ཁྲེན་ཏུའུ་གྲོང་ཁྱེར་ནས་ཐོན་སྐྱེད་བྱུང་བའི་བོད་ཡིག་རྡོ་བརྐོས་ཀྱི་གནས་བབ་ དང་དེའི་རིག་གཞུང་ཉར་ཚགས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ།

གཡུང་དྲུང་ཐར་གྱིས་བྲིས། ཤེས་བྱས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 07-31


        ཁྲེན་ཏུའུ་གྲོང་ཁྱེར་ནི་སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཡིན་ཏེ་ཀྲུང་གོ་རྒྱལ་ཁབ་ཀྱི་ནུབ་ཁུལ་ས་ཆབ་སྲིད་དང་དཔལ་འབྱོར་། རིག་གནས་ཀྱི་ལྟེ་གནས་ཤིག་ཡིན། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ལྗོངས་ཞིང་ལྔའི་བོད་རིགས་ས་ཁུལ་གྱི་རིག་གནས་དང་དཔལ་འབྱོར་སོགས་ལ་ཁྲེན་ཏུའུ་གྲོང་ཁྱེར་གྱིས་རྟག་པར་ཤུགས་རྐྱེན་ཐེབས་བཞིན་འདུག དེང་དུས་ཀྱི་ཁྲེན་ཏུའུ་གྲོང་ཁྱེར་དང་ལྗོངས་ཞིང་ལྔའི་བོད་ཁུལ་བར་དུ་རིག་གནས་བརྗེ་རེས་དང་རིག་གནས་མཉམ་རོལ་གྱི་ཚད་ཇེ་མཐོ་དང་ཇེ་མང་དུ་འགྲོ་བཞིན་འདུག་ལ། ཁྲེན་ཏུའུ་གྲོང་ཁྱེར་དུ་བོད་པའི་ཚོང་པ་མང་པོ་འདུས་སྡོད་བྱས་ཡོད་པ་དང་། རིག་གནས་སློབ་སྦྱོང་དང་ཚོང་གཉེར་སོགས་ལ་དམིགས་ནས་བོད་མི་མང་པོ་ཞིག་མུ་མཐུད་དུ་ཁྲེན་ཏུའུ་གྲོང་ཁྱེར་དུ་ཡོང་དང་ཡོང་བཞིན་མཆིས། འདི་འདྲའི་དམིགས་བསལ་གྱི་མཐུན་རྐྱེན་འོག་ཏུ་བོད་ཡིག་དང་འབྲེལ་བའི་ཐོན་ལས་མང་པོ་དར་ཡོད་པ་དང་ལྷག་པར་དུ་རྡོ་བརྐོས་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། མ་ཎི་རྡོ་བརྐོས་དང་བཀའ་བསྟན་སོགས་རྡོ་བརྐོས་ཐོན་རྫས་ནི་ཚབ་མཚོན་ཐོན་དངོས་རེད། དཔྱད་རྩོམ་འདིར་བདག་གིས་ཁྲེན་ཏུའུ་གྲོང་ཁྱེར་གྱི་བོད་མིའི་ཁྲོམ་ར་དང་དེ་འབྲེལ་གྱི་བཟོ་གྲྭ་དང་ཚོང་ཁང་200ཙམ་ལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་དང་དཔྱད་བསྡུར་བྱས་ཏེ་བོད་ཡིག་དང་བོད་ཀྱི་རིག་གཞུང་འབྲེལ་བའི་རྡོ་བརྐོས་ཐོན་ལས་ཀྱི་གནས་བབ་སྐོར་གླེང་ཡོད་པ་མ་ཟད་ཐོན་ལས་དེས་བོད་ཀྱི་རིག་གཞུང་ཉར་ཚགས་དང་རྒྱུན་འཛིན་ཐད་ལ་ཐེབས་པའི་ཤུགས་རྐྱེན་ཀྱང་བརྗོད་ཡོད།

གཅིག ཁྲེན་ཏུའུ་གྲོང་ཁྱེར་དང་དེའི་ཉེ་འཁོར་གྱི་བོད་ཡིག་རྡོ་བརྐོས་ཐོན་ལས་བཟོ་གྲྭ་དང་ཚོང་ཁང་སོགས་ཀྱི་གནས་ཚུལ།
        འདིར་བཤད་པའི་རྡོ་བརྐོས་ཐོན་རྫས་ནི་བོད་ཡིག་གི་ལམ་ནས་བྲིས་བའི་རྡོ་བརྐོས་ཐོན་རྫས་ཏེ་དཔེར་ན་སངས་རྒྱས་ཆོས་ལུགས་དང་གཡུང་དྲུང་བོན་ཆོས་སྐོར་གྱི་མ་ཎི་རྡོ་འབུམ་མམ་མ་ཏྲི་རྡོ་འབུམ་དང་།
        བྱམས་མ་དང་སྒྲོལ་མ། བཀའ་བསྟན་བྲིས་པའི་རྡོ་ལེབ་སོགས་དང་། ཐོན་རྫས་དེ་དང་འབྲེལ་བའི་ཐོན་ལས་མ་ལག་ཆ་ཚང་ལ་ཟེར།
        ཁྲེན་ཏུའུ་གྲོང་ཁྱེར་ནས་བོད་ཡིག་དང་འབྲེལ་བའི་རྡོ་བརྐོས་ཐོན་ལས་ནི་དུས་རབས་21པའི་དུས་མགོ་ནས་བཟུང་བྱུང་བ་དང་ད་ལྟའི་བར་དར་རྒྱས་ཆེན་པོ་བྱུང་ཡོད་པ་མ་ཟད་རིན་གོང་བདེ་བ་དང་སྤུས་ཀ་ལེགས་པ། ལག་ཤེས་ཡང་རྩེར་སོན་ལ་ཐོན་འདུག དུས་རབས་21པའི་དུས་མགོར་ཟུང་ཆུ་བོད་ཡིག་དཔར་ཁང་གིས་བཀའ་བསྟན་སོགས་ཆོས་ལུགས་ཀྱི་དཔེ་དེབ་དཔར་སྐྲུན་བྱེད་སྐབས་ཚོང་རའི་དགོས་མཁོ་ལ་དམིགས་ནས་རིམ་གྱིས་རྡོ་བརྐོས་ཐོན་རྫས་བཟོ་བའི་མགོ་བརྩམས། བོད་ཁུལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་ལ་སོང་བ་དང་བསྟུན་ནས་རྡོ་བརྐོས་ཐོན་རྫས་ཀྱི་སྤུས་ཚད་ཀྱང་ཇེ་ལེགས་དང་ལས་རིགས་འདུ་ཡང་འཐུས་ཚང་དུ་བཏང་ཡོད། རྡོ་བཀོས་ཐོན་ལས་ཆ་ཚང་བྱུང་། དེང་གི་དུས་སུ་བོད་ཁུལ་ས་ཆ་ལ་རྡོ་བརྐོས་བཟོ་གྲྭ་གཅིག་ལས་མེད་ཅིང་དེ་ནི་ཆབ་མདོ་ས་ཆ་རུ་ཡོད་ལ། ཆབ་མདོའི་རྡོ་བརྐོས་བཟོ་གྲྭ་དེ་ནི་ཁྲེན་ཏུའུ་ཡི་རྡོ་བརྐོས་ཁེ་ལས་ཤིག་གི་མ་ལག་བཟོ་གྲྭ་ཞིག་ཡིན་པ་དང་། གཞན་ཡང་དེ་མིན་གྱི་བཟོ་གྲྭ་ཚང་མ་ཁྲེན་ཏུའུ་གྲོང་ཁྱེར་ནང་ཁུལ་དང་དེའི་ཉེ་འགྲམ་གྱི་རྫོང་དང་གྲོང་ཁྱེར་ཏུ་ཆགས་ཡོད། ཁྲེན་ཏུའུ་གྲོང་ཁྱེར་གཙོ་བྱས་བའི་རྫོང་དང་གྲོང་ཁྱེར་དེ་དག་ཏུ་རྡོ་བརྐོས་ཁེ་ལས་དང་བཟོ་གྲྭ་ཕལ་ཆེར་ཆགས་ཡོད་པ་དང་ཐོན་རྫས་དེ་དག་གི་ལྟེ་གནས་སུ་གྱུར་ཡོད།
        ཁྲེན་ཏུའུ་གྲོང་ཁྱེར་གྱི་བོས་ཧོས་ཚུ་བོད་མིའི་ཁྲོམ་ར་དང་གྲོང་ཁྱེར་མཐའ་སྐོར་གྱི་ཕིན་ཞན་རྫོང་། ལུང་ཆོན་དབྱི་ས་ཁུལ། ཆའང་ལེ་གྲོང་ཁྱེར་བཅས་ནི་བོད་ཡིག་དང་འབྲེལ་བའི་རྡོ་བརྐོས་བཟོ་གྲྭ་རྣམས་ཀྱི་ཁྱབ་ཁུངས་ཡིན་པ་དང་། ས་ཆ་དེ་དག་ཏུ་བོད་ཡིག་རྡོ་བརྐོས་ཐོན་རྫས་ཚོང་ཁང་200ལྷག་དང་། བཟོ་གྲྭ་180ལྷག ཚོང་པ་600ལྷག་བཅས་འདུག ལས་ཞུགས་མི་སྣ་སྡོམ་པའི་མི་2000ཙམ་ཡོད་པ་དང་དེའི་ཁྲོད་བོད་མི་1300ཙམ་འདུག བོད་ཀྱི་རྡོ་བརྐོས་ལག་རྩལ་གྱི་འཕེལ་རྒྱས་ཀྱིས་བོད་མིའི་ལས་ཞུགས་ཚད་མཐོར་འདེགས་གཏོང་བར་ཕན་ནུས་མི་ཉུང་བ་ཞིག་སྐྲུན་བཞིན་ཡོད།

        ཁྲེན་ཏུའུ་གྲོང་ཁྱེར་དེ་བོད་ཡིག་གི་རྡོ་བརྐོས་ཐོན་ལས་ཀྱི་ལྟེ་བར་གྱུར་བའི་རྒྱུ་མཚན་ནི་འདི་ལྟར་ཏེ། གཅིག་ནི་ཐོན་རྫས་འདི་ནི་ལྗོངས་ཞིང་ལྔ་ལ་ཚོང་ལམ་ཡག་པོ་ཡོད་པ་དང་འགྲིམ་འགྲུལ་སྟབས་བདེ་ཡིན་པ། གཉིས་ནི་ཁྲེན་ཏུའུ་གྲོང་ཁྱེར་འདི་ནས་རིན་གོང་དམའ་བའི་རྒྱུ་ཆ་འབོར་ཆེན་ཐོབ་སླ་བ་དང་། ཆུ་རིན་དང་གློག་རིན། བཟོ་བའི་ཡོན་ཕོགས་བཅས་དམའ་བས་རིམ་གྱིས་བཟོ་གྲྭ་དང་ཁེ་ལས་ཁག་ཁྲེན་ཏུའུ་གྲོང་ཁྱེར་སོགས་སུ་ཆགས་པ་རེད། གསུམ་ནི་དེང་རབས་ཀྱི་རྡོ་བརྐོས་འཕྲུལ་ཆས་ཞིག་གསོ་བྱེད་སླ་བ་བཅས་ཀྱི་རྒྱུ་རྐྱེན་འཛོམས་པས་རིམ་བཞིན་བོད་ཀྱི་རྡོ་བརྐོས་ཐོན་ལས་ཡོད་ཚད་རྒྱ་ནག་ཁྲེན་ཏུའུ་གྲོང་ཁྱེར་དུ་ཆགས་པ་རེད།

        ཟུང་ཆུ་བོད་ཡིག་དཔར་ཁང་དང་ལྷོ་ནུབ་མི་རིགས་དཔར་ཁང་གི་དཔར་གཞི་ནི་བཟོ་གྲྭ་དེ་དག་གི་མ་ཡིག་ཡིན་པ་དང་། དཔར་ཁང་དེ་དག་ནི་དཔེ་སྐྲུན་ཁང་མིན་པས་ནོར་བཅོས་ཀྱི་ལས་རིམ་དབེན་པ་དང་དེའི་རྐྱེན་གྱིས་དཔར་གཞི་རང་ངོས་སུའང་ནོར་འཁྲུལ་འདུག རྡོ་བརྐོས་ཐོན་རྫས་འདིའི་བོད་ཡིག་དང་བོད་ཀྱི་རི་མོ་འབྲི་སའི་རྒྱུ་ཆ་ནི་རྡོ་ཡིན། ཁྲེན་ཏུའུ་སོགས་སུ་གནས་པའི་བཟོ་གྲྭ་ཁག་གི་རྒྱུ་ཆ་ལ་རིགས་7ནས་10ཙམ་འདུག་སྟེ། དེ་དག་གི་ཐོན་ཁུངས་ནི་ནང་སོག་དང་ཧྥུའུ་ཅན་ཞིང་ཆེན། གཡག་རྔ་སོགས་སུ་ཡིན་ལ། རྡོ་དེ་དག་ལས་ནང་སོག་ཏུ་ཐོན་པའི་རྡོ་ལ་སོག་རྡོ་ནག་པོ་དང་། ཧྥུའུ་ཅན་དུ་ཐོན་པའི་རྡོ་ལ་ཀྲུང་གོའི་རྡོ་ནག་པོ། གཡག་རྔ་ནས་ཐོན་པའི་རྡོ་ལ་གཡག་རྔ་རྡོ་ནག་བཅས་ཟེར། རྡོ་དེ་དག་ནི་རང་བྱུང་རྡོ་ཡིན་པ་ལས་རྫས་འགྱུར་སོགས་ཀྱི་ལམ་ནས་བཟོས་པའི་རྡོ་མིན། རྡོ་བརྐོས་ཐོན་རྫས་ཀྱི་རྒྱུ་ཆ་བྱེད་པའི་རྡོ་ལེགས་ཤོས་ནི་ནང་སོག་ནས་ཐོན་པའི་རྡོ་ཡིན་པ་དང་། རྡོ་དེའི་རིགས་ཀྱི་སྲ་ཚད་མཐོ་བ་དང་དུས་ཡུན་རིང་པོར་གནས་ཐུབ་པ་ཤད་རུལ་དཀའ་བ། ཡི་གེ་བརྐོས་པ་ཤིན་ཏུ་གསལ་བ་བཅས་ཀྱི་ཁྱད་ཆོས་ལྡན།
        རྡོ་རིགས་10ཙམ་ཡོད་པ་ཚང་མའི་སྟེང་ལ་རི་མོ་དང་ཡི་གེ་གཉིས་ཀ་བརྐོས་ཆོག་པ་རེད། གཞི་མའི་མདོག་དང་ཡི་གེའི་མདོག་མི་འདྲ་བའི་རྡོ་བརྐོས་ཐོན་རྫས་བཟོས་ཆོག་སྟེ། གཞི་མདོག་མང་ཤོས་ནི་སྐྱ་བོ་དང་ནག་པོ་ཡིན། ཡི་གེའི་མདོག་ནི་ཁ་དོག་སྣ་ལྔའི་རིགས་མང་བ་དང་མདོག་གཞན་ཡང་ཡོད། རྡོ་བརྐོས་ཐོན་རྫས་ཁྲོད་ཡི་གེ་ལས་གཞན་རི་མོའང་བརྐོས་ཆོག་སྟེ། བཀྲ་ཤིས་རྟགས་བརྒྱད་དང་རྣམ་བཅུ་དབང་ལྡན། མཐུན་པ་སྤུན་བཞི་སོགས་ཡོད། ཡི་གེ་དང་རི་མོ་འདྲེས་མ་ཟུང་འབྲེལ་བྱས་ན་ཁ་ལས་རླུང་རྟ་དར་བར་མཚོན།

        རྡོ་བརྐོས་ཐོན་རྫས་ཀྱི་བཙོང་ཡུལ་ནི་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ཀྱི་བོད་རིགས་ས་ཁུལ་ཡིན་པ་དང་། མདོ་སྟོད་སྨད་ཀྱི་ས་ཁུལ་དུ་ཉོ་མཁན་ཅུང་མང་། ཐོན་རྫས་དེ་དག་སེར་སྐྱ་དམངས་ཚོགས་ཀུན་གྱིས་ཉོ་བཞིན་ཡོད་ལ། རྡོ་བརྐོས་ཐོན་རྫས་འཇོག་གནས་ནི་དགོན་སྡེ་དང་སྐོར་ལམ། གནས་མཚོ། གནས་རི། ཆུ་མགོ། དུར་ས་སོགས་ཀྱི་ས་ངོས་སམ་ས་འོག་ཏུ་སྦེད་པ་བཅས་ཡིན། ཁྲེན་ཏུའུ་གྲོང་ཁྱེར་སོགས་ཀྱི་ཁེ་ལས་དང་བཟོ་གྲྭ་ཡོངས་ཀྱིས་ལོ་རེར་མ་ཎི་འབུམ་ཞིག་གམ་བཀའ་བསྟན་ཆ་ཚང་བརྐོས་པ་ཚར་300ནས་500ཙམ་ཚོང་བཞིན་ཡོད་པ་དང་། གཞན་རྣམ་བཅུ་དབང་ལྡན་སོགས་ཀྱང་མི་ཉུང་བ་ཚོང་ཐུབ་བཞིན་ཡོད་པས་ཐོན་ལས་དེའི་ལོ་རེ་སྤྱིའི་ཡོང་འབབ་ཀྲུང་གོའི་དམངས་སྒོར་ཁྲི་15000ལྷག་ལ་སླེབས་ཡོད།

        རྡོ་བརྐོས་ཐོན་ལས་འདིའི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ནི། གཅིག་ནས་རྡོ་བརྐོས་ཐོན་ལས་ཀྱིས་སྲོལ་རྒྱུན་གྱི་རིག་གནས་དང་དེང་རབས་ཀྱི་ཚན་རིག་ཟུང་དུ་འབྲེལ་ནས་ཡིག་ཚང་སྲུང་སྐྱོང་ཐད་དུ་མཛད་རྗེས་མི་ཉུང་བ་བཞག་ཡོད། གཉིས་ནས་སྲོལ་རྒྱུན་གྱི་པར་བཏབ་ཤོག་ཡིག་དང་བསྡུར་ན་རྡོ་བརྐོས་མའི་རྒྱུ་ཆ་སྤུས་དག་ཡིན་ལ་ཆར་ཆུ་སོགས་ཀྱིས་གནོད་སྐྱོན་ཆེན་པོ་བཟོ་མི་ཐུབ། གསུམ་ནས་གློག་ཀླད་ཀྱིས་བརྐོས་པའི་པར་མ་ལ་སྲོལ་རྒྱུན་གྱི་མིའི་བརྐོས་པའི་པར་མ་ལས་སྤུས་ཀ་བཟང་བ་དང་ཡི་གེ་གསལ་བ། བཞི་ནས་འཕྲུལ་ཆས་ཀྱིས་དུས་ཡུན་ཐུང་ཐུང་ནང་ཐོན་རྫས་འབོར་ཆེན་བཟོ་ཐུབ། ལྔ་ནས་རྡོ་བརྐོས་ཐོན་ལས་ནི་སྲོལ་རྒྱུན་གྱི་བོད་ཀྱི་རྡོ་བརྐོས་དངོས་པོ་དང་མི་འདྲ་སྟེ། ཐོན་ལས་དེ་ནི་རིམ་གྱིས་དགོན་སྡེའི་མིང་བྱང་དང་ཚོང་ཁང་གི་མིང་བྱང་སོགས་ཐོན་རྫས་སྣ་མང་ཅན་དུ་འགྱུར་བཞིན་འདུག
གཉིས། བོད་ཡིག་དང་འབྲེལ་བའི་རྡོ་བརྐོས་ཐོན་ལས་ཀྱི་དཀའ་ངལ།
        ཁྲེན་ཏུའུ་གྲོང་ཁྱེར་དང་ཉེ་འཁོར་གྱི་རྡོ་བརྐོས་བཟོ་གྲྭ་དང་ཁེ་ལས་རྣམས་ལ་གཤམ་གྱི་དཀའ་ངལ་རྣམས་འཕྲད་བཞིན་ཡོད་དེ།
        གཅིག་ནི་དཔར་གཞི་ཉུང་བ་སྟེ་བཟོ་གྲྭ་མང་ཤོས་ཀྱི་དཔར་གཞི་གཅིག་མཚུངས་ཡིན་པས་སོ་སོའི་བར་ཁྱད་ཆོས་ཉུང་བ་དང་དཔར་གཞིའི་རང་ངོས་ཀྱི་ནོར་འཁྲུལ་ཏེ་ཡི་གེ་དང། ཚེག་ཁྱིམ་སོགས་ལ་ཆད་ལྷག་ཤོར་བའི་གནད་དོན་སེལ་ཐུབ་མེད་པ། དཔར་གཞི་གསར་བཟོའི་ལོ་ཡུན་རིང་བ་དང་འགྲོ་སོང་ཆེ་བ། བཀའ་བསྟན་སོགས་ཀྱི་དཔར་གཞི་གཅིག་ལས་གཞན་མེད་པ་བཅས་རེད།
        གཉིས་ནི་བཟོ་བའི་རིག་གནས་ཆུ་ཚད་དམའ་བས་ཐོན་རྫས་ཀྱི་སྤུས་ཀ་ལ་ཤུགས་རྐྱེན་ཐེབས་པ་སྟེ། བཟོ་བ་མང་ཤོས་ཀྱིས་བོད་ཡིག་མི་ཤེས་བས་ནོར་འཁྲུལ་འབྱུང་སླ་བ་རེད། ཐོན་རྫས་བཟོ་སྐབས་ལས་རིམ་ཚང་མ་གློག་ཀླད་སོགས་ལ་བརྟེན་ནས་བཟོ་བཞིན་ཡོད་པ་དང་བོད་ཡིག་མ་ཤེས་ཀྱང་ལས་རིམ་ཤེས་ན་ཐོན་རྫས་བཟོ་ཐུབ་འདུགབཀའ་བསྟན་སྐོར་གྱི་རྡོ་བརྐོས་ཁྲོད་ཞང་ཞུང་སྐད་དང་ལེགས་སྦྱར་སྐད་ཀྱང་ཡོད་པས་དེ་དག་ལ་གསལ་ཆ་མེད་ན་ནོར་འཁྲུལ་འབྱུང་སླ།

        གསུམ་ནི་ཐོན་རྫས་ཀྱི་རིགས་ཉུང་བ་སྟེ་ཆོས་ཕྱོགས་ཀྱི་རྡོ་བརྐོས་ཐོན་རྫས་ལས་རིག་གནས་སྐོར་ཉུང་བའམ་མེད་པ། ལྔ་ཟུང་རིག་གནས་ལས་ནང་དོན་རིག་པའི་སྐོར་གྱི་རྡོ་བརྐོས་ཐོན་རྫས་ལས་གཞན་ཉུང་བ་རེད། བཟོ་རིག་དང་། གསོ་རིག བོད་ཀྱི་ལོ་རྒྱུས། སྤྱི་ཚོགས་ཀྱི་གནས་བབ་མཚོན་པའི་རྩོམ་རིག་སོགས་བརྐོས་བའི་ཐོན་རྫས་ཤིན་ཏུ་ཉུང་བ་རེད།

གསུམ། རྡོ་བརྐོས་ཐོན་ལས་དང་འབྲེལ་བའི་རིག་གཞུང་རྒྱུན་འཛིན་སྐོར་གྱི་བསམ་གཞིགས་མདོར་བསྡུས།
        དེང་གི་སྤྱི་ཚོགས་དཔལ་འབྱོར་ལ་གནམ་ས་བླ་འོག་བསྒྱུར་བའི་འགྱུར་བ་བྱུང་ཡོད་པ་དང་རིག་གནས་ཀྱི་འགྱུར་ཚད་ཇེ་མགྱོགས་སོང་ཡོད། མི་རྣམས་ཀྱི་བསམ་བློ་དང་འདུ་ཤེས་ལའང་དེ་དང་བསྟུན་ནས་འགྱུར་བཞིན་འདུག མ་འོངས་བོད་ཀྱི་རིག་གནས་ནི་གང་ལྟར་ཞིག་ཡིན་མིན་ང་ཚོས་གཏན་ཁེལ་བྱེད་དཀའ་སྟེ། ཐ་ན་བོད་རིགས་དང་མི་རིགས་ཞེས་བ་སོགས་ཡོད་མིན་ལའང་གཏན་ཁེལ་བྱེད་མི་ཐུབ། ཁྲེན་ཏུའུ་གྲོང་ཁྱེར་དང་དེའི་ཉེ་འཁོར་རྫོང་ཁག་གི་རྡོ་བརྐོས་ཐོན་ལས་ཁྲོད་དུ་བོན་བསྟན་དང་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་སོགས་རྡོར་བརྐོས་རྗེས་བོད་ཀྱི་དགོན་པ་དང་གནས་རི། ལྷ་མཚོ་སོགས་སུ་བཞག་ཡོད། ད་ལྟའི་རྡོ་བརྐོས་ཐོན་རྫས་ཁྲོད་དུ་ཡི་གེ་ལས་གཞན་རི་མོ་སོགས་ཡོད་དེ་རྣམ་བཅུ་དབང་ལྡན། བཀྲ་ཤིས་རྟགས་བརྒྱད་ལྟ་བུ། ཉར་ཚགས་དང་ཤུལ་བཞག་ཆེད་བོད་ཀྱི་གསོ་རིག་དང་བཟོ་རིག རྩོམ་རིག་སོགས་ལྔ་ཟུང་རིག་གནས་ཚང་མ་རིམ་གྱིས་རྡོ་བརྐོས་ཐོན་རྫས་སུ་གྱུར་སྲིད། རྡོ་བརྐོས་ཐོན་ལས་ནི་ཚོང་ལས་དཔལ་འབྱོར་གྱི་ཐོན་རྫས་ཤིག་གམ་རིག་གནས་ཐོན་རྫས་རྐྱང་བ་ཞིག་མིན་ཏེ། རྡོ་བརྐོས་ཐོན་རྫས་ནི་ལོ་ངོ་སྟོང་ཕྲག་དུ་མར་གནས་ཐུབ་པ་དང་། ལོ་ངོ་མང་པོའི་རྗེས་སུ་ཐོན་རྫས་འདི་དག་ནི་དེང་གི་གནས་ཚུལ་དངོས་སྟོན་ཐུབ་པས་ལོ་རྒྱུས་ཀྱི་མེ་ལོང་ལྟ་བུ་ཞིག་རེད། དུས་རབས་20བའི་དུས་དཀྱིལ་དུ་ཏུན་ཧོང་དུ་གཏེར་ཡིག་དང་གནའ་བོའི་ཡིག་ཚགས་མང་པོ་རྙེད་པ་དེས་བོད་ཀྱི་རིག་གནས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་པ་བཞིན་མ་འོངས་བའི་དུས་སུ་རྡོ་བརྐོས་ཐོན་རྫས་འདི་དག་གིས་ཀྱང་དེ་འདྲའི་ཕན་ནུས་སྟེར་ཐུབ་པར་འདོད། དེར་བརྟེན་རྡོ་བརྐོས་ཐོན་ལས་འདིའི་སྐོར་ལ་རེ་སྨོན་འགའ་ཡོད་དེ།
        གཅིག་ནི་ཆེད་མཁས་པས་དོ་སྣང་བྱེད་དགོས་པ་ཏེ། ལྷག་པར་དུ་དཔར་གཞིའི་གསར་བཟོའི་སྐོར་ལ་རོགས་རམ་བྱེད་དགོས་སྙམ། བོད་རིག་པའི་མཁས་པ་དང་ཆེད་ལས་བ། ལག་རྩལ་བ། རབ་བྱུང་བ་རྣམས་ཀྱིས་རྡོ་བརྐོས་ཐོན་ལས་རོགས་རམ་བྱེད་ན་ལེགས་སྟེ། ཡིག་ནོར་བཅོས་བསྒྱུར། ནང་དོན་དག་བཅོས། ཚད་གཞི་གསར་བཟོ་བཅས་བྱས་ནས་ཐོན་རྫས་ཇེ་ལགས་ཇེ་བཟང་བྱས་ན་ལེགས་སྙམ། དཔར་གཞི་ནོར་བཅོས་དང་པར་གཞི་གསར་བཟོའི་ལས་ཀ་ནི་བོད་རིག་པའི་ཆེད་ལས་མཁས་པ་རྣམས་ལས་ཚོང་བ་དང་བཟོ་བ་ཕལ་བ་ཞིག་གིས་སྒྲུབ་མི་ཐུབ། དེང་རབས་ཅན་གྱི་མཁའ་དབུགས་ཁྲོད་སྲོལ་རྒྱུན་གྱི་རིག་གནས་རྒྱུན་འཛིན་བྱེད་སྐབས་དཀའ་ངལ་འཕྲད་པ་བཞིན་བོད་ཀྱི་བོད་རིག་ལག་རྩལ་གྱི་རྒྱུན་འཛིན་ལའང་དཀའ་ངལ་འཕྲད་ཡོད་དེ། དཀའ་ངལ་དེ་དག་ལས་བཟོ་བའི་ཆུ་ཚད་ཇེ་མཐོར་གཏོང་བ་ནི་བོད་ཀྱི་བཟོ་རིག་ཆེད་མཁས་དང་གསོ་སྐྱོང་ཆེད་ལས་རིགས་གསོ་སྦྱོང་སློབ་གྲྭ་རྣམས་ལ་རག་ལས་པར་འདོད། དེར་བརྟེན་བོད་རིག་པའི་ཆེད་མཁས་པ་རྣམས་དང་སློབ་གྲྭ་རྣམས་ཀྱིས་ཀྱང་ཐུགས་ཁུར་བྱེད་དགོས་སྙམ།
        གཉིས་ནི་ཚོང་ཚོགས་དང་ཚོང་ལས་དོ་དམ་ལས་ཁུངས་རྣམས་ཀྱིས་དོ་སྣང་དང་ཐུགས་ཁུར་བྱེད་དགོས་ཏེ། ཐོན་རྫས་ཀྱི་སྤུས་ཀ་ཇེ་མཐོར་གཏོང་བ་དང་། ཐོན་རྫས་སྣ་མང་ཅན་ལ་བསྒྱུར་བ། ཐོན་རྫས་ཀྱི་ཁྱད་ཆོས་འབུར་ཐོན་བྱེད་པ་བཅས་ལ་བརྟེན་ནས་བོད་ཀྱི་རྡོ་བརྐོས་ཐོན་ལས་འཕེལ་རྒྱས་ལ་རྩ་བ་བརྟན་པོ་བཟོས་དགོས་སྙམ། དེ་འདྲའི་ཐོན་ལས་ནི་མི་དམངས་ཀྱི་ཡོང་འབབ་ཇེ་མང་དང་ལས་ཞུགས་མི་སྣ་ཇེ་མང་བྱེད་པར་ཕན།
        གསུམ་ནི་བོད་དམངས་ཚོགས་ལ་རྡོ་བརྐོས་ཐོན་རྫས་ཀྱི་སྲུང་སྐྱོབ་སྐོར་གྱི་ཁྲིད་སྟོན་གནང་དགོས་སྙམ། ལྷག་པར་དུ་རྡོ་འབུམ་སོགས་ཁང་བའི་ནང་མ་བཞག་པའི་རྡོ་བརྐོས་ཐོན་རྫས་ལ་དེ་བས་སྲུང་སྐྱོབ་བྱེད་དགོས་ཏེ། མུ་མཐུད་དུ་བཀའ་བསྟན་སོགས་ཆ་ཚང་གནས་ཐུབ་ཆེད་སྲུང་སྐྱོབ་ལས་ཀར་ཤུགས་སྣོན་བྱེད་དགོས། དེ་ལྟར་སྒྲུབ་རྗེས་ད་བཟོས་བུ་རབས་ཚ་རྒྱུད་རྣམས་ཀྱིས་དེང་གི་རིག་གཞུང་དང་ལག་རྩལ་སོགས་གསལ་པོར་ཤེས་པར་ཕན་སྙམ།
        བཞི་ནི་ཐོན་ལས་དེ་ཐོག་མར་བྱུང་བ་ནས་དར་བ་དང་དེ་ནས་ད་ལྟའི་སྐབས་ཏེ་ཐོན་ལས་ཀྱི་འཕེལ་ཚད་ཇེ་དལ་སོང་བའི་ལོ་བཅུ་ལྷག་རིང་ལ་ཐོན་ལས་འདིའི་སྐོར་གྱི་དཔྱད་རྩོམ་སོགས་ཉུང་བ་དང་། ལྷག་པར་དུ་ཐོན་ལས་འདིའི་མ་འོངས་བའི་འཕེལ་ཕྱོགས་སྐོར་ལ་བསམ་བློ་གཏོང་མཁན་ཉུང་བས་བདག་གིས་བལྟས་ན་རིག་གནས་ཀྱི་མཁྱེན་རྒྱ་ཡངས་བའི་ཆེད་མཁས་པ་རྣམས་ཀྱིས་དོ་སྣང་དང་བསམ་བློ་གཏོང་དགོས་སྙམ། དེའི་རྒྱུན་མཚན་ནི་བོད་ཀྱི་རིག་གནས་དང་འབྲེལ་བའི་རྡོ་བརྐོས་ཐོན་ལས་ནི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། དེང་རབས་ལ་ཕྱོགས་པའི་ལམ་ལ་བགྲོད་པའི་ཕྱོགས་གཉིས་ཀ་འཛིན་པའི་སྐོར་གྱི་བརྗོད་གཞི་ཞིག་ཡིན་པ་དང་། དེང་རབས་ཅན་གྱི་ཁོར་ཡུག་ཁྲོད་སྲོལ་རྒྱུན་རིག་གནས་ཅི་འདྲ་བྱས་ནས་རྒྱུན་འཛིན་བྱེད་པའི་སྐོར་གྱི་དཔེ་མཚོན་བརྗོད་གཞི་ཞིག་ཡིན་པར་འདོད། སྲོལ་རྒྱུན་རིག་གནས་ཀྱི་རྒྱུན་འཛིན་དང་དར་སྤེལ་ནི་བྱ་བཞག་གལ་ཆེན་ཞིག་ཡིན་པ་དང་། རྡོ་བརྐོས་བཀའ་བསྟན་སོགས་ནི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་ཉར་ཚགས་ལ་ཕན་པ་དང་རྡོ་བརྐོས་ཐོན་རྫས་ནི་དཔེ་དེབ་ལས་རྒྱུ་ཆ་བཟང་བ་དང་ལོ་མང་པོར་གནས་ཐུབ་པའི་ཕྱིར་རོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1