བོད་ཡིག་གི་རྩ་ཆེའི་དཔེ་རྙིང་ཁག་59རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ཞེས་པའི་སྤྱི་བསྒྲགས་ནང་ཚུད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 08-01


  ཉིན་ཤས་གོང་། བོད་ལྗོངས་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་རེ་ཞིག་མཚམས་འཇོག་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་བར་ལྗོངས་ཡོངས་ནས་ཆབ་མདོ་གྲོང་ཁྱེར་ཕུད་པའི་གྲོང་ཁྱེར༼ས་ཁུལ༽དྲུག་གི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ལས་དོན་གཞི་རྩའི་ཐོག་ནས་ལེགས་སྒྲུབ་ཟིན་པ་རེད། རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་རྒྱལ་ཁབ་རྩ་ཆེའི་དཔེ་རྙིང་མིང་གཞུང་ཁག་ལྔ་པ་རེ་ཞུ་བྱེད་རྒྱུ་ལེགས་སྒྲུབ་བྱུང་བ་དང་། བོད་ཡིག་གི་རྩ་ཆེའི་དཔེ་རྙིང་ཁག་59 རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ཞེས་པའི་སྤྱི་བསྒྲགས་ནང་ཚུད་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ་2016 ལོའི་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་ས་སྐྱ་དགོན་དང་འབྲས་སྤུངས་དགོན། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ག བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་། རང་སྐྱོང་ལྗོངས་ཡིག་ཚགས་ཁང་བཅས་གཙོ་གནད་དཔེ་རྙིང་ཉར་ཚགས་ཚན་པ་དྲུག་གི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ལས་དོན་གྱི་འཕེལ་རིམ་མགྱོགས་སུ་བཏང་བ་དང་ཆབས་ཅིག་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག འབྲས་སྤུངས་དགོན་བཅས་ཀྱི་དཔེ་རྙིང་མིང་གཞུང་གི་གློག་རྡུལ་འཚོལ་བསྡུ་དང་ནང་འཇུག ལེགས་སྒྲིག་བཅས་གྲངས་འཛིན་ཅན་གྱི་ལས་དོན་ལེགས་འགྲུབ་བྱུང་ཡོད་ལ། རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་ཉར་ཚགས་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་དང་གྲངས་གཞི་ལེགས་སྒྲིག་གི་ལས་དོན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། ཁྱོན་དཔེ་རྙིང་2300 ལྷག་ཙམ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱས་པ་མ་ཟད་པར་ལེན་བྱས་ནས་དཔེ་དེབ་དང་བརྙན་པར་7000 ལྷག་ཙམ་སྒྲིག་བཟོ་བྱས་ཡོད།
  དོ་ཁུར་བྱེད་འོས་པ་ཞིག་ནི་བོད་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱིས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མཁའ་ལྡིང་སྟེང་དགོན་དུ་ཞིབ་འཇུག་བརྟག་དཔྱད་བྱེད་སྐབས་དགོན་པ་དེ་ནས་རྩ་ཆེའི་དཔེ་རྙིང་ཚད་ལྡན་ཡིག་ཆ་མང་པོ་ཞིག་རྙེད་པའི་ནང་ནས། མང་ཆེ་བ་ནི་དུས་སྔ་ཙམ་གྱི་བྲིས་མ་ཡིན་ཞིང་། རགས་རྩིས་བརྒྱབ་པར་གཞིགས་ན་པར་ཡིག་རིགས་400 ལྷག་ཡོད་པ་དང་དགོན་པ་དེའི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དེ་ལྷོ་ཁ་གྲོང་ཁྱེར་གྱི་དཔེ་རྙིང་ཆད་ལུས་ཞིབ་བཤེར་དང་ཁ་གསབ་ལས་དོན་ཁོངས་སུ་བཅུག་པ་མ་ཟད། ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་དགོན་པ་དེའི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ལས་དོན་ལེགས་འགྲུབ་ཀྱང་བྱས་ཡོད།།
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1