲི་དཔོན་གྱི་དབང་རིས་ཆ་ཚང་ཕག་གྲུར་ཤོར། ཚལ་པ་སི་ཏུ་ཀུན་དགའ་རྡོ་རྗེ་ཕམ་ཁའི་མདུན་ནས་སླར་ཡང་སྲིད་ཀྱི་འགན་དབང་བཞེས་པའི་སེམས་ཤུགས་ཀྱིས་དབུལ་ཏེ། རང་ཉིད་ཀྱི་ལས་རྒྱུན་འཛིན་མཁན་གཅུང་པོ་གྲགས་པ་ཤེས་རབ་ལ་གཏད་ནས་མཁན་ཆེན་དོན་ཞགས་པ་སངས་རྒྱས་རིན་ཆེན་གྱི་དྲུང་དུ་རབ་བྱུང་དང་བསྙེན་རྫོགས་མཛད། མཚན་དགེ་བའི་བློ་གྲོས་སུ་གསོལ། རབ་ཏུ་བྱུང་རྗེས་འཇིག་རྟེན་སྲིད་པའི་བྱ་བཞག་ལ་ཁ་ཡ་མི་བྱེད་པར། སེམས་གཅིག་བློ་གཅིག་གིས་ཐོས་བསམ་བཤད་སྒྲུབ་ཀྱི་མཛད་པ་ལྷུར་ལེན་གནང་། ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་མཆོག་མེས་རྒྱལ་ནང་ས་ནས་བོད་དུ་ཕྱིར་ཕེབས་འབྱོར་རྗེས། ཚལ་གུང་ཐང་དུ་གདན་དྲངས་ཏེ་མདོ་སྔགས་ཀྱི་ཆོས་མང་དུ་ཞུས། ཚལ་པ་ཀུན་དགའ་རྡོ་རྗེ་ལ་ཡོན་གོང་མས་སི་ཏུ་ཞེས་པའི་མཚན་གནས་གནང་། དེ་བས་བོད་ས་གནས་སུ་སི་ཏུ་ཐམས་ཅད་མཁྱེན་པ་ཞེས་བོད་ཡོངས་ལ་སྙན་པའི་གྲགས་འབར། མཐར་དགུང་ལོ་ང་བདུན་པ་རབ་བྱུང་དྲུག་པའི་ཤིང་སྦྲུལ་སྤྱི་ལོ1365ལོར་སྐུ་གཤེགས། ཚལ་པ་ཀུན་དགའ་རྡོ་རྗེའི་སྐུ་ཚེ་ནི་ཀྱག་ཀྱོག་དང་འཕོ་འགྱུར་ཆེ་བ་ཞིག་རེད་ཅེས་བརྗོད་ཆོག་མོད། ཡིན་ནའང་། ཁོང་ནས་མཁྱེན་རྒྱ་དང་ཡོན་ཏན་ལ་བརྟེན་ནས་རྗེས་རབས་པའི་བརྩི་བཀུར་དང་ཡིད་སྨོན་ཐོབ་སོང་། གོས་ཐོས་སུ། ཐེངས་ཤིག་བུ་སྟོན་ཐམས་ཅན་མཁྱེན་པ་ཚལ་གུང་དུ་གདན་དྲངས་པ་ལྟར་ཕེབས་དུས་ཁོང་ནས་ཕྱག་དཔེ་མང་པོ་བསྣམས་ཤིང་། ལམ་བར་དུ་དུས་ཚོད་དམ་འཛིན་གྱིས་དཔེ་ཀློག་མཛད་པ་པས། ཁ་གཅིག་གིས་ཅི་ཡིན་སྙམ་ནས་བུ་སྟོན་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པའི་ལན་དུ། ཚལ་པ་ཀུན་དགའ་རྡོ་རྗེ་མཁྱེན་རྒྱ་ཡངས་པས་ཁོང་མཇལ་དུས་བཀའ་འདྲི་གནང་གི་རེད་ཅེས་གསུངས། ཚུལ་དེ་ཉིད་ལས། ཚལ་པ་ཀུན་དགའ་རྡོ་རྗེའི་མཁྱེན་ཡོན་ལ་བུ་སྟོན་ཐམས་ཅད་མཁྱེན་པ་ནས་ཀྱང་ཡིད་སྨོན་འཆོར་བཞིན་ཡོད་པ་ཤེས་ཐུབ། ཚལ་པ་ཀུན་དགའ་རྡོ་ལ་གསུང་རྩོམ་ཤིན་ཏུ་མང་པོ་ཡོད་པའི་ཁྲོད་ནས་སྙན་གྲགས་ཆེ་ཤོས་ནི《 དེབ་ཐེར་དམར་པོ》 ཡིན། དེབ་འདི་རབ་བྱུང་དྲུག་པའི་མེ་ཁྱི་སྤྱི་ལོ1346ལོ་ནས་འབྲི་ཚུགས་ཤིང་། ཀརྨ་པ་སྐུ་ཕྲེང་བཞི་པ་རང་བྱུང་རོལ་པའི་རྡོ་རྗེ་མེས་རྒྱལ་ནང་ས་ནས་ཕྱིར་བོད་དུ་ཆིབས་བསྒྱུར་མཛད་པའི་ལོ་སྟེ། རབ་བྱུང་དྲུག་པའི་ཆུ་ཡོས་སྤྱི་ལོ1363ལོར་བརྩམས་གྲུབ་ཅིང་ལག་བྲིས་མའི་ཚུལ་དུ་སྲིད་ལ་ཁྱབ།

        ཚལ་པ་ཀུན་དགའ་རྡོ་རྗེ་ལ་གསུང་རྩོམ་ 《 དེབ་ཐེར་དམར་པོ།》 ལས་གཞན་ད་དུང་། དེའི《 ལྷན་ཐབས་དེབ་ཐེར་མཁས་པའི་ཡིད་འཕྲོག》དང་། ཚལ་པ་བཀའ་འགྱུར་གྱི་དཀར་ཆག《དེབ་ཐེར་དཀར་པོ།》 (དཀར་ཆག་འདི་སྐད་གྲགས་ཤིན་ཏུ་ཆེ། གསུང་པོད་འདི་མཇལ་ཆེད་རྗེ་ཙོང་ཁ་པ་སྐུ་དངོས་སུ་ཚལ་གུང་ལ་ཕེབས)དང་། རྒྱལ་རབས་ལོ་རྒྱུས《དེབ་ཐེར་ཁྲ་བོ།》 《 གུང་ཐང་བླ་མ་ཞང་གི་རྣམ་ཐར།》 《 ཡང་སྨོན་ལམ་རྡོ་རྗེའི་རྣམ་ཐར།》 བཅས་ཡོད་དོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1