༄༅།། ཁ་སྒང་ས་ཆའི་མདའ་རྩེད་ཀྱི་ཡུལ་སྲོལ་སྐོར་གླེང་བ།

ཚེ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ།   སྤེལ་དུས། 07-31


          ཁ་སྒང་ས་ཆ་ནི་མདོ་སྨད་དཔའ་ལུང་རྫོང་ཁོངས་ཏེ། ད་ལྟའི་བཱ་ཡན་གྲོང་བརྡལ་ནས་ནུབ་ཏུ་སྤྱི་ལེ་བཅུ་ཕྲག་ཙམ་ཕྱིན་ན་ཁ་སྒང་གི་ས་སྣེ་ཟིན་ཐུབ། ལོ་རྒྱུས་སྟེང་ཁ་སྒང་གི་མིང་ཐོགས་ཚུལ་ལ་བཤད་སྟངས་གཉིས་མཆིས་ཏེ། དཔྱོད་ལྡན་མང་པོ་ཞིག་གིས་ཨ་མ་ཀླུ་སྨན་ནས་ཀ་མདོའི་གདོང་དམར་སྣའི་བར་གྱི་ས་ཆ་འདི་རི་སྒང་ཁ་རྒྱུད་མང་པོས་གྲུབ་པས་ཁ་སྒང་ཞེས་ཐོགས་པར་བཤད་ལ། འགའ་ཞིག་གིས་ཆག་གསུམ་གྱི་(རྒྱལ་ར་ཆག ཆག་ཐོག  ཆག་ནང) ཡ་གྱལ་ཆག་ནང་གི་མཁར་དེ་རིའི་ཁ་རྒྱུད་འདི་ལ་གནས་པས་མཁར་སྒང་ཞེས་ཐོགས་པར་བཤད། གང་ལྟར་ད་ལྟའི་དུས་སུ་ཁ་སྒང་ཞེས་བྲིས་འབྱམས་སུ་སོང་ཡོད་པས་འདིར་ཡང་ཁ་སྒང་ཞེས་པའི་འབྲི་ཚུལ་འདི་སྤྱོད་རྒྱུ་ཡིན་ནོ། །

          ཁ་སྒང་ས་ཆ་འདིར་སྔོན་མི་རིགས་གཞན་གྱི་དྲི་མི་བྲོ་བར་བོད་ཁོ་ན་གནས་ཤིང་། དཔའ་ལུང་ས་ཆ་འདི་ལ་བུ་རྒྱུད་བཅོ་བརྒྱད་ཅེས་བགྲང་སྲོལ་ཡོད་པ་བཞིན་གནས་འདི་ལ་ཤཱཀྱ་བུ་རྒྱུད། བ་མགོ་བུ་རྒྱུད། ཁ་མ་བུ་རྒྱུད། ཚེ་བརྟན་བུ་རྒྱུད་སོགས་ཀྱིས་བདག་གིར་བཟུང་ཞིང་། ད་ལྟ་བོད་རྒྱ་ཧོས་གསུམ་མཉམ་དུ་གནས་ཡོད་ལ། བཅིངས་གྲོལ་རྗེས་ནས་ཨ་སྔོན་ཡུལ་ཚོ།  ས་ནེམ་པོ་ཡུལ་ཚོ། སྟག་ལུང་ཡུལ་ཚོ་བཅས་སྲིད་འཛིན་ཡུལ་ཚོ་གསུམ་བཙུགས་པས་ད་ལྟའི་ཁ་སྒང་ཞེས་པའི་ས་ཆ་ནི་གོང་གི་ཡུལ་ཚོ་འདི་གསུམ་པོ་ལ་ངོས་འཛིན་པ་ཡིན། ཁ་སྒང་ས་ཆ་ནི་སྔོན་ནས་བོད་ཀྱི་མདའ་རྩེད་ཆེས་ཆེར་དར་བའི་ས་ཁུལ་ཞིག་ཡིན་ཅིང་། ད་ལྟ་མདའ་སྡེ་ཉི་ཤུ་ཙམ་ཡོད་པ་ནི་རིམ་བཞིན་ཆག་ནང་དང་། ལྷས་རྒན། གཞི་སྐྱོང་གོང་ཞོལ། དགུ་རོང་།  དངུལ་སྡོང་ལ་ཁ། རུ་མང་། ཤཱཀྱ་བུ་རྒྱུད། ཝ་རྒྱ། ཆུ་དམར། རྒྱ་རྒྱ།  ཝ་ཤུལ།  ཀོའུ་བ། ཐང་དཀར། ཝུ་ལེ། རྭ་གུག རྣམ་གཤོང་། ཁ་མ་བུ་རྒྱུད་སྲིབ། ཡ་རུང་། དབོན་རྒྱ་བཅས་སོ། །

          གཅིག  ཁ་སྒང་གི་མདའ་རྩེད་བྱུང་འཕེལ་གྱི་སྐོར།
          མདའ་རྩེད་ནི་བོད་ཀྱི་སྣ་འདུས་རང་བཞིན་གྱི་རྩེད་མོ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་སྟེང་མདའ་ནི་མངའ་མཛད་བཅུ་གཉིས་སྐབས་ཀྱི་དང་པོ་གནོད་སྦྱིན་ནག་པོས་དབང་མཛད་སྐབས་བྱུང་བར་གྲགས་ཤིང་།  སྐབས་དེའི་མདའ་གཞུའི་ནུས་པ་མཚོན་ཆའི་དོད་ཙམ་ལས་རྩེད་ཆས་སུ་མི་འགྲོ་ལ། དེ་ཡང་ཚོ་བ་དང་ཚོ་རྒྱུད་ཀྱི་བར་དང་། ས་ཁུལ་དང་ས་ཁུལ་གྱི་བར། ཡང་ན་རང་ཉིད་སྲུང་སྐྱོབ་དང་། རི་དྭགས་རྔོན་གཤོར་སོགས་ཀྱི་ཆེད་དུ་སྤྱོད་པ་ལས་མདའ་རྩེད་ཅེས་པ་དར་མེད་དོ།  །
          ཁ་སྒང་ས་ཆའི་མདའ་རྩེད་ཀྱི་ཐོག་མའི་འབྱུང་ཁུངས་སྐོར་ལ་བཤད་ཚུལ་མ་ལྟ་བུ་གཉིས་དང་བུ་ལྟ་བུ་གཅིག་སྟེ་གསུམ་ཡོད་པ་ལས། དང་པོ་གཉིས་ནི། དེ་ཡང་ད་ལྟའི་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱས་པའི་འབྲས་བུ་དང་། ས་འདིའི་མི་རྣམས་ཀྱི་བཤད་རྒྱུན་ལྟར་ན།  ཁ་སྒང་ས་ཆའི་བོད་མི་རྣམས་ནི་བོད་བཙན་པོའི་སྐབས་སུ་རྒྱ་བོད་སོ་སྲུང་དུ་མངགས་པའི་དམག་མིའི་རྒྱུད་པ་ཡིན་ཅིང་།  ཁོ་ཚོས་མཚོན་ཆ་མདའ་གཞི་ལ་བརྟེན་ནས་མཐའ་མཚམས་སྲུང་བའི་ཞོར་ནས་སྐྱེན་པོའི་མཐེབ་རྩལ་སྦྱོང་ཕྱིར་འབེན་འདྲ་ལས་ཏེ་མདའ་སྦྱོང་བྱས་པ་དང་།  མདའ་སྦྱོང་བྱེད་ཚུལ་ནི་དམག་དཔོན་ཕན་ཚུན་བར་རྒྱལ་ཕམ་གྱི་རྒྱལ་སྐུགས་ཏེ་སྦྱོང་བརྡར་བྱེད་པ་དང་།  དམག་མི་རེ་རེ་ལ་སྐུགས་ཡ་བཏགས་ཏེ་སྦྱོང་བརྡར་བྱས་ནས་རྒྱལ་བ་ལ་བྱ་དགའི་དཔུང་བསྟོད་ཅིང་།  ཕམ་ཁ་བྱུང་བ་དེས་རྒྱལ་ཅི་ཞིག་བཞག་པ་སྔོན་གྱི་ཁ་དན་ལྟར་སྒྲུབ་དགོས་པས་དམག་མི་རྣམས་ཀྱིས་རང་ཉིད་ལ་རྒྱལ་ཁ་འཐོབ་ཕྱིར་ཡུལ་ལྷ་གཞི་བདག་ལ་བསང་བཏང་སྟེ་འཕྲིན་ལས་བཅོལ་བ་དང་།   མཐུ་ཆེན་ལ་གཉེར་གཏད་དེ་བསམ་དོན་འགྲུབ་པའི་ཆོ་ག་མང་པོ་བྱས་ཤིང་།  འགྲན་བསྡུར་ལས་རྣམ་པར་རྒྱལ་བ་ན་གླུ་ལེན་གར་རྩེད་ཀྱི་དགའ་འབོད་བྱེད་པ་རིམ་པར་འབངས་མིའི་ཁྲོད་དུ་དར་བ་ལ་བརྟེན་ནས་ད་གཟོད་མདའ་རྩེད་བྱུང་བར་བཤད།   གཉིས་པ་ནི།   ལྷ་ལུང་དཔལ་གྱི་རྡོ་རྗེས་བོད་རྒྱལ་གླང་དར་མ་བཀྲོངས་ཏེ་བྲོས་བྱོལ་དུ་མདོ་སྨད་ས་ཆར་བྱོན་ཅིང་།   གླང་དར་དགྲོང་བྱེད་ཀྱི་ལྕགས་མདའ་ལྕགས་གཞུ་ལོ་བའི་རྡོ་རྗེ་བྲག་ཅེས་པར་སྦས་པ་ཕྱིས་སུ་ས་དེའི་མང་ཚོགས་ཀྱིས་བཏོན་ཏེ་ལྷ་ལུང་དཔལ་རྡོར་ལ་རྗེས་དྲན་གྱི་ཚུལ་དུ་མདའ་མོའི་འགྲན་བསྡུར་བྱས་པ་ཕྱིས་སུ་ད་ལྟའི་མདའ་རྩེད་དུ་གྱུར་བར་སྨྲ།   བུ་ལྟ་བུའི་བཤད་ཚུལ་ནི།   གླིང་གེ་སར་རྒྱལ་པོས་ཕྱོགས་བཞི་དགྲ་བཞི་བཏུལ། རྫོང་ཆེན་བཅོ་བརྒྱད་ཕབ་སྟེ་ཡུལ་ཁམས་བདེ་ལ་བཀོད་པའི་མཚོན་ཆ་གཙོ་བོ་མདའ་གཞུ་ཡིན་པས་ས་འདིའི་མང་ཚོགས་ལ་རིམ་བཞིན་མདའ་རྩལ་སྦྱོང་བའི་སྲོལ་ཞིག་དར་བ་དེ་ཕྱིས་སུ་མདའ་རྩེད་དུ་གྱུར་བར་ཡང་བཤད་དོ། །
          གཉིས། ཁ་སྒང་ས་ཆའི་མདའ་རྩེད་ཀྱི་ཡུལ་སྲོལ།  
          གོང་གི་བཤད་ཚུལ་དེ་དག་གི་གང་ཞིག་ཡིན་ཡང་། ཁ་སྒང་ས་ཆའི་མདའ་འགྲན་དང་རྩེད་མོ་ལྷན་དུ་སྦྱར་བའི་དམངས་སྲོལ་རང་བཞིན་ལྡན་པའི་ཡུལ་སྲོལ་འདི་དར་ནས་ད་ལྟའི་བར་ཧ་ལམ་ལོ་ངོ་ཆིག་སྟོང་ཡས་མས་ཙམ་སོང་ཡོད་ཅིང་། མདའ་རྩེད་ནི་མདའ་འཕེན་འགྲན་བསྡུར་དང་གླུ་ལེན་རྩེད་མོ་ལྷན་དུ་སྦྲེལ་བའི་ལུས་རྩལ་དང་རིག་རྩལ་གཉིས་ཀྱི་བསྡུས་མིང་ཞིག་ཡིན་པར་མ་ཟད། གོས་རྒྱན་གྱི་མེ་ཏོག་བཞད་པ་དང་བཟའ་བཏུང་གི་རྒྱ་མཚོ་བསྐྱིལ་བའི་དམངས་སྲོལ་གྱི་བྱ་འགུལ་ཆེ་ཤོས་ཤིག་ཀྱང་ཡིན།  ཁ་སྒང་ས་ཆའི་མདའ་རྩེད་ལ་ཕྱིའི་རྣམ་པའམ་གོ་རིམ་གྱི་སྟེང་ནས་དབྱེ་ན། སྔོན་འགྲོའི་བྱེད་སྒོ། མདའ་འཕེན། གླུ་རྩེད་འགྲན་པའི་རིམ་པ་སྟེ་གསུམ་འདུས། དང་པོ་སྔོན་འགྲོའི་བྱེད་སྒོ་ནི་མདའ་སྡེ་ཕན་ཚུན་གྱིས་རང་ཕྱོགས་ནས་བསྒྲུབ་རྒྱུའི་ལས་སྒོ་ཡིན་ལ། དེ་ནི་མདའ་རྩལ་འགྲན་བསྡུར་མགོ་མ་ཚུགས་པའི་སྔོན་གྱི་བྱེད་སྒོ་ཡིན་པས་དོན་དུ་མདའ་རྩེད་དངོས་ཀྱི་ནང་དུ་འདུ་མེད་མོད། མདའ་རྩེད་ཁྲོད་ངེས་པར་མེད་དུ་མི་རུང་བའི་བྱེད་སྒོ་ཞིག་ཡིན་པར་མ་ཟད། སྔོན་འགྲོའི་བྱེད་སྒོ་མ་བརྒྱུད་པར་མདའ་རྩེད་ཡོང་ཐབས་མེད་པ་ཞིག་ཀྱང་ཡིན། སྔོན་འགྲོའི་བྱེད་སྒོ་ལ་དབྱེ་ན། ༡.གྲོས་བྱེད་པ། ༢.མཐེབ་བསྡུས་པ།༣.བསང་ཕུད་པ་སྟེ་ཆོ་ག་གསུམ་ཡོད།
          དང་པོ་གྲོས་བྱེད་པ་ལ་ཐོག་མར་རང་སྡེའི་ནང་ཁུལ་ནས་མདའ་རྩེད་ཀྱི་གསང་གྲོས་བྱེད་པ་དང་། དེ་ནས་གྲོས་ཀྱི་དོན་སྒོ་ལྟར་སྲུ་སྡེ་ལ་གྲོས་བྱེད་པ་དེ་ཡིན། རང་སྡེ་ནས་གྲོས་བྱེད་ཚུལ་ལ་ཐོག་མར་སྡེ་ཡ་འདེམས་པ། དེ་ནས་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉི་མ་བདམས་པ།མདའ་དཔོན་བདམས་པ། མ་བུ་ཁྲིད་པའི་མདའ་པ་བདམས་པ་བཅས་རིམ་པ་ཅུང་མང་པས་སྤྱིར་བཏང་དུ་གྲོས་ཚོགས་ཐེངས་གཅིག་གཉིས་ཙམ་གྱིས་ཐག་ཆོད་པ་ཞིག་མིན་པས་གྲོས་བྱེད་ཚོགས་འདུ་ཐེངས་དུ་མར་བསྡུ་དགོས་ཤིང་། འདི་དག་རང་སྡེ་ནང་ཁུལ་གྱི་གསང་གྲོས་ཡིན་པས་གྲོས་གཏམ་ཕྱི་ལ་ཤོར་མི་རུང་། ཚོགས་ཞུགས་མི་སྣའི་ཐད་ནས་ཀྱང་སྡེ་བའི་ཁ་འགོ་བ་དང་། རྒན་པོ། མདའ་པ་རྒན་པ་འགའ་ལས་སྤྱིར་བཏང་གི་སྡེ་མི་གང་ཡིན་ཚོགས་ཐོག་ཏུ་ཞུགས་མི་ཆོག སྐུགས་སྡེ་ཐག་བཅད་རྗེས་ཉིན་བཟང་གང་ཞིག་ལ་མི་སྣ་ཆེད་དུ་མངགས་ཏེ་སྲུ་སྡེ་ལ་གྲོས་བྱེད་དུ་འགྲོ་ཞིང་། ཆེད་མངགས་མི་སྣ་དེར་གསང་གྲོས་ཀྱི་རྩ་བའི་དགོངས་དོན་ཙམ་གསལ་བརྡ་སྒྲོན་པ་ལས་གྲོས་ཐག་གཅོད་པའི་དབང་ཆ་མེད། ཆེད་མངགས་པའི་དོན་ལྟར་སྲུ་སྡེས་ཀྱང་དུས་ཡུན་ངེས་ཅན་བེད་སྤྱད་དེ་གྲོས་ཚོགས་བསྡུ་བ་དང་། དགོས་གལ་ཆེ་ན་མོ་ཁ་རྩིས་ཁ་ཞུས་པའི་སྲོལ་ཡང་ཡོད། སྲུ་སྡེ་ལའང་གྲོས་འཆམ་བྱུང་བ་ན་ད་གཟོད་ཕྱོགས་གཉིས་ཀས་སྡེ་གྲོས་བྱེད་པ་དང་། དེ་ལས་ཕན་ཚུན་གྱི་མདའ་པའི་གྲངས་ཀ མདའ་རྩེད་ཀྱི་གནས། ཞིབ་ཕྲའི་སྒྲིག་ལམ་སོགས་ལ་གྲོས་སྡུར་བྱེད་པ་ཡིན་ནོ། །

          མདའ་རྩེད་བྱ་རྒྱུར་གྲོས་ཐག་བཅད་པ་ནས་མདའ་རྩེད་དངོས་སུ་མགོ་མ་བརྩམས་པའི་བར་ནི་མཐེབ་བསྡུས་པ་དང་། ཡུལ་ལྷ་གཞི་བདག་ལ་བསང་གསུར་གཏོང་བའི་དུས་རིམ་ཡིན། སྤྱིར་བཏང་མདའ་རྩེད་ཡོད་པའི་ལོ་དེར་མཐེབ་བསྡུས་གྲངས་མང་ལ་བསྡུས་ཡུན་ཐུང་བའི་རྩ་དོན་དེ་སྲུང་འཛིན་བྱེད་དེ། ཉི་མ་རེ་རེར་མཐེབ་བསྡུས་ལ་བསྡུས་ཡུན་རིང་དྲགས་ན་མཐེབ་རྩལ་དང་འཐེན་རྩལ་ལ་གནོད་པས་བསྡུས་ཡུན་ཐུང་ངུར་གཏོང་བ་ཡིན། མཐེབ་བསྡུས་དང་བསང་གསུར་གཏོང་བའི་ཆོ་ག་གཉིས་སྦྲགས་ཏེ་བྱེད་པ་དང་། བསང་རྫས་བསྡུ་ཐབས་ལ་སྤྱི་བསང་ཡིན་ན་བསང་རྫས་གཞུང་ནས་གཏོང་བ་དང་མདའ་པའི་ཁྱིམ་ནས་བསྡུ་བའི་བྱེད་ཐབས་གཉིས་དང་། ཁྱིམ་བསང་ཡིན་ན་མདའ་པ་རང་གི་ཁྱིམ་ནས་འདོན་དགོས། བསང་རྫས་ཀྱི་རྒྱ་གྲངས་ལ་མཐའ་གཅིག་ཏུ་ཚད་འཛིན་མེད་ཅིང་། སྤྱི་བསང་ནི་སྤྱིར་བཏང་དུ་མདའ་རྩེད་བྱ་རྒྱུའི་གྲོས་ཐག་བཅད་པ་ནས་མདའ་རྩེད་མཇུག་བསྡུ་རག་བར་གཏོང་ཞིང་། དེ་ནི་གྲོས་ཐག་བཅད་པའི་ཉིན་ནས་མདའ་རྩེད་མཇུག་བསྡུ་རག་བར་དུ་ཉིན་ག་ཚོད་ཡོད་པ་དེས་ཐད་ཀར་ཐག་གཅོད་བྱེད་པས་དུས་ཡུན་གཏན་ཁེལ་བྱེད་ཐབས་མེད། དེ་བཞིན་དུ་བསང་རྫས་ཀྱི་རྒྱ་གྲངས་ལའང་མཐའ་གཅིག་ཏུ་ཚོད་འཛིན་བྱེད་མི་ནུས། ཡིན་ནའང་།  མདའ་རྩེད་ཐེངས་གཅིག་ཁྲོད་འབྲུ་རིགས་རྒྱ་མ་ཆིག་སྟོང་ཡན་གྱི་བསང་ངེས་པར་གཏོང་བཞིན་ཡོད།  དེ་ཡང་བསང་ལ་དཀར་བསང་དང་དམར་བསང(གསུར)གཉིས་ཡོད་པ་ལས། དཀར་བསང་གི་རྒྱུ་ནི། གྲོ། ནས། ཤུག་པ། བ་ལུ། ཕྱེ། རྩམ་པ། ཇ། ཀ་ར་བྱེ་མ། སིལ་ཏོག མཁན་པ། མར། འོ་མ། བཟང་དྲུག གཞན་ཡང་དྲི་ཞིམ་ལྡན་པའི་ཤིང་རིགས་དང་མེ་ཏོག་སྣ་ཚོགས་ཀྱང་རུང་ངོ་། །དམར་བསང་ནི་སྤྱིར་བཏང་མདའ་རྩེད་ཁྲོད་འགོག་ལ། ལྷག་པར་ཁྱིམ་མཚེས་མདའ་སྡེ་ཕན་ཚུན་བར་མདའ་རྩེད་བྱེད་སྐབས་དམར་བསང་གཏོང་མི་ཆོག གྲོས་ཚོགས་ལས་དམར་བསང་མི་གཏོང་བར་ཐག་བཅད་ན་སོ་སོས་མནའ་བཞག་དམ་བཅའ་འབུལ་དགོས།དམར་བསང་ངམ་གསུར་ལ་གསོན་གསུར་དང་གསུར་གཉིས་ཡོད་ཅིང་། གསོན་གསུར་ནི་ར་ནག་པོ་དཀར་ཐིག་མེད་པ་ཞིག་ཐོག་མར་རྭ་སྟེང་དང་གདོང་ཁུག་ལ་མར་རྒྱན་བཏང་། ཤུག་བདུག་བྱེད། ཤུག་ཆུས་བཀྲུས་ཏེ་སུག་བཞི་ཐག་པས་བསྡམས་རྗེས་མེ་ལྕེ་ལྷབ་ལྷུབ་གཡོ་བའི་མེ་ནང་དུ་གསོན་པོར་འཕངས་ཏེ་ནག་ཕྱོགས་ཀྱི་ཡུལ་ལྷ་གཞི་བདག་ལ་མཆོད་པ་འབུལ་བ་ཡིན། སྤྱིར་བཏང་གསུར་གཏོང་ཚུལ་རྣམ་པ་གཉིས་ཡོད་དེ།གསུར་ཆེན་གཏོང་ན་གསུར་ར་དག་གཙང་བྱེད་ཐབས་གོང་དང་འདྲ་ལ། དེ་ནས་དབུགས་བསྒགས་ཏེ་གསོད་པའམ་ཡང་ན་ཨོལ་བ་ཕུད(སྐེ་གཅོད་པ)དེ་བསད་རྗེས་པགས་པ་ཤ་རུས་རྒྱུས་པ་སོགས་སོ་སོར་མ་འཕྲལ་བར་མེ་ལ་བསྐྱོན་ཅིང་། གསུར་ཆུང་ཡིན་ན་ར་བཤས་ཏེ་ཤ་སྣ་དགུ་གསུར་ལ་ཕུད་རྗེས་བྱིངས་ནི་མདའ་པར་ཤ་སྐལ་བརྒྱབ་ཆོག འདི་དག་ནི་སྤྱི་བསང་གི་སྐོར་ཡིན་ལ། ཁྱིམ་བསང་ལ་བརྒྱ་བསང་ཁྲི་བསང་།གསུར(གོང་སྨྲས་ཀྱི་རྒྱ་དེ་འདྲ་མི་ཆེ་བར་ཤ་སྣ་གཅིག་ཙམ་ཡང་ཆོག)སོགས་ཀྱི་རིགས་མང་པོ་ཡོད། “བསང་ཁས་ལེན”ནི་སྐུགས་ཡའི་ཕྱོགས་ཀྱི་མདའ་མང་པོ་འབེན་འདྲ་ལ་ཕོག་སྟེ་མ་བུ་གང་རུང་ལོངས་པའི་སྐབས་དང་། ཡང་ན་རང་ཕྱོགས་ཀྱི་མདའ་མང་པོ་ཕོག་སྟེ་མ་བུ་ལོངས་ཏེ་རྒྱལ་ཕམ་གྱི་དབྱེ་བར་ཉེ་བའི་སྐབས་སུ“བསང་ཁས་ལེན”བྱེད་ལ།  དེ་ལ“བསང་ཁས་ལེན”དང”གསུར་ཁས་ལེན”གཉིས་ཡོད་པ་ལས་སྤྱིར་བཏང་བསང་ཁས་ལེན་ནི་དཀར་བསང་ལ་ངོས་འཛིན་ཅིང་། གསུར་ཁས་ལེན་ནི་དམར་བསང་ཁས་བླངས་པ་དེ་ལ་ཟེར། ལེན་ཚུལ་ནི་རང་གི་མདའ་བརྟན་པའི་ཆེད་དང་གཞན་གྱི་མདའ་འདྲུད་པའི་ཆེད་ཡིན། དེ་ལ་བརྒྱ་བསང་ཁྲི་བསང་བྱས་ཏེ་ཁས་ལེན་པ་སོགས་མང་པོ་ཡོད། “བསང་ཁས་ལེན”ནི་སྤྱིར་བཏང་ལྐོག་ཏུ་ཁས་ལེན་ལ། མདའ་དཔོན་དང་། མདའ་པ། དེ་མིན་མདའ་སྡེའི་ཕྱོགས་ཀྱི་གཉེན་པོ་གང་རུང་སྟེ་གྲོས་ཚོགས་སྐབས་གསང་བའི་སྒོ་ནས་གཏན་ཁེལ་བྱས་པའི་མི་དང་། ཡང་ན་མདའ་པ་རང་སྒེར་རམ་མདའ་བའི་ཁྱིམ་ཚང་གིས་ཁས་ལེན་བྱེད་པ་གང་རུང་ཡོད། དེ་བཞིན་དུ“བསང་ཁས་ལེན”གྱི་བསང་རྫས་བསྡུ་ཐབས་ཀྱང་སྡེ་ཚོགས་སྐབས་ངེས་གཏན་བྱས་པའི་མི་དེས་ཁས་བླངས་པ་ཡིན་ན་བསང་རྫས་སྡེ་གཞུང་ནས་གཏོང་བ་དང་། མདའ་པ་རང་སྒེར་རམ་མདའ་བའི་ཁྱིམ་ཚང་གིས་ཁས་བླངས་པ་ཡིན་ན་བསང་རྫས་མདའ་པ་རང་ཉིད་དམ་སུས་ཁས་བླངས་པ་དེས་འགན་འཁུར་དགོས་སོ། །

          གཉིས་པ་མདའ་འཕེན་དངོས་ལ། དགྲ་ལྷ་འགོད་པ། སྐུགས་རར་བསྐྱོད་པ། མ་བུ་བསུ་བ། སྐུགས་ཡ་འདོགས་པ། མདའ་འབོད་པ།མདའ་འགོག་པ། མདའ་བསུ་བ། སྐུགས་ཡ་བསུ་བ་སོགས་ཀྱི་རིམ་པ་མང་པོ་ཞིག་ལྡན་ལ། དེ་ལས་དགྲ་ལྷ་འགོད་པ་དང་སྐུགས་ཡ་བསུ་བ་གཉིས་སྐུགས་རའི་ནང་གི་བྱ་འགུལ་མིན་པས་ལྟད་མོ་པའི་འདྲེན་བྱེད་དཔལ་དུ་དངོས་སུ་སྣང་མི་ཐུབ།
          ༡.དགྲ་ལྷ་འགོད་པ་ནི། མདའ་འགྲན་གྱི་ཉིན་དང་པོར་མདའ་པ་རྣམས་བསང་ཁྲིའི་མཐའ་ལ་འདུས་ཏེ་བསང་དུད་དགུང་ལ་རེག་པའི་སྤྱི་བསང་བཏང་རྗེས། གཉེན་པོ་ཞིག་གམ་མདའ་དཔོན་གང་རུང་གིས་ཡུལ་ལྷ་གཞི་བདག་གི་ཚོགས་ལ་མདའ་པ་རྣམས་ལ་དགྲ་ལྷ་ཞུགས་པའི་འདོད་གསོལ་དབྱངས་སུ་འགུགས་པ་དང་། ཤུག་བདུག་དང་བུམ་ཆུར་ཁ་རེག་སྟེ་ལུས་ལ་བྱུགས་ཤིང་། མདའ་གཞུ་དགུང་ལ་བཏེགས་ཏེ་ཀི་བསྭོ་ལྷ་རྒྱལ་གྱི་ལྷ་འབོད་བྱེད་བཞིན་བསང་ཁྲིར་སྐོར་བ་རྒྱག་པ་དང་། ཆང་གི་མཆོད་ཁ་འཕེན་པ། དེ་ཡང་སྐུགས་སྡེ་ཁ་ཐག་རིང་ཞིང་ཁོག་དཔུང་ལ་རྒྱ་འཛིན་དགོས་པ་ཡིན་ན།  མདའ་པ་རྣམས་རང་ཉིད་མདའ་པར་བདམས་པ་ནས་ཁྱིམ་དུ་མི་ཉལ་བར་གཞུང་ཁང་སོགས་སུ་ལྷན་དུ་སྡོད་།གལ་ཏེ་ཁྱིམ་དུ་བཏང་ན་ཡང་རང་གི་བུད་མེད་ཀྱི་གམ་ནས་མི་ཉལ་བ་སོགས་མནོལ་གྲིབ་ལ་ཤིན་ཏུ་འཛེམས།  དེ་བཞིན་སྐུགས་སྡེ་ལ་ཁོག་དཔུང་འཛིན་མི་དགོས་པ་ཡིན་ཡང་མདའ་འགྲན་དངོས་སུ་མགོ་བརྩམས་པའི་ཉིན་གྱི་དགྲ་ལྷ་བཀོད་པ་ནས་མདའ་འགྲན་མཇུག་རྫོགས་པའི་བར་དུ་རང་གི་བུད་མེད་དམ་བུད་མེད་གཞན་གྱི་མནོལ་གྲིབ་ལ་འཛེམས་དགོས་སོ། །དགྲ་ལྷ་འགོད་པའི་ཆོ་ག་མཇུག་གྲིལ་རྗེས་ད་གཟོད་མདའ་དཔོན་གྱིས་མགོ་ཁྲིད་ཅིང་ཕྲེང་བར་བསྒྲིགས་ཏེ་སྐུགས་རར་བསྐྱོད་པ་ཡིན།

          ༢.སྐུགས་རར་བསྐྱོད་པ།  མདའ་འགྲན་གྱི་གནས་ལ་སྐུགས་ར་ཞེས་འབོད་དོན་ནི་མདའ་རྩེད་ཀྱི་ལོ་རྒྱུས་ལ་འབྲེལ་བ་ངེས་གཏན་ཡོད་པ་ཞིག་ཡིན་ཅིང། གནའ་དུས་དམག་མི་རྣམས་ཀྱིས་མདའ་སྦྱོང་བྱེད་སྐབས་མདའ་སྦྱོང་གི་གནས་དེ་ནས་རྒྱལ་ཕམ་གྱི་རྒྱལ་སྐུགས་པ་ཡིན་པས་ད་ལྟའི་དུས་སུའང་སྔོན་གྱི་བརྡ་མ་ཉམས་པར་སོར་འཛིན་བྱས་པ་ཡིན་ལ། དེ་ཡང་སྐུགས་ར་ནི་སྲིད་ལ་མ་མཐའ་ཡང་སྨི༡༥༠ལྷག་དང་ཞེང་ལ་སྨི༨༠ཡོད་པའི་རྡོ་གཟེགས་མེད་པའི་སྤང་ཁུག་གམ། གཡུལ་ཁ། ཡང་ན་ཞིང་ས་བདེ་མོ་སོགས་ནི་སྐུགས་ར་བྱས་ཆོག་ཅིང་། དེའི་ཕར་ཚུར་ནས་ས་རློན་ནམ་སྤང་ཤས་བཟོས་པའི་འབེན་འདྲ་ཟུར་གསུམ་པ་གཉིས་ཁ་གཏད་དུ་བསླངས་ཡོད་ཅིང་། འབེན་འདྲ་ལ་འཇལ་འབེན་ནམ་འབེན་དགྲ་ཞེས་སུ་བརྗོད་པ་ཡང་དང་ཐོག་དགྲ་ཡི་དབྱིབས་བཟོས་ཏེ་དེའི་སྟེང་དུ་མདའ་མོའི་སྐྱེན་རྩལ་འགྲན་པས་མིང་དེ་ལྟར་ཐོགས། འབེན་འདྲའི་དབྱིབས་ཟུར་གསུམ་མི་ཞིག་ཙོག་པུར་སྡོད་པའི་རྣམ་པ་ཅན། མཐོ་ལ༥༠cmནས༨༠cmཙམ། ཞབས་ཀྱི་ཞེང་ལ༣༠cmནས༥༠cmབར།སྟེང་དུ་འཇལ་མདེའུ། དཀར་ཆག རྩི་ཏོག(འབེན་འདྲའི་མཐའ་ཐིག་ལ་རྩི་ཏོག་འཐེན་པའི་སྲོལ་ཡོད)ཐོ་ལེ་སོགས་ཡོད། ཁ་སྒང་ས་ཆ་ནས་ཆག་ནང་སྡེ་བ་སོགས་ཀྱིས་རྩི་ཏོག་མི་འཐེན་ལ་ཤཱཀྱ་བུ་རྒྱུད་སྡེ་བ་སོགས་ཀྱིས་རྩི་ཏོག་གི་མཐའ་ཐིག་འཐེན་པ་ཡིན།  དགོས་པ་ནི་ཀླན་ཀ་མི་འབྱུང་བའི་ཆེད་དང་འབེན་འདྲའི་བཟོ་རྩལ་ལེགས་མིན་གྱི་ཆེད་དུ་ཡིན་པར་སྨྲ།  སྤྱིར་བཏང་འཇལ་ཐག(འབེན་འདྲ་གཉིས་ཀྱི་བར་ཐག)གོམ་པ་དྲུག་ཅུ་ནས་བརྒྱ་བར་ཡང་ཡོད་མོད། ཕལ་མོ་ཆེ་ནི་གོམ་པ(སྨི)བརྒྱད་ཅུ་ཙམ་ཡིན། མདའ་པ་སྐུགས་རར་བསྐྱོད་སྐབས་མདའ་དཔོན་གྱིས་སྣེ་ཁྲིད་དེ་ཕྲེང་བར་བསྒྲིགས་ཏེ་བསྐྱོད་པ་དང་། འབེན་འདྲ་དང་བར་ཐག་ངེས་ཅན་ལ་སླེབས་སྐབས་འཁོར་ལོ་གཡས་འཁོར་གྱི་དབྱིབས་ལྟར་སྔར་གྱི་འབེན་འདྲ་རྙིང་བ་རྡོག་རྫིས་བཏང་སྟེ་ཡུལ་ལྷའི་དཔུང་བསྟོད་ཆེད་ལག་པ་དགུང་ལ་ཕྱར། དགྲ་སྡེ་སྤ་བཀོང་ཆེད་རྐང་པས་ས་ལ་བརྡེག་འཆའ། སྐུགས་སྡེ་ལས་རྣམ་པར་རྒྱལ་ཕྱིར་ཀོ་བསྭོ་ལྡིར་བཞིན་གཡས་སྐོར་ཁྱུད་མོ་གསུམ་ཙམ་བྱས་རྗེས། ད་གཟོད་མདའ་པས་མཐའ་སྐོར་བའི་དབུས་སུ་འབེན་འདྲ་བཟོ་བ་ཡིན། དེ་བཞིན་སྐུགས་སྡེ་ཡང་སྐུགས་རར་སླེབས་སྐབས་འཁོར་ལོ་གཡས་འཁོར་གྱི་འཁོར་སྟངས་སྤྱད་དེ་མ་བསུ་བ(རང་ཕྱོགས་ཀྱི་འབེན་འདྲ་ནི་རང་སྡེའི་མ་ཡིན)དང་། འབེན་འདྲ་བཟོས་གྲུབ་རྗེས་སླར་ཡང་འཁོར་ལོ་གཡས་འཁོར་ཉམས་ཀྱིས་འཁོར་ཏེ་མཇལ་མདེའུ་འཛུགས་པ་སྟེ། མདའ་པ་རྣམས་ཚགས་དམ་པོའི་སྒོ་ནས་འཁོར་བའི་གོ་སྐབས་དང་བསྟུན་ནས་མདའ་དཔོན་གྱིས་འཇལ་མདེའུ་བཙུགས་ཏེ་སྟེང་དུ་དཀར་ཆག་གམ་ཤོག་དཀར་གང་རུང་ཞིག་གི་རྟགས་གནོན། སྐུགས་སྡེ་དང་རང་སྡེའི་ས་བབ་ལ་བལྟས་ཏེ་སྐུགས་སྡེ་ལྷོ་དང་རང་སྡེ་བྱང་དུ་ཡོད་ན་ལྷོ་ཡི་འབེན་འདྲ་སྐུགས་སྡེའི་མ་དང་། བྱང་གི་འབེན་འདྲ་རང་སྡེའི་མ་ཡིན།མདའ་སྡེ་གཉིས་གོང་འོག་ཏུ་ཆགས་པ་ལས་སྐུགས་སྡེ་གོང་དུ་ཡོད་ན་ལྷོ་འབེན་མདའ་སྡེའི་མ་དང་། བྱང་འབེན་རང་སྡེའི་མ་ཡིན། དེ་བཞིན་དུ་སྐུགས་སྡེ་ནུབ་བྱང་མཚམས་དང་། ལྷོ་ནུབ་མཚམས། ཤར་ནུབ་མཚམས། ཤར་བྱང་མཚམས་གང་དུ་གནས་ཀྱང་རང་སྡེའི་ས་བབ་ལ་ཕྱོགས་ཆེ་བའི་གནས་ཀྱི་འབེན་འདྲ་རང་སྡེའི་མ་དང་། སྐུགས་སྡེ་ལ་ཕྱོགས་ཆེ་བ་སྐུགས་སྡེའི་མ་ཡིན་ལ། རང་སྡེ་ནས་མདའ་འཕེན་སྐབས་རང་མ་རང་གིས་བདམས་པའི་དབང་ཆ་ཡོད། འཇལ་མདེའུ་བཙུགས་པའི་ཀི་སྒྲ་ལྡིར་རྗེས་ད་གཟོད་སྐུགས་སྡེ་ཚུར་རང་སྡེའི་མ་ཕྱོགས་སུ་ཕྲེང་བསྒྲིགས་ཏེ་འོངས་ཤིང་། ཁྱུང་ཆེན་དགུང་བསྟོད་ཀྱི་འཁོར་སྟངས་ལྟར་ཕྱོགས་གཉིས་ཀས་ཀི་སྒྲ་ལྡིར་རྗེས་ད་གཟོད་མདའ་འཕེན་དངོས་སུ་མགོ་རྩོམ།

          ༣.སྐུགས་ཡ་འདོགས་པ་ནི། སྔོན་འགྲོའི་བྱེད་སྒོ་སྟེ་གྲོས་བྱེད་པའི་སྐབས་སུ་ཡང་ཡང་གྲོས་བསྡུར་བྱས་པ་བརྒྱུད་ནས་འདེམས་ཐོན་བྱུང་བ་ཡིན། དེ་ལ་མདའ་དཔོན་དང་། མ་བུ་ཁྲིད་མཁན། མ་རྟིང་གནོན་མཁན། མདའ་གཞུག་སོགས་ཡོད་ལ། དེ་དག་ཐམས་ཅད་གྲོས་ཐོག་བརྒྱུད་ནས་བྱུང་བ་ལས་བྱུང་རྒྱལ་གྱིས་བཞག་པ་མིན། མདའ་དཔོན་མདའ་གཞུག་སོགས་ལ་འདེམས་སྟངས་མང་པོ་ཡོད་དེ། མདའ་མོ་འདེབས་པ། མཚན་ལེན་པ། སྨེ་བ་སྤར་ཁ་རྩིས་པ་ལས་གཞན་ད་དུང་མ་བུ་ཁྲིད་མཁན་གཉིས་ནི། མ་ཁྲིད་མཁན་ལ་ངེས་པར་དུ་རང་གི་སྐྱེད་མ་ཡོད་པ་ཞིག་དང་། བུ་ཁྲིད་མཁན་བུ་རབས་ཚ་རྒྱུད་འཛོམས་པ་ཞིག་ཡིན་དགོས། མདའ་དཔོན་མདའ་པའི་གྲས་སུ་བགྲང་མི་བགྲང་གཉིས་ཡོད་པ་ལས་ཁ་སྒང་ས་ཆ་ནས་མདའ་པའི་གྲས་སུ་མི་ཞུགས། རང་སྡེ་ནས་མདའ་འཕེན་སྐབས་ཐོག་མར་སྐུགས་སྡེའི་མ་སྟེང་དུ་མ་ཁྲིད་དགོས་པས་རང་སྡེའི་མ་བུ་ཁྲིད་མཁན། མ་རྟིང་བུ་རྟིང་གནོན་མཁན། མདའ་གཞུག་སོགས་སྔོན་གྱི་གྲོས་ཐོག་ལྟར་མདའ་སྡེའི་སྐུགས་ཡར་ལངས་པ་སྟེ། གྲོས་ཐོག་ནས་འདེམས་ཐོན་བྱུང་བའི་མ་ཁྲིད་མཁན་སྐུགས་སྡེའི་མ་ཁྲིད་མཁན་གྱི་སྐུགས་ཡར་འབུད་དགོས་པ་དང་། དེ་བཞིན་མ་རྟིང་གནོན་མཁན་ནས་མདའ་གཞུག་བར་རེ་རེར་སྐུགས་ཡར་ལངས་དགོས། སྤྱིར་བཏང་མདའ་པའི་གྲངས་ཀ་གྲོས་ཐོག་ནས་ཐག་བཅད་པ་གཙོ་བོ་ཡིན་ལ། མ་མཐའ་ཡང་མདའ་སྡེ་རེ་ལ་མདའ་བ་བཅོ་ལྔའི་ཡན་དགོས་པ་དང་། ཆེས་མང་ན་ཕྱོགས་གཅིག་ལ་མདའ་པ་བརྒྱད་ཅུ་སྟེ་ཁྱོན་མདའ་པ་བརྒྱ་དང་དྲུག་ཅུ་ཙམ་གྱིས་འཕེན་པའང་ཡོད། མདའ་པ་དང་མདའ་དཔོན་ཕུད། ད་དུང་ཁ་འགོ་བ། བསུ་མཁན། འགྲིག་པ་སོགས་ཀྱང་ཡོད། འཕེན་ཚུལ་ནི་མདའ་མོ་ཆ་གཅིག་ཟེར་བ་ལྟར། མདའ་པ་རེ་ལ་མདའ་ཆ་གཅིག་སྟེ་མདའ་གཉིས་ལས་མེད་ལ། མདའ་འཕེན་དངོས་སུ་མགོ་རྩོམ་ཉིན་གྱི་མདའ་དང་པོ་དང་གཉིས་པ་ནི་མ་མདའ་ཡིན། མདའ་དང་པོ་དེ་སྐུགས་སྡེའི་མ་ཁྲིད་མཁན་གྱིས་འཕེན་ལ་མདའ་གཉིས་པ་ནི་རང་སྡེའི་མ་ཁྲིད་མཁན་གྱིས་འཕེན། མ་མདའ་ཕོག་ཀྱང་རུང་མ་ཕོག་ཀྱང་རུང་མ་བསུ་བྱེད་དགོས་ལ། སྐུགས་སྡེའི་མ་ཁྲིད་མཁན་གྱིས་མདའ་དང་པོ་འཕངས་ཏེ་མ་བསུ་བྱས་གྲུབ་རྗེས་ད་གཟོད་རང་སྡེའི་མ་ཁྲིད་མཁན་གྱིས་མ་མདའ་འཕེན་ཅིང་། དེ་ནི་རང་སྡེའི་མ་ཁྲིད་པ་ཡིན་པས་མ་བསུ་བྱེད་པ་དང་། དེའི་རྗེས་སྐུགས་སྡེའི་མ་ཁྲིད་མཁན་གྱིས་མདའ་རྗེས་མ་འཕེན་པ་ནས་མ་ལོངས་རེག་བར་གྱི་བསུ་བ་ལ་མདའ་བསུ་ཟེར་བ་ལས་མ་བསུ་ཞེས་མི་བརྗོད། སྤྱིར་མ་མདའ་ལྔ་བུ་མདའ་ལྔ་ཞེས་བརྗོད་ཅིང་ཁ་སྒང་ས་ཆ་ནས་མ་མདའ་ལྔ་དང་བུ་མདའ་གསུམ་སྟེ་ཉིན་གཅིག་ལ་མདའ་བརྒྱད་རྫོགས་པར་འཕེན་པ་ཡོད་ལ།   འཁོར་ཐེངས་ངེས་གཏན་མཛད་དེ་སྐུགས་ཐག་གཅོད་པའང་ཡོད་པས་ད་ལྟ་སྔར་གྱི་མ་མདའ་ལྔ་དང་བུ་མདའ་ལྔ།  ཉིན་གཉིས་ལ་འཕེན་ཅིང་འཁོར་ཐེངས་ལ་ངེས་པ་མེད་པའི་སྲོལ་རྒྱུན་དེ་ཅུང་ཟད་བསྒྱུར་ཡོད།  མདའ་རྩིས་ཚུལ་ནི་ཕན་ཚུན་ལེན་རེས(འདྲུད་རེས་ཀྱང་ཟེར)བྱས་ཏེ་ཐོག་མར་མདའ་ལྔ་སུ་ལོངས་ན་དེ་ནི་མ་ལོངས་པ་ཡིན་ལ། ཕྱི་ཉིན་མདའ་ལྔ་སུ་སྔོན་ལ་ལོངས་ན་བུ་ལོངས་པ་ཡིན། ཉིན་གཅིག་ལ་རྒྱལ་ཁ་ཕན་ཚུན་བགོས་ཏེ་འདྲ་མཉམ་འབྱུང་བའི་དུས་ཡོད་ལ།  མདའ་འགྲན་གྱི་ཉིན་གཉིས་ལ་རྒྱལ་ཁ་ཕན་ཚུན་འདྲ་མཉམ་ཡིན་པའི་སྐབས་ཀྱང་ཡོད།  ལེན་རེས་སམ་འདྲུད་རེས་ནི་འབེན་འདྲའི་སྟེང་དུ་བབས་པའི་མདའ་དེ་དག་ལས་གང་ཞིག་འཇལ་མདེའུ་ལ་ཉེ་བ་དེ་མདའ་གྲས་སུ་སོང་བ་ཡིན་ལ། བྱིངས་རྣམས་ནི་མདའ་དེས་བླངས་པའམ་དྲུད་པ་ཡིན། མཐོ་དམན་གྱི་དབྱེ་བ་མི་ཆོད་པའི་སྐབས་དང་འཕྲད་ན་ས་བསུབ་ཅེས་ཕན་ཚུན་སུ་ལའང་རྩི་རྒྱུ་མེད་པའི་སྒྲིག་ལམ་ཡོད། འཁོར་ཐེངས་གཅིག་ལ་རང་སྡེའི་མདའ་ལྔ་མདའ་གྲས་སུ་སོང་ན་མ་བཏབ་ཅེས་བརྗོད་ཅིང་། དེ་ལས་ལྷག་པ་བྱུང་ན་གྱོང་རྡོག་དང་བ་མོ་ཞེས་བརྗོད་པ་ལས་མ་བུའི་གྲངས་འཕེལ་བར་མི་ཕན། འཇལ་མདེའུ་དེ་ཐོ་ལེའི་འོག་ལ་འཛུགས་པ་དང་དཀར་ཆག་དཀྱིལ་ལ་འཛུགས་པའི་སྲོལ་གཉིས་ཡོད་དོ། །

          ༤.མདའ་འབོད་དང་། མདའ་འགོག མདའ་བསུ་བྱེད་ཚུལ་ནི། རང་མདའ་འབོད་པ་དང་གཞན་མདའ་འགོག་པ། ཕོག་ན་བསུ་བ་བཅས་ལ་ཟེར། འབོད་ཚུལ་གྱི་ཉམས་ནི་དང་པོ་གྲལ་བསྟར་བསྒྲིགས་པའི་རང་སྡེའི་མདའ་པ་རྣམས་ཀྱིས་“མདའ་ལམ་ཕྱེ་བ”ཞེས་འཕེན་མཁན་གྱི་མཐོང་ལམ་མི་སྒྲིབ་པར་གྲལ་མགོ་ནས་རིམ་གྱིས་གྲལ་རྟིང་བར་པདྨའི་འདབ་མ་ལྟར་ཁ་དབྱེ་བ་དང་། ལག་ཁྱིམ་གྱེན་དུ་སྐོར་བ་སོགས་ཀྱི་ཉམས་བཏོད། འབོད་སྟངས་སྣ་ཚོགས་ཡོད་དེ“ཡ་སྐྱེན་པོ། མདའ་ཁ་དགྲ་ལྷ་ཝེར་མས་འཚོས། སྟེང་དུ་ཀ་བ་འཛུགས་འཛུགས་བྱོས”ལྟ་བུ་དང་། “ཐོག་ཕྲུག”དང“ཐོག་རྒོད།” “ད་ཡོད།” “ད་ལྟད་མོ་སྟོན་ཡ”ལ་སོགས་པ་འབོད་སྟངས་སྤྱི་འགྲོས་ཅན་ལས་བྱིངས་རྣམས་ནི་སྐབས་བསྟུན་དང་གང་དགེ་གང་ཤིས་བྱས་ཆོག མདའ་འགོག་བྱེད་སྐབས། སྔར་གྱི་པདྨའི་ཁ་དབྱེ་བ་ལྟ་བུའི་བསྟར་ཕྲེང་མྱུར་དུ་བསྡུས་ཏེ་མདའ་ལམ་དོག་པོ་བྱེད་པ་དང་། གཡས་ལག་ཁུ་ཚུར་འཆང་ཞིང་ཕ་རོལ་གྱི་དགྲ་ལྷ་ཝེར་མ་ནང་དུ་བསྡུས་པའི་མཚོན་རྟགས་སུ་མཐེབ་ཆེན་ནང་དུ་དྲངས་ཏེ་སྐུགས་ཡའམ་སྐུགས་སྡེའི་མདའ་པའི་མགོ་ལ་ལག་པ་སྐོར་བ་སོགས་དང་། ཁ་ནས“ཕཊ”ཞེས་བརྗོད་ལ།འགོག་བྱེད་ཀྱི་ཚིག་ལ“ཕཊ། ལམ་མེད། སྐལ་ཆད། མདའ་མོ་ལྟོང་ནས་ཆག ས་མདའ། གནམ་མདའ། རོ་མདའ། རྐང་བར་དུ་རྫིས”སོགས་སྣ་ཚོགས་ཡོད་པ་དང་། སྤྱོའི་ཚིག་ཐལ་ཆེ་བ་ཕྱུང་བའི་སྐབས་ཀྱང་ཡོད་ནའང་། ཕན་ཚུན་གྱི་མཐུན་སྒྲིལ་དང་སེམས་ཁམས་ལ་གནོད་པའི་ཚིག་ལ་སྤྱིར་བཏང་འཛེམས་པ་ཡིན། བསུ་ཚུལ་ལ། མ་བསུ་བུ་བསུ། མདའ་བསུ་སོགས་ཡོད་པ་དང་། རྫིག་ཉམས་ཀྱིས་འཁོར་ཚུལ་དང་། དཔའ་ཉམས་ཀྱིས་འཁོར་ཚུལ། སྒེག་པའི་ཉམས་ཀྱིས་འཁོར་ཚུལ་སོགས་དང་། འཁོར་སྟངས་ནི་དགྲ་ལྷའི་དཔུང་བསྟོད་ཕྱིར་ལག་པ་དགུང་ལ་གཡུགས། ཕ་རོལ་གྱི་མགོ་འཕང་སྨད་ཕྱིར་རྐང་བས་ས་ལ་བརྡེག་འཆའ། སྐུགས་སྡེ་སྤ་ཀོང་ཕྱིར་ཁ་ནས་ཀི་སྒྲ་ལྡིར་བར་བྱེད་པ་དང་།འཁོར་དབྱིབས་ལ་ཁྱུང་ཆེན་དགུང་བསྟོད་དང་། གླ་བོ་མཆོངས་ལྡིང་། རྨ་བྱ་ནགས་འགྲོས་སོགས་འཁོར་མཁན་རང་ཉིད་ནས་ཉམས་འདོན་སྟངས་དང་། འཁོར་ལོ་གཡས་འཁོར། པདྨ་ཁ་དབྱེ། དཔལ་བེའུ་མདུད་པ། རྒྱལ་མཚན་དགུང་སྐོར་སོགས་འཁོར་མཁན་ནམ་མདའ་པ་སྤྱིའི་ཉམས་ཆ་འདོན་སྟངས་སོགས་མང་ངོ་། །

          ༥.སྐུགས་ཡ་བསུ་བ་ནི། སྐུགས་རའི་འཐབ་ཡ་ཁྱིམ་གྱི་མགྲོན་ཡ་ཟེར་བ་ལྟར། སྐུགས་ར་ནས་ཕན་ཚུན་ལ་སྤྱོའི་ཚིག(མདའ་འཕེན་སྐབས་ཀྱི་ལུགས་སྲོལ་ལྟར)དང་། སྡིགས་མཛུབ། ཕཊ་སྐད་བཏང་བའི་སྐུགས་ཡ་དེ་ཁྱིམ་དུ་བསུ་སྐབས་མགྲོན་པོ་གལ་ཆེན་གྲས་ཀྱི་ཡང་ཆེན་དུ་བཞག་སྟེ་མགྲོན་བསུ་རྒྱ་ཆེན་པོ་བྱེད་དགོས་ལ། ཟས་དཀར་གསུམ་མངར་གསུམ། ཤ་མར་ཐུད་གསུམ། བཏུང་བ་རྒྱ་མཚོ། གཞན་ས་ཆ་རང་གི་ཟས་ཀྱི་ཁྱད་ཆོས་ལྟར་མགྲོན་བསུ་བྱས་ཏེ་མགྲོན་ངོ་ལོན་དགོས་ཤིང་། ཁ་སྒང་ས་ཆ་ནས་ཟས་སྣ་བཤམས་སྟངས་ནི།  བག་ཕྱེའི་སྐོར་ལ་ཐལ་གོར། ལག་འཁྱིལ། གོ་དམར།  སོབ་སོབ།  ཞལ་ཞལ།  གྱོང་རྡོག གཡིས་སྐྱེམས།  ཟངས་གོར།  གོ་སྨིན་ཤིས་སོགས་དང་།  མར་དང་རྩམ་པའི་རིགས་ལ།  ནས་རྩམ།  གྲོ་རྩམ།  ཕྱེ་མར།  ཕྱེ་འཕུར།  ཟན་ཆང་།  མར་སྤགས།  འབྲས་ཆན།  གྲོ་མའི་རྩམ་པ།  གྲོ་མ་མར་ཁུ། འབྲས་སིལ་མར་ཁུ་བཅས་དང་།  ཐུད་ལ་ཕྱེ་ཐུད་། སྲན་ཐུད། སྐྱ་ཐུད། གྲོ་མའི་ཐུད།  ཕྱུར་ཐུད་སོགས།  གཞན་འོ་ཐུག  འོ་ཕྱུར། འོ་སྤྲི། ཞོ།  འོ་མ།  རྩམ་ཞོ།  སྔོ་ཕྱུར་སོགས་རྗེན། བསྐོལ།  བསྙལ།  བསྲུབ།  འཐག་སོགས་ཀྱི་གཡོ་སྲོལ་ཡོད་པ་རྣམས་དང་།  དམར་ཟས་ཚགས་ཤ  ལུག་ཤ ཕག་ཤ་སོགས་དང་།  འཚོད་བསྲེག་བརྔོས་གསུམ་གྱི་གཡོས་ཐབས། ཤ་འཁེང་།  ཤ་སྐམ།  ཤ་རྩམ།  ཤ་ཁུ།  ཤ་ཐུག ཤ་འབྲས།  ཤ་མོག   ཚིལ་མགོ  ཁྲག་གཡོས་མཆིན་ཁྲ་སོགས་ཀྱི་རྣམ་གྲངས། བུར་དཀར།  བུར་སེར།  བུར་ནག  ཀ་ར།  བྱེ་མ་ཀ་ར།  རྡོ་ཀ་ར།  སྦྲང་རྩི་སོགས་མངར་ཟས་ཀྱི་རིགས། སྐྱུར་ཐུག  རྗེན་ཐུག  གྲོ་ཐུག འབྲས་ཐུག ཤ་ཁུའི་ཐུག་པ་སོགས།  ཤ་ཚོམ།  ལ་ཕུག་ཚོམ་མ། ཀེའུ་ཚོམ་སོགས་ཚོམ་མའི་རིགས། ཇ་ཐང་།  ཇ་བསྲུབས་མ།འོ་ཇ།  ཆུ་དཀར། སྟར་ཇ་སོགས་བཏུང་བའི་བྱེ་བྲག  ནས་ཆང་།  རྒྱ་ཆང་།  རྒུན་ཆང་། སིལ་ཆང་སོགས་ཅི་འཛོམས་ཕངས་པ་མེད་པས་མགྲོན་ངོ་ལོན་པར་བརྩོན་ཅིང་། ལྷག་པར་སྐུགས་ཡ་ཆང་གིས་ར་བཟི་བར་བཏང་ན་མགྲོན་བསུའི་རྒྱལ་ཁ་ཐོབ་པའི་སྲོལ་ཡོད་ཅིང་། དེ་ཡང་མགྲོན་ཟས་སྡེར་ལ་ཕྱུར་ཅིང་སེའུ་བཅུའི་ལུས་ཚད་ཡོད་པའི་ཤ་སྡེར། གོ་སྡེར། སིལ་སྡེར། ཀ་སྡེར་སོགས་ཟས་རིགས་མང་པོ་བཤམས་ཏེ་སྐུགས་ཡར་ཟས་མགྲོན་གཏོང་ངོ་། །

          གསུམ་པ་རྩེད་སྟངས་ནི། སྐུགས་ཡ་བསུ་རྗེས་རང་སྡེའི་བཀོད་སྒྲིག་ལྟར་མདའ་པ་རྣམས་གཞུང་ཁང་ངམ་གཏན་འཁེལ་གྱི་གནས་གང་ལེགས་ཤིག་ལ་ལྷན་དུ་འདུས་ཤིང་གྲལ་ལ་འཁོད་པ་དང་། སྡེ་མིས་མཐའ་སྐོར་བའི་དབུས་སུ་གླུ་གར་གྱི་དགའ་སྟོན་ལ་རོལ་བ་ཡིན། དེ་ལ་བཤད་པ། རྩེད་རིགས། གླུ། ལ་གཞས་བཅས་ཡོད་ཅིང་། བཤད་པ་དང་རྩེད་རིགས་གཉིས་མདའ་རྩེད་སྐབས་སུ་རྩེད་བྱའི་ནང་དོན་གཙོ་བོ་མིན་ལ།གླུ་ཁ་མཚར་དང་ཤགས་ཀྱང་སྲོད་ཀྱི་དུས་བྱོལ་ཐབས་ཙམ་ལས་འགྲན་བྱ་མཐར་ཐུག་མིན། རྩེད་བྱ་མཐར་ཐུག་ནི་རང་སྡེའི་མ་སྲུ་དང་སྐུགས་སྡེའི་མདའ་པས་ལ་གཞས་འགྲན་པ་དེ་ཡིན། དེ་ལ་བརྗོད་པ་བསྡུས་པའི་སྒོ་ནས“རྩེད”ཅེས་བྱ་ལ། མདའ་རྩེད་ཅེས་པ་ཡང་མདའ་འགྲན་དང་རྩེད་གཉིས་ལྷན་དུ་སྦྱར་བ་རེད། བཤད་པ་ལ་སྤྱིར་བཤད་པ་ཆེན་པོ་བཅོ་བརྒྱད་ཅེས་ཟེར་སྲོལ་ཡོད་ཀྱང་། འདིར་མདའ་བཤད། སྟོན་བཤད།གྲལ་བཤད་སོགས་གཙོ་བོ་ཡིན་ཅིང་། དེ་ལས་ཀྱང་མདའ་བཤད་གཙོ་ཞིང་དེ་ལ་མདའ་ཤིང་གི་བཤད་པ། སྒྲོ་བཤད། ལྟོང་བཤད། གཞུ་མཆོག་དཀར་གྱི་བཤད་པ། གཞུ་ཐིག་ཕྲ་མོའི་བཤད་པ་སོགས་ཡོད་པ་དང་། དེ་དག་ཀྱང་དང་པོ་ཁ་མཚར་གྱིས་སྣེ་དྲངས་རྗེས་ད་གཟོད་བཤད་པ་ལས་མདའ་སྟོན་བསྡུས་སྐབས་ཀྱི་ཐོག་མའི་རྩེད་མོར་མི་རུང་ལ་མཇུག་བཀྲ་ཤིས་ཀྱི་ཚབ་ཏུ་ཡང་མི་རུང་། རྩེད་རིགས་ལ་རིགས་མང་ཡང་གཙོ་བོ་ཆ་རྩེད། སུམ་རྩེད། བཞི་རྩེད། ཕོ་མོ་མཉམ་རྩེད་སོགས་ཡོད།
          གླུ་ལ་གཙོ་བོ་ཁ་མཚར་དང་ཤགས་པ་གཉིས་དང་། ཁ་མཚར་ལ་བསྟོད་གླུ། ཆགས་འཇོག དྲི་གླུ་སྨྲེང་གླུ་སོགས་དང་། དེ་ལ་གླུ་སྐད༢༠༠ལས་བརྒལ་བ་ལེན་ཐུབ་མཁན་ཡང་ཡོད། གླུ་ཤགས་ལ་ལབ་རྒྱག དྲི་གླུ། སྲིད་པ་སོགས་ཡོད་པ་ལས་སྲིད་པའི་ཆགས་རིམ། སྲིད་པའི་རང་འཐག་ཆ་བརྒྱད། སྲིད་པའི་བ་ཆུང་སོགས་བསྐལ་བའི་ཆགས་རིམ་གྱི་བརྗོད་དོན་འདུས་པ་ཡང་མང་པོ་འདུག
          ལ་གཞས་ལའང་ལ་ཤགས་ཁྲོམ་པ་དགུ་སྐོར། ཟིལ་གནོན་སོགས་ཡོད་ཀྱང་སྤྱིར་བཏང་མདའ་རྩེད་སྐབས་སུ་རྟེན་འབྲེལ་གྱི་དབང་གིས་ལ་ཤགས་ལེན་པའི་སྐབས་ཧ་ཅང་ཉུང་། དེ་ལ་རྩེད་མགོ་རྩོམ་པའི་སྐོར། རོགས་མཐུན་པའི་སྐོར། རོགས་དྲན་པའི་སྐོར། རོགས་འགལ་བའི་སྐོར།བདེ་མོ་འཇོག་པའི་སྐོར་སོགས་ཀྱི་རིམ་པ་ཡོད་ཀྱང་། མགོ་རྩོམ་པ་དང་བདེ་མོའི་སྐོར་གཉིས་རྩེད་མགོ་དང་རྩེད་མཇུག་བྱེད་པ་ལས་བྱིངས་རྣམས་ལེན་སྟངས་དང་གནས་བབ་ལ་བསྟུན་པ་ལས་གོ་རིམ་ལ་ངེས་གཏན་ཆེན་པོ་མེད་དོ། །

          ཁ་སྒང་ས་ཆའི་མདའ་རྩེད་ནི་སྡེ་བ་རེར་མཚོན་ན་ལོ་རེར་ཐེངས་གཅིག་ནས་གཉིས་ཙམ་ཡིན་ཅིང་། གོམས་སྲོལ་ལ་ཟས་དང་བཏུང་བའི་གོ་སྐབས་འཛོམས་པའི་ལོ་གསར་གཏོང་བའི་དུས་ཏེ། རྒྱལ་ལོའི་ནང་དང་། ལོ་ཏོག་གི་ལྗང་བུ་འབུས་ཤིང་མི་ཡི་ལུས་ལ་དཔྱིད་ཀྱི་དྲོད་རྒྱས་པ་བཞི(ལུགས་རྙིང)བའི་ནང་གཉིས་ནི་མདའ་རྩེད་ཀྱི་དུས་ཆེན་ཡིན་ཅིང་། དྲུག་པའི(ལུགས་རྙིང)ནང་ལ་མི་འཕེན་པའི་རྒྱུ་མཚན་ནི་འབྲུ་ལ་སྙེ་མ་རྒྱུགས་སྐབས་ཀི་ལྡིར་བྱས་ན་ལོ་ལ་ཐན་སེར་གྱི་གནོད་པ་འབྱུང་བ་འགོག་ཆེད་ཡིན་པར་སྨྲའོ། ། མདའ་རྩེད་ཀྱི་དུས་ནི་སྤྱིར་བཏང་ཉིན་བཞི་དང་ཁ་སྒང་ས་ཆ་ནས་བུ་མདའ་གསུམ་ལས་མི་གཏོང་ཞིང་མ་ལོངས་རྗེས་མཇུག་མཐུད་དེ་གཏོང་བས་མ་བུ་ཉིན་གཅིག་སྟེ་ཁྱོན་མདའ་བཅུ་དྲུག་ཉིན་གཉིས་ལ་གཏོང་བ་ཡིན་ནོ། །

          གསུམ། མདའ་གཞུའི་རྒྱུ་ཆ་དང་མདའ་གཞུ་མཁན།
          མདའ་གཞུ་ལ་རྣམ་གྲངས་མང་པོ་ཡོད་དེ།  མདའ་ལ་ལྕགས་མདའ།  སྐྱེར་མདའ།  སྨྱུག་མདའ་སོགས་མདའ་ཤིང་གི་སྒོ་ནས་དབྱེ་བ་དང་།  རྒོད་སྒྲོ་མ་དང་།  གླག་སྒྲོ་མ།  ཁྲ་སྒྲོ་མ།  འུག་སྒྲོ་མ་སྟེ་མདའ་སྒྲོའི་སྒོ་ནས་དབྱེ་བ། གསེར་ལྟོང་མ།  དངུལ་ལྟོང་མ།  ཟངས་སྟོང་མ་སོགས་མདའ་ལྟོང་གི་སྒོ་ནས་དབྱེ་བ།  གཞུ་ལ་ལྕགས་གཞུ།  རྭ་གཞུ།   སྨྱུག་གཞུ།  ཤིང་གཞུ(ཀྱལ་རྟའི་གཞུ)སོགས་ཀྱི་རྣམ་གྲངས་ཡོད་དོ།།
          དང་པོ་མདའ་གཞུའི་རྒྱུ་ཆ་དང་དེ་བཟོ་བྱེད་ཀྱི་ལག་ཆ་ནི།
          ༡. རྒྱུ་ཆ་ལ།
          ①མདའི་རྒྱུ་ཆ་ལ། འཛེར་བས་མ་བཟུང་བའི་གསོམ་ཤིང་།  རྒོད་སྒྲོ་དང་ཁྲ་སྒྲོ།  གླག་སྒྲོ། འུག་སྒྲོ་བཞི་ལས་གང་རུང་། དཀར་སེར་དམར་ལྗང་སྔོ་སྟེ་དར་ཚོན་རྣམ་ལྔའི་གོས་སྐུད།  གྲོ་ག   མདེའུ།   སྤྱིན།  གསོ་མ་བཅས་སོ།  །
          མདའ་བསྟོད་བྱེད་ཀྱི་རྒྱུ་ཆ་དང་ལག་ཆ་ནི།
          ②རྭ་གཞུའི་རྒྱུ་ཆ་ལ།  འབྲོང་རྭ་གཉིས།  སྒལ་རྩ།(རྟ་བོང་ཁྱི་སོགས་གང་རུང་།)  སྤྱིན།  གྲོ་ག   སྨྱུག་མ།  ཆུ་སྲིན་པགས་པ།  རྡོར་སྦ་སོགས།
          ༢. ལག་ཆ་ལ།
          སག་བརྡར།  ལེན་ཆེ་ཆུང་།  སྦུ་གུ  གྲི ། མེ་ཐུར།(ལྟོང་གཏོད་བྱེད་དམ་སྒྲོ་ཁ་གཏོད་བྱེད) ཁེ་གྲི། གཞན་ཐོ་ཆུང་།  སྟེགས།  སོག་ལེ་སོགས་དགོས་ཤིང་།  ཁ་སྒང་ས་ཆ་ནས་ད་ལྟ་གཞུ་བཟོ་བའི་ལག་རྩལ་ཕལ་ཆེར་ཉམས་པས་ལག་ཆ་ཅི་ཡོད་ཇི་བཞིན་འབྲི་བའི་རྔོ་མ་ཐོགས་སོ། །
          ༣. སྐུགས་ར་ལ།  སྲིད་མ་མཐའ་ཡང་སྨི༡༥༠ཙམ་དང་ཞེང་སྨི༨༠ལྷག་ཡོད་པ།  འཇལ་འབེན་གྱི་རྒྱུ་ས་རློན་ནམ་སྤང་ཤ།  མཐོ་ལ༥༠cm_༧༠cmཡོད་པ།  ཞབས་ཀྱི་ཞེང་ལ༣༠ cm_༥༠cmཙམ།  སྙིང་གར་དཀར་ཆག དེའི་དཀྱིལ་དུ་མཇལ་མདེའུ།  མཐའ་གསུམ་ལ་རྩི་ཏོག་གི་མཐའ་ཐིག    ཐོ་ལེ་བཅས་ཡོད།
          གཉིས་པ་མདའ་མཁན་དང་གཞུ་མཁན་གྱི་བརྒྱུད་པའི་སྐོར་ནི།
          མདའ་གཞུ་བཟོ་བའི་ལག་རྩལ་ནིི་རྒན་པས་གཞོན་བསླབ་དང་།  ཕ་བུ་བརྒྱུད་ནས་སྤེལ་བ་ཞིག་ཡིན་ཅིང་། ཁ་སྒང་ལ་ད་ལྟ་མདའ་སྡེ་ཉི་ཤུ་ཙམ་ཡོད་པ་ལས་གཞུ་མཁན་དང་མདའ་མཁན་ཅུང་མིང་གྲགས་ཡོད་པ་གཉིས་ཏེ།  
          ༡. ཆག་ནང་སྡེ་བའི་གཞུ་མཁན་གྱི་བརྒྱུད་པ་ལ།
          འབྲུག་རྒྱལ།  སྐྱེ་འདས་ཀྱི་ལོ་ཚིགས་མི་གསལ།  ལོ་ངོ༦༠ལྷག་ལ་གཞུ་བཟོས།  དགུང་ལོ༩༤སྟེང་འདས།
          ཕག་མོ་ཚེ་རིང་།  ༡༩༡༧ལོར་སྐྱེས་ཤིང་།  ༡༩༨༠ལོར་འདས།  ལོ་ངོ༢༠ལ་རྭ་གཞུ་བཟོས།
          རྣམ་རྒྱལ།  ༡༩༤༥ལོར་སྐྱེས་་ཤིང་། ༡༩༩༩ལོར་འདས།  ལོ་ངོ༤༠ལྷག་ལ་གཞུ་བཟོས།
          རྒྱལ་མཚན།  ༡༩༧༣ལོར་སྐྱེས་ཤིང་ད་ལྟ་ཁ་སྒང་ཆག་ནང་དུ་འཚོ་གཞེས་གནང་མུས་སུ་མཆིས།
          ༢. ཝ་རྒྱ་སྡེ་བའི་མདའ་མཁན་གྱི་བརྒྱུད་པ།
          རྣམ་རྒྱལ།  སྐྱེ་འདས་ཀྱི་ལོ་ཚིགས་མི་གསལ།  དགུང་ལོ༨༠ཙམ་ལ་འཚོ་གཞེས་གནང་། དགུང་ལོ༢༠ནས་བཟུང་སྟེ་མདའ་བསྟད།
          འབྲུག་བྱམས།  ༡༩༡༩ལོར་སྐྱེས་ཤིང་། ༡༩༩༧ལོར་འདས།  དགུང་ལོ༢༠ནས་བཟུང་སྟེ་མདའ་བསྟད།
          ལྕགས་བྱམས།  ༡༩༦༨ལོར་སྐྱེས།  རང་ལོ༢༠ཙམ་ནས་བཟུང་མདའ་བསྟད་ཅིང་།  ད་ལྟ་ཁ་སྒང་ཝ་རྒྱ་སྡེ་བ་ནས་འཚོ་གཞེས་གནང་མུས་སུ་ཡོད་དོ། །
          བཞི། ཁ་སྒང་ས་ཆའི་མདའ་རྩེད་ཀྱི་ཁྱད་ཆོས།
          ༡.གདོད་མའི་ཆོས་ལུགས་ཀྱི་བྱེད་སྒོ་ལྡན་པ། མདའ་རྩེད་དངོས་སུ་མ་བྱས་པའི་ཡར་སྔོན་ལ་ཕྱོགས་གཉིས་ཀས་བསང་གསུར་རྒྱ་ཆེན་པོ་བྱས་ནས་ཡུལ་ལྷ་གཞི་བདག་གི་དཔུང་བསྟོད་ཅིང་། དེ་ལ་དཀར་བསང་སྟེ་ཤུག་པ། བ་ལུ། མཁན་པ། བཟང་དྲུག ཕྱེ་མར་རྩམ་གསུམ་གྱི་བསང་ཆེན་གཏོང་ལ། སེམས་ཅན་ར་ལུག་སོགས་བསད་དེ་དམར་བསང་གཏོང་བའི་སྲོལ་ཡང་ཡོད་པས་མདའ་རྩེད་ཀྱི་སྔོན་འགྲོའི་ཆོ་ག་ལ་གདོད་མའི་ཆོས་ལུགས་སམ་བོན་པོའི་ཆོས་ལུགས་ཀྱི་བྱེད་སྒོ་འདུས།
          ༢. གནའ་རབས་ཀྱི་དམག་མི་གཡུལ་ལ་ཆས་པའི་རྣམ་པ་ལྡན་པ། མདའ་རྩེད་ལ་མ་ཕེབས་པའི་ཡར་སྔོན་ལ་མདའ་པ་རྣམས་བསང་བཏང་བའི་བསང་ཁྲིའི་མཐའ་སྐོར་དུ་གྲལ་དུ་བསྒྲིགས་ཏེ་དགྲ་ལྷ་འགོད་པ་དང་། སྐུགས་ར་ལ་སླེབས་སྐབས་སྐུགས་ཡ་ལས་རྣམ་པར་རྒྱལ་བའི་ཀི་བསྭོ་སྒྲོགས་པ། མདའ་འཕེན་སའི་གནས་ལ་སྐུགས་ར་དང་།  འཕེན་ཡ་ལ་སྐུགས་ཡ།  འཇལ་འབེན་ལ་འབེན་དགྲ་ཞེས་བརྗོད་པ་སོགས་ཀྱིས་ཆ་ནས་གཡུལ་སའི་མིང་གཡར་བ་རྐྱང་རྐྱང་ཡིན་ལ། མདའ་འགོག་གི་སྐབས་སུ“ཕཊ”ཞེས་འགྱེལ་བའི་བརྡ་གཏོང་བ་སོགས་ལས་གནའ་རབས་བོད་དམག་གཡུལ་ལ་ཞུགས་པའི་རྣམ་པ་དེ་མངོན་ཡོད།
          ༣. ལྟད་མོའི་རྣམ་པ་གཟབ་རྒྱས་ཆེ་བ། ཁ་རྒྱུན་ལ་འབྲོག་པའི་སྐྱ་རྩལ་དང་རོང་བའི་མཐེབ་རྩལ་ཞེས་འབྲོག་པས་རྟ་རྒྱུགས་འགྲན་པ་དང་། རོང་བས་མདའ་མཐེབ་རྩལ་འགྲན་པ་གཉིས་བོད་ཀྱི་ལུས་རྩལ་འགྲན་བསྡུར་ཆེན་པོ་གཉིས་ཡིན་ལ། མདའ་རྩེད་ཀྱི་སྐུགས་རའི་སྲིད་ལ་མ་མཐའ་ཡང་སྨི༡༥༠ཡན་དང་། ཞེང་ལ་སྨི༨༠ལས་ལྷག་པ་དགོས་པས་དེའི་མཐའ་སྐོར་གཡས་གཡོན་ནས་ལྟ་མཁན་གྱིས་ལྟད་མོར་བལྟས་ཆོག་ཅིང་།གཟབ་རྒྱས་ལྡན་པའི་ལྟད་མོ་བ་འདི་ལ་མི་ལྔ་སྟོང་ལྷག་གིས་ལྷན་དུ་ལྟད་མོར་བལྟས་ཆོག་ལ།   རང་ཕྱོགས་ཀྱི་མདའ་བསུ་དང་གཞན་ཕྱོགས་ཀྱི་མདའ་འགོག་གི་འུར་སྒྲའི་ཁྲོད་མདའ་བ་རྣམས་ཀྱིས་རྒྱུན་ལྡན་གྱི་མདའ་མཐེབ་བསྡུས་སྐབས་ཀྱི་གཟུར་ཁྱད་མེད་པས་སྤྱིར་འབེན་དུ་ཕོག་དཀའ་བ་དང་། ཕོག་ཀྱང་མདའ་བཅུ་མདའ་གཅིག་གིས་ལེན་པའི་གོ་སྐབས་ཡོད་པས་མདའ་མཁན་དང་ལྟ་མཁན་སུ་ལའང་ཁོག་དཔུང་དང་ལ་རྒྱ་སྐྱེས་པས་གཟབ་རྒྱས་ལྡན་མོའི་རྣམ་པ་ལྡན།
          ༤.རྫིག་ཉམས་དང་དཔའ་ཉམས་ཀྱི་འཁོར་ཚུལ་སྣ་ཚོགས། མདའ་བསུ་དང་། མ་བསུ། བུ་བསུའི་འཁོར་ཚུལ་ལ་རྣམ་པ་སྣ་ཚོགས་ཡོད་ལ། ལག་པ་དགུང་ནས་གཡུགས། རྐང་བས་ས་ལ་བརྡེག་པའི་ཁྱུང་ཆེན་དགུང་བསྟོད། གླ་བོ་མཆོངས་ལྡིང། རྨ་བྱ་ནག་འགྲོས་སོགས་ཀྱི་འཁོར་སྟངས་དང་། འཁོར་ལོ་གཡས་འཁོར། པདྨ་ཁ་དབྱེ། དཔལ་བེའུ་མདུད་པ། རྒྱལ་མཚན་དགུང་སྐོར་སོགས་ཀྱི་རྣམ་པའང་ཡོད་པས་མདའ་བསུའི་ཉམས་འགྱུར་ལ་རྫིག་ཉམས་དང་དཔའ་ཉམས་སྣ་ཚོགས་ལྡན་ནོ། །
          ༥.གོས་རྒྱན་མེ་ཏོག་སྡིངས་ཆ། མདའ་རྩེད་སྐབས་མདའ་པ་རྣམས་ཀྱིས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་བོད་ལྭ་བོད་ལྷམ་བོད་ཞྭ་སོགས་གྱོན་དགོས་པར་མ་ཟད། (བོད་ལྭ་མ་གྱོན་པར་རྒྱ་ལྭ་གྱོན་མཁན་ལ“གཅེར་བུ”ཞེས་བརྗོད་ལ། མདའ་ལྷ་མི་འཁོར་བ་སྟེ་འབེན་ལ་མི་ཕོག་པའི་ཤོད་ཚུལ་ཡོད)ལྟད་མོ་པ་རྣམས་ཀྱིས་རང་ཉིད་ལ་གོས་རྒྱན་གྱི་རིགས་ཅི་ཡོད་བཏགས་ནས་ལྟད་མོ་བྱེད་པ་དང། མདའ་རྩེད་ཀྱི་སྔོན་དུ་བོད་ལྭ་བོད་རྒྱན་མེད་པའི་སྟག་ཤར་མ་སྲུ་ཚོ་ལ་ཆེད་དུ་གྱོན་གོས་གསར་བ་བསྒྲིགས་པའི་སྲོལ་ཡོད་པས་མདའ་རྩེད་སྐབས་མདའ་པ་མ་གཏོགས་ལྟད་མོ་པ་དག་གིས་ཀྱང་གོས་གསར་བགོ་པས་སྐུགས་རའི་མཐའ་སྐོར་ལ་གོས་རྒྱན་གྱི་མེ་ཏོག་གད་ཡོད།
          ༦.མགྲོན་བསུའི་བཟའ་བཏུང་རྒྱ་མཚོ། མདའ་རྩེད་གྲུབ་རྗེས་གཉེན་ཚང་གིས་རང་གི་སྐུགས་ཡར་བཟའ་བའི་རི་རབ་དང་བཏུང་བའི་རྒྱ་མཚོ་བསྐྱིལ་ཏེ་ཟས་མགྲོན་བྱེད་དགོས་ལ། ཟས་ལ་ཤ་མར་ཐུད་གསུམ། དཀར་གསུམ་མངར་གསུམ་སོགས་དང་། ད་དུང་མ་སྲུ་ཚོའི་རང་གི་ལག་རྩལ་ལ་བརྟེན་ནས་བཟོས་པའི་ཟས་རིགས་སྣ་ཚོགས་ཀྱི་སྡེར་ཁ་བཤམས་པ་དང་། བཏུང་བ་ཇ་ཆང་སོགས་ཀྱི་རྒྱ་མཚོ་སྐྱིལ་དགོས་པས་མདའ་རྩེད་ཀྱི་དུས་ནི་བཏུང་བ་རྒྱ་མཚོ་དང་། ལོ་གསར་གཉིས་པའི་དུས་ཡིན།
          ༧.གླུ་གར་འགྲན་པའི་དོ་ར། ཉིན་མོའི་མདའ་འགྲན་གྲུབ་རྗེས་ནས་གླུ་གར་འགྲན་པའི་མདའ་སྟོན་གྱི་དུས་ཡིན་ལ། གླུ་འགྲན་གྱི་ནང་དོན་ལ། ཁ་མཚར་འགྲན་པ། གླུ་ཤགས་འགྲན་པ། རྩེད་རིགས་འགྲན་པ། ལ་གཞས་འགྲན་པ་བཅས་དང་། གཞན་ཡང་མདའ་བཤད། གྲལ་བཤད་སོགས་བཤད་པ་སྣ་ཚོགས་ཀྱང་ཡོད་ལ། གླུ་གར་ལ་རོལ་བའི་དུས་ཡུན་འདི་རིང་ན་ཕྱི་ཉིན་ནམ་གསལ་རེག་བར་བྱས་ཆོག་པས་མདའ་རྩེད་ནི་གླུ་དང་གར་གྱི་དོ་ར་ཞིག་ཡིན་ནོ། །

          ༨.མདའ་རྩེད་ཀྱི་མགོ་མཇུག་བར་གསུམ་ལ་རྟགས་དང་རྟེན་འབྲེལ་གྱི་ཡུལ་སྲོལ་གོས་ལ་སྣུམ་གྱིས་ཟིན་པ་ལྟར་ཡོད་པ། མདའ་རྩེད་ནི་སྤྱིར་རྩེད་མོའི་རྣམ་གྲངས་ཤིག་ཡིན་ནའང་། མདའ་རྩེད་ཀྱི་ཐོག་མའི་བྱེད་སྒོ་ནས་མཇུག་མདའ་སྟོན་གྲུབ་རེག་བར་དུ་མདའ་པ་དང་མདའ་དཔོན། འགྲིག་པ། ཁ་འགོ་བ་གཙོ་བྱས་པའི་ཕྱོགས་གཉིས་ཀྱི་ལྟད་མོ་བ་རྣམས་ཀྱིས་ཀྱང་རྟགས་དང་རྟེན་འབྲེལ་མ་ནོར་བར་བྱེད་དགོས་ལ།མདའ་བ་ལ་མཚོན་ན། ཐོག་མའི་གྲོས་མགོ་བཏོན་ཏེ་རང་ཉིད་མདའ་བའི་གྲས་སུ་བསྡུས་པའམ། ཡང་ན་དགྲ་ལྷ་བཀོད་པ་ནས་རང་གི་བུད་མེད་ཀྱི་གམ་ནས་མི་ཉལ་བ་དང་། སྐུགས་རར་བསྐྱོད་སྐབས་མདའ་མགོ་མཇུག་སློག་སྟེ་མི་འཛིན་པ། མདའ་འཕེན་སྐབས་གཞུ་ཁ་སྐུགས་ཡར་མི་གཏོད་པ། མདའ་བསུ་སྐབས་ཐང་ལ་འགྱེལ་བ་སོགས་ལ་གཟབ་པ། མདའ་བ་ནང་ཕན་ཚུན་མཐུན་སྒྲིལ་བྱེད་པ། ཟས་ལ་མཆོད་ཁ་ཡོད་པ།གོས་གཙང་མ་གྱོན་པ(གཙོ་བོ་འགོངས་ཡུག་མི་འཆོར་བ)རྒྱུན་དུ་ཤུག་བདུག་བྱེད་པ། གཏམ་དང་ཁ་མཆུ་ལ་འཛེམས་པ་སོགས་རྟགས་དང་རྟེན་འབྲེལ་ལ་བརྟག་པ་དང་སྲུང་བ་བཅས་སོ། །

          ལྔ། ཁ་སྒང་ས་ཆའི་མདའ་རྩེད་ཀྱི་རིན་ཐང་།
          ༡.མདའ་རྩེད་ལ་གནའ་རབས་ཀྱི་རིག་གནས་བསྐྱར་གསོན་གྱི་རིན་ཐང་ཡོད་པ། མདའ་རྩེད་དར་ནས་ད་སྔའི་བར་མ་མཐའ་ཡང་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་སོང་ཡོད་ལ། མདའ་རྩེད་ཀྱི་ཐོག་མའི་བྱེད་སྒོ་ལ་ཅུང་ཟད་གསང་བའི་སྒོ་ནས་དཀར་བསང་དང་དམར་བསང་གཏོང་བའི་སྲོལ་ཡོད་ལ། དམར་བསང་ནི་གདོད་མའི་བོད་ཀྱི་ཆོས་ལུགས་སམ་བོན་ཆོས་ལ་དར་བ་ཞིག་ཡིན་མོད། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས“བོན་ལྷ་དམར་མཆོད།” “ཡུ་མོ་བྱིན་བྲེག”ལྟ་བུའི་དམར་བསང་བཀག་སྟེ་རྒྱུན་བཅད་ཀྱང་། བོད་ཀྱི་མདའ་རྩེད་ཁྲོད་དུ་ད་དུང་ར་ལུག་གསུར་ལ་ཕུད་པའི་སྲོལ་དེ་མ་ཉམས་པར་ཡོད་པ་དང་། མདའ་རྩེད་ནི། དང་པོ་དམག་སྦྱོང་གི་ཆ་ལས་དར་བ་ཡིན་པས། མདའ་རྩེད་ཀྱི་མགོ་མཇུག་བར་གསུམ་ལ་གནའ་རབས་དམག་འཐབ་ཀྱི་ནང་དོན་མང་པོ་ལྡན་པས་མདའ་རྩེད་ནི་སྔོན་གྱི་བོད་པའི་རིག་གནས་ཀྱི་བྱེ་བྲག་ཅིག་མ་ཉམས་གསོན་པོར་གནས་པའི་དཔང་རྟགས་དང་། བོད་གནའ་རབས་ཀྱི་རིག་གནས་ལོ་རྒྱུས་དང་སེམས་ཁམས་སོགས་ཞིབ་འཇུག་གཏོང་བ་ལ་རིན་ཐང་མི་དམན་པ་ལྡན།
          ༢.མདའ་རྩེད་ལ་ཐོག་མའི་བྱེད་སྒོ་ནས་མདའ་སྟོན་བར་གྱི་བརྗོད་སྙིང་གསུམ་འདུས་པས་དམངས་སྲོལ་གྱི་ཕུང་བོ་གཅིག་ཏུ་འདུས་པའི་བྱ་འགུལ་ཅིག་ཡིན། མདའ་རྩེད་ལ་དཀྱུས་ཕྱོགས་ནས་བལྟས་ན་གདོད་མའི་ཆོས་ལུགས། བོན་པོའི་ཆོས་ལུགས། གནའ་རབས་ལོ་རྒྱུས། དེང་རབས་རྩེད་མོ་བཅས་ལྷན་དུ་འདུས་པའི་ཕུང་བོ་ཞིག་ཡིན་པས་ལོ་རྒྱུས་རིམ་འགྱུར་གྱི་དོན་སྙིང་ལྡན་པ་དང་། འཕྲེད་ཕྱོགས་ནས་བལྟས་ན། ཆོས་ལུགས་ཀྱི་བྱེད་སྒོ། ལུས་རྩལ། གླུ། གཞན་ཡང་ཟས་རིགས། གོས་རྒྱན་བཅས་ངོམས་པའི་ཕུང་བོ་ཞིག་ཡིན་པས་བོད་ཀྱི་དམངས་ཁྲོད་ལུས་རྩལ་དང་། གླུ་གཞས། ཟས་རིགས་གོས་རྒྱན་སོགས་དམངས་སྲོལ་ལ་ཞིབ་འཇུག་གཏོང་བར་རིན་ཐང་མི་དམན་པ་ལྡན་ནོ། །
          ༣.མདའ་རྩེད་ལ་སྡེ་བ་འགྲིག་མཐུན་ཡོང་བའི་དགོས་གལ་ལྡན་པ། བོད་ས་རྒྱ་ཆེ་ཞིང་མི་རྣམས་ལ་ལུང་དུ་གནས་པས་ལོ་རྒྱུས་མཁས་པ་ཚོས་དཔྱད་པ་ལྟར་ན། བོད་ཀྱི་མིང་འདི་ཡང་དང་ཐོག་ལ་ལུང་ཁུག་ཀྱོག་ཏུ་གནས་པས་ཕན་ཚུན་བརྡ་གཏོང་སྐབས་སྐད་གསེང་མཐོན་པོས་འབོད་པས(བོད་ནི་འབོད་པའི་དོན)བོད་ཅེས་ཐོགས་པར་བཤད། མདའ་རྩེད་ནི་ལྟད་མོ་པའི་ཤོང་རྒྱ་ཆེས་ཆེ་བའི་ལུས་རྩལ་བྱེད་སྒོ་ཞིག་གམ།ཡང་ན་དམངས་ཁྲོད་ཀྱི་མཉམ་སྤྲོའི་འདུ་འཛོམས་ཤིག་ཡིན། མཉམ་འཛོམས་འདི་ནི་ལ་ལུང་ཁུག་ཀྱོག་ནས་རང་དགར་ལྷན་དུ་བསྡུས་པ་ཞིག་མ་ཡིན་པར་མདའ་སྡེ་ཕན་ཚུན་གཉིས་ཀྱི་མཛའ་འབྲེལ་སྟེང་ནས་བསྡུས་པ་ཞིག་ཡིན་ལ། མདའ་རྩེད་སྟེང་ནས་རང་རང་གི་སྐུགས་ཡ་ཁྱིམ་ལ་བསུ་བ་དང་། སྡེ་གཉིས་ཀྱིས་ཕན་ཚུན་ལ་མདའ་སྟོན་ཏེ་ཟས་ཀ་ར་བུ་རམ། དཀར་གསུམ་མངར་གསུམ། ཤ་མར་ཐུད་གསུམ། བཏུང་བ་རྒྱ་མཚོ་སོགས་ཀྱིས་མགྲོན་བྱེད་པས་ཕན་ཚུན་གྱི་འབྲེལ་བ་ཇེ་བཟང་དུ་འགྲོ་ཐུབ། མདའ་རྩེད་ཀྱི་ཁྲོད་ནས་ལྟད་མོ་པ་ཕན་ཚུན་ཀྱང་ཕན་ཚུན་ངོ་མི་ཤེས་པ་ངོ་ཤེས་པར་འགྱུར་བ་དང་། ངོ་ཤེས་ཀྱི་འབྲེལ་བ་ཇེ་བཟང་དུ་འགྲོ་བའི་ཆ་རྐྱེན་ཡོད་པས་མདའ་རྩེད་ལ་སྡེ་བ་འགྲིག་མཐུན་ཡོང་བའི་དོན་སྙིང་ལྡན་ནོ། །
          ༤.མདའ་རྩེད་ལ་བོད་ཀྱི་གླུ་རྩེད་རིགས་འཕེལ་བའི་དོན་སྙིང་ལྡན་པ། མདའ་རྩེད་ཀྱི“རྩེད”ནི་གླུ་རྩེད་རིགས་ལ་གོ་བ་དང་།མདའ་རྩེད་སྐབས་ཀྱི་གླུ་ལ་ཁ་མཚར། ཤགས་པ། རྩེད་རིགས། ལ་གཞས། བཤད་པ(མདའ་བཤད)སྟེ། དེ་རེ་རེ་ལའང་ནང་གསེས་མང་པོ་དང་། གླུ་སྐད་བརྒྱ་ཕྲག་སྟོང་ཕྲག་ལ་ལོངས་པ་བཅས་ཡོད་པ་དང་། མདའ་རྩེད་སྐབས་ཀྱི་གླུ་རྩེད་ནི་ཁྲོམ་པ་གྲལ་ལ་བསྡུས་ཏེ་རྩེད་མོ་ཙམ་སྟོན་རྒྱུ་ཁོ་ན་མ་ཡིན་པར། མདའ་སྡེ་ཕན་ཚུན་གཉིས་ཀྱི་གླུ་རྩེད་ཀྱི་འགྲན་སྡུར་ཞིག་ཡིན་པས་མདའ་བ་རྣམས་དང་མ་སྲུ་ཚོས་སྔ་མོ་ནས་གླུ་སྦྱོང་དགོས་ལ། གླུ་སྦྱངས་ཏེ་ཁོག་དཔུང་མི་འཆོར་བ་ཞིག་ངེས་པར་དགོས་པས་མདའ་རྩེད་ལ་དམངས་ཁྲོད་ཀྱི་གླུ་རྩེད་འཕེལ་བའི་དོན་སྙིང་ཆེན་པོ་ལྡན་ནོ།།
          ༥.བཟའ་བཏུང་རིག་གནས་དང་། གོས་རྒྱན་རིག་གནས་འཕེལ་བའི་དོན་སྙིང་གལ་ཆེན་ལྡན་པ། མདའ་སྡེ་གཉིས་ཀྱིས་ཕན་ཚུན་མདའ་སྟོན་བྱེད་སྐབས་མ་སྲུ་ཚོས་རང་རང་གི་འཇོན་ཐང་དང་ལག་རྩལ་ཕུད་དེ་ཟས་རིགས་སྣ་ཚོགས་གཡོས་སྦྱོར་བྱེད་དགོས།  དེ་ལ་བོད་རང་གི་ཟས་རིགས་གཡོས་སྦྱོར་གྱི་རྨང་གཞི་སྟེང་དེང་སྐབས་ཀྱི་ཟས་རིགས་གཡོས་སྦྱོར་གྱི་ལག་རྩལ་བསླབ་སྟེ་མགྲོན་པོར་ཟས་སྣ་མང་པོས་མགྲོན་བྱེད་ཅིང་།མདའ་རྩེད་སྐབས་མདའ་བས་དགྲ་ལྷ་འཁོར་གསུམ་ཚང་བའི་ལྭ་བ་གྱོན་པ་མ་ཟད། ལྟད་མོ་པ་རྣམས་ཀྱིས་ཀྱང་རང་རང་ལ་གང་འབྱོར་གྱི་ལྭ་བ་གྱོན་པ་དང་། གཡུ་བྱུར་གསེར་དངུལ་གྱི་རྒྱན་ཆ་འདོགས་པས་མདའ་རྩེད་ནི་བཟའ་བཏུང་རིག་གནས་དང་། གོས་རྒྱན་རིག་གནས་འཕེལ་རྒྱས་ལ་དོན་སྙིན་ཆེན་པོ་ལྡན།

          ༦.མདའ་གཞུའི་བཟོ་རྩལ་གྱི་རིན་ཐང་། བོད་ཀྱི་མདའ་གཞུ་བཟོ་ཚུལ་ནི་བོད་རང་གི་ས་བབ། ཆ་རྐྱེན། གོམས་སྲོལ་བཅས་ཀྱི་དབང་གིས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཅིང་། མདའ་གཞུའི་བཟོ་ཚུལ་ཡང་དང་པོ་སླ་ས་ནས་རིམ་པར་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཀྱི་གོ་རིམ་ལྡན་ཏེ། ཆེས་སྤྱིར་བཏང་གི་ལག་ཆ་ལེན། སག་བརྡར། མེ་ཐུར་ལ་སོགས་པས་སྤྱིར་བཏང་མ་ཡིན་པའི་མགྱོགས་ཚད་དུས་ཚོད་རེར་སྤྱི་ལེ༨༠༠ལ་བསྐྱོད་པའི་མདའ་བཟོ་ཐུབ་པ་དང་། འབྲོང་རྭ། སྒལ་རྩ། གྲོ་ག ཆུ་སྲིན་པགས་པ་བཅས་རྒྱུ་ཆ་ཐུན་མོང་མ་ཡིན་པ་བཀོལ་ནས་འཕེན་ཚད་སྨི༢༠༠ནས་༤༠༠བར་སླེབས་ཐུབ་པའི་གཞི་བཟོ་ཐུབ་པ་ནི་མི་རིགས་ཀྱི་སྟབས་བདེ་ལག་རྩལ་ཁྲོད་ཀྱི་ནོར་བུ་ཞིག་ཡིན་པས།  མདའ་གཞིའི་བཟོ་རྩལ་ལ་དམངས་ཁྲོད་ཀྱི་བཟོ་རྩལ་རིན་ཐང་ཆེན་པོ་ལྡན་ནོ། །

          མཇུག་བསྡུ་བ།
          ཁ་སྒང་ས་ཆའི་མདའ་རྩེད་ནི་བོད་ཀྱི་མདའ་རྩེད་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་།  དེ་ཡང་གྲོ་ཚང་ལུང་བདུན་དང་དཔའ་ལུང་ཁ་སྒང་གི་མདའ་རྩེད་ནི་ཨ་མདོ་མདའ་རྩེད་ཀྱི་འབྱུང་ཁུངས་སུ་གྱུར་ཡོད་པ་དང་།  ད་ལྟའི་མཚོ་ལྷོ་ས་ཁུལ་གྱི་མང་འབའ་བྱ་གསུམ།   ཆབ་འགག   ས་གྲུ་བཞི་སོགས་དང་།  མཚོ་བྱང་གི་དུར་ལམ་སོགས་ལ་གནས་པའི་རོང་སྡེ་རྣམས་ནི་གྲོ་ཚང་། དཔའ་ལུང་ཁ་སྒང་བཅས་ནས་མཆེད་པ་དང་།  དེ་དག་གི་མདའ་རྩེད་ཀྱང་གྲོ་ཚང་ཁ་སྒང་སོགས་ཀྱི་མདའ་རྩེད་བྱེད་སྲོལ་རྒྱུན་མཐུད་ཡོད་པས་ཁ་སྒང་མདའ་རྩེད་ཀྱིས་བོད་ཀྱི་མདའ་རྩེད་འཕེལ་རྒྱས་ལ་རིན་ཐང་ཆེ་བའི་བྱས་རྗེས་བསྐྲུན་ཡོད། དེ་ལྟ་མོད་ཀྱང།  དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་ནས་བདུན་ཅུ་བར་སྲིད་ཇུས་ཀྱི་དབང་གིས་ཁ་སྒང་ས་ཆའི་མདའ་རྩེད་མཚམས་བཞག་པའམ་ཡང་ན་མདའ་རྩེད་སླ་བཅོས་བྱས་པ་ལ་བརྟེན་ནས་ཁ་སྒང་མདའ་རྩེད་རྒྱུན་ཆད་པའི་ཉེན་ཁར་རེག   ཡིན་ནའང་།   ལོ་རབས་བརྒྱད་ཅུ་བ་ནས་ཁ་སྒང་མདའ་རྩེད་ཕྱོགས་ཡོངས་ནས་སླར་གསོ་བྱས་ཤིང་།  ད་ལྟ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ཀྱིན་ཡོད་མོད།   མདའ་རྩེད་ཀྱི་གྲུབ་ཆ་མཐའ་དག་ཕྱོགས་ཡོངས་ནས་སླར་གསོའམ་ཡང་ན་འཕེལ་རྒྱས་སུ་འགྲོ་བ་ལ་ད་དུང་གེགས་རྒྱ་མི་ཆུང་བ་ཐེབས་ཡོད།  རྒྱུ་མཚན་གཤམ་གྱི་ཕྱོགས་འགའ་ནས་མཚོན་ཐུབ་སྟེ།
          ༡. ལོ་རབས་དྲུག་ཅུ་བའི་ལོ་དཀྱིལ་ནས་ཧ་ལམ་ལོ་རབས་བདུན་ཅུ་བའི་མཇུག་སྟེ་ལོ༢༠ལ་ཉེ་བའི་བར་མདའ་མཚམས་བཞག་པའམ།  ཡང་ན་མདའ་རྩེད་སླ་བཅོས་བྱས་པ་ལ་བརྟེན་ནས་སྡེ་བའི་སྔོན་གྱི་མདའ་བ་རྣམས་སྐུགས་ར་ལས་ངལ་གསོས་པ་དང་།  གཞོན་རབས་རྣམས་ལ་མདའ་རྩེད་རྒྱུན་མཐུད་མ་ཐུབ་པས་མདའ་རྩེད་ཀྱི་རྒྱུན་ཆད་པའི་ཉེན་ཁ་བཟོས་ཡོད།
          ༢.  མདའ་མཁན་དང་གཞུ་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་དང་།  (༢༠༠༦ལོའི་ཟླ༩པར་བརྟག་ཞིབ་བྱེད་སྐབས་ཁ་སྒང་ས་ཆ་ལ་གཞུ་མཁན་གྱི་རྒྱུད་ཆད་འདུག)  ད་ལྟ་ཞལ་བཞུགས་གནང་བའི་ཁྲོད་ནས་ལ་ལ་ལོ་རྒས་ཏེ་རང་གི་ལག་རྩལ་ཕྱི་རབས་པར་སྤེལ་བའི་ནུས་པ་མེད་པ་དང་།  ལ་ལ་ལོ་གཞོན་པས་རྒན་པའི་ལག་རྩལ་ཇི་བཞིན་སློབ་མ་ཐུབ་པ།  འཚོ་བ་གསར་བ་ལོངས་སུ་སྤྱོད་པའི་གཞོན་རབས་རྣམས་ལ་མདའ་མཁན་གྱི་ལག་རྩལ་སློབ་པའི་འདུན་པ་ཞན་པ་དང་བོད་ཀྱི་མདའི་རིག་གནས་ཀྱི་ཆ་རྒྱུས་མེད་པའི་གནས་སུ་ལྷུང་བས།  མདའ་ཕྱོགས་ཇེ་ཞན་དུ་གྱུར་ཡོད།
          དེ་བས་ང་ཚོས་རང་རེའི་ཤུལ་བཞག་རིག་གནས་འདི་སྲུང་སྐྱོབ་བྱེད་དགོས་ལ།  དེ་ལ་དགེ་མཚན་ལྡན་པའི་བྱེད་ཐབས་སྣ་ཚོགས་དགོས་པར་མ་ཟད།  དཔལ་འབྱོར་གྱི་རྒྱབ་རོགས་དང་།   འདིའི་ཕྱོགས་ཀྱི་ཆེད་ལས་མི་སྣ་དང་བོད་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལ་ཐུགས་བློ་དཀར་བའི་དཔྱོད་ལྡན་རྣམས་ཀྱི་སྟོབས་ཤུགས་མཉམ་སྒྲིལ་བྱེད་དགོས་པ་གཞིར་བཅས།  ཐོག་མར་ད་ལྟ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་སྲུང་སྐྱོབ་ཀྱི་སྙིང་དོན་ཙམ་དཔྱོད་ལྡན་རྣམས་ལ་གྲོས་སུ་འདེབས་ན།
          ༡.སྔར་ལས་ལྷག་པའི་སྒོ་ནས་ཁ་སྒང་ས་ཁུལ་ལམ།  བོད་ཀྱི་མདའ་རྩེད་རིག་གནས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་།  གནས་སྟངས་།  འགྱུར་ལྡོག་གི་གོ་རིམ་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་།   དེའི་ཕྱོགས་ཀྱི་ཡིག་ཆ་བསྡུ་རུབ་བྱེད་པ། གལ་ཆེའི་ཡིག་རིགས་ཡིག་ཚགས་སུ་ཉར་བ།  ཞིབ་འཇུག་གི་འབྲས་བུ་པར་དུ་བསྐྲུན་པ།
          ༢.མདའ་གཞུ་བཟོ་བའི་ལག་རྩལ་ཉམས་པ་སོར་ཆུད་དང་།  མ་ཉམས་གོང་འཕེལ། མདའ་མཁན་དང་གཞུ་མཁན་གྱི་འཛིན་གྲྭ་བསྒྲུབས་ཏེ་ལག་རྩལ་བརྒྱུད་འཛིན་དང་མཐོར་འདེགས་བྱེད་པ།
          ༣. མདའ་མཁན་གྲགས་ཅན་དང་།   གཞུ་མཁན་གྲགས་ཅན་གྱི་ལོ་རྒྱུས་བསྡུ་རུབ་བྱེད་པ་དང་།  སྤྱི་ལོ༡༩༤༩ལོ་ནས་ད་ལྟའི་བར་གྱི་མདའ་སྡེ་སོ་སོའི་མདའ་རྩེད་ཀྱི་ལོ་རྒྱུས་ཡེ་གེར་བཀོད་དེ་ཚགས་ཡིག་ཏུ་ཉར་པའམ་དཔེ་སྐྲུན་འགྲེམས་སྤེལ་བྱེད་པ།  
          ༤. མདའ་རྩེད་ཀྱི་སྔོན་གྱི་རྒྱུན་སྲོལ་མ་ཉམས་པར་བྱེད་པ་དང་།  རྩེད་མོའི་རྣམ་གྲངས་དང་།   གླུ་སྐད། ལ་སྐད། རྩེད་རིགས་ཀྱི་སྐད་སོགས་སྒྲ་ལེན་པ།  མདའ་རྩེད་ཀྱི་མགོ་མཇུག་བར་གསུམ་བརྙན་དུ་བསྡེབས་ཏེ་བཀྲམས་པ།
          ༥. འབྲེལ་ཡོད་སྡེ་ཁག་ལ་ཆེད་དུ་ཞུས་ཏེ་ཁ་སྒང་མདའ་རྩེད་འདི་རྒྱལ་ཁབ་ཀྱི་དངོས་རྫས་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྡེ་ཚན་དུ་བཞག་ན་ད་གཟོད་ལོ་རྒྱུས་ཡུན་རིང་ལྡན་ཞིང་།  མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཁྱད་ནོར་འདི་མི་ཡི་ཁྲོད་དུ་ཡུན་རིང་དུ་གནས་ཐུབ་བོ། །
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1