༄༅།། འཇིག་རྟེན་མ་ཡུམ་ཡོད་ཚད་གནམ་གྱིས་སྲུང་།
ཀྱེ་ཕུར་མཆོག་གསུམ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-02
ནམ་རྒྱུན་དུ། མུན་ནག་ཅེས་པའི་ཡོལ་བ་དེས་བདག་གི་མིག་ཟུང་བསྒྲིབས་ཡོང་དུས། ངས་ཞེད་སྣང་ཞིག་དང་ལྷན་དུ་ཨ་མ་ལན་འགར་འབོད་དགོས་བྱུང་། དེ་ནི་ངས་དག་ཞིང་གཞན་ལ་བཞུད་སོང་བའི་ཨ་མར་རྗེས་དྲན་ཙམ་བྱ་འདོད་པ་ཡིན་ལ། ངས་མཐོང་ཡུལ་དུ་མ་གྱུར་བའི་ཨ་མའི་ཡན་ལག་རེ་རེར་ལག་པས་ཡང་ཡང་རེག་འདོད་པས་ཡིན།
དེ་རིང་ནི་བདག་གི་ཨ་མ་འགྲུལ་བཞུད་ལ་ཆས་པའི་ལོ་ལྔ་བ་ཡིན། ཕྱི་དྲོ་དེར་ཕུ་བོས་ཁ་པར་ལས་ཨ་མ་ནད་གཞིའི་གདོན་བགེགས་ཤིག་གིས་གློ་བུར་དུ་བཟུང་བར་བསྒྲགས་པས། ང་རང་གི་ལུས་ངག་ཡིད་གསུམ་དང་དབང་པོ་རྣམ་ལྔ་ལའང་ཡིད་ཆེས་དཀའ་བའི་ཚོར་ཤེས་ལྡོམ་པོ་ཞིག་གིས་ཀུན་ནས་བསྡམས་ཏེ་མིག་ཆུ་སྐྱུར་པོ་ཞིག་གདོང་ལ་དབང་མེད་འདྲིལ་བྱུང་།
རྒྱུ་མཚན། ངའི་ཨ་མ་དགུང་ལོ་དོན་གསུམ་ཡིན་ཡང་ད་དུང་རང་གི་སྐ་རགས་རང་གིས་བཅིངས་ཐུབ་ལ། རང་གི་སྐྲ་ལོ་རང་གིས་ཤད་ཐུབ་ཅིང་། ཕར་བཤད་ཚིག་གི་བརྡ་དག་ཅིང་ཚུར་བཤད་དོན་གྱི་གནད་གོ་བའི་གཞོན་ཉམས་ཡོད་པས། རུ་ཁ་ཁྱིམ་མཚེས་དང་ངེད་མིང་སྲིང་ཚོར་མེད་དུ་མི་རུང་བའི་མཛའ་མཐུན་གྱི་འོད་ཕུང་ཞིག་གམ་སེམས་རྟེན་གྱི་རྒྱབ་རི་ཞིག་ཡིན་པས་སོ།
ངས་ལས་གནས་ལ་གནང་བ་ཞུས་ཏེ་ཉིན་ཞག་གཉིས་ཀྱི་སེམས་ངལ་གྱིས་ཡུལ་ལ་ཐོན་དུས་ནམ་གུང་གི་དུས་ཚོད་དང་པོ་རེད། ངའི་ཕུ་ནུ་མིང་སྲིང་ཚོས། ངའི་རུ་ཁ་ཁྱིམ་མཚེས་ཚོས། ངའི་ཨ་ཁུ་ཨ་ནེ་ཚོས། ངེད་ཚང་གི་ཁྱིམ་གཞི་འཁྱགས་པ་འདི་སེམས་གསོ་དང་ཡིག་དྲུག་གིས་གསོ་བཞིན། ངའི་ཨ་མའི་རྣམ་ཤེས་ལ་ལམ་བྲོ་མོད་པོ་ཞིག་དང་། མིག་ཆུ་མང་པོ་ཞིག་གིས་བསྐྱེལ་མ་བྱེད་རྩིས་འདུག ངས་ངུ་ངག་དང་མཆི་མས་བརྣངས་པའི་མགྲིན་སྒོ་ནས། ཨ་མ། ང་ཕྱིར་ལ་ཐོན་ཡོད། ཁྱེད་ལ་ཞེན་ཆགས་དང་འཁྲེང་སེམས་མེད་པར་གྱིས། ཁྱེད་ལ་འཇིགས་སྐྲག་དང་ངན་སོང་མེད་པར་གྱིས། ཞེས་ལབ་པ་ཡིན་ལ། ཨ་མའི་ངག་གི་སྒོ་མོ་སྔར་ནས་བསྡམས་ཟིན་ཡང་མཆུ་སྒྲོས་འགུལ་ཙམ་འགུལ་ཙམ་བྱེད་པའི་སྣང་ཚུལ་ལས། ཕྲན་ལ་གདམས་ངག་གི་ཆབ་རྒྱུན་གང་ཞིག་འཇོ་བཞིན་ཡོད་ཀྱང་སྲིད་ལ། ཕྲན་ལ་དྲན་གདུང་གི་སྡུག་ཡུས་གང་ཞིག་ཞུ་བཞིན་ཡོད་ཀྱང་སྲིད། ཡང་ན། ཕྲན་ལ་གྱེས་གཏམ་གྱི་སྙིང་ཕུར་གང་ཞིག་གདབ་བཞིན་ཡོད་ཀྱང་སྲིད།
གང་ལྟར། ཕྱི་ཉིན་གྱི་ཉིན་གུང་ཙམ་ལ་ངའི་ཨ་མ་དག་ཞིང་གང་ཞིག་ལ་ག་ལེར་ཕེབས་སོང་། ངེད་མིང་སྲིང་ཚོའི་རེ་བའི་རྒྱབ་རི་གཅིག་པུ་འདི་ལྟར་འགྱེལ་སོང་། ངས་སྣང་ཚུལ་འདི་དག་བསམ་ཐེངས་རེ་རེར། གནོན་དཀའ་བའི་གཟེར་ཆེན་གྱི་ལྕགས་འཛེར་ཞིག་གིས་ངའི་ལྷུ་ཆེན་དང་ལྷུ་ཆུང་རེ་རེ་ཐོལ་གྱིས་ཕུག་འགྲོ་ལ། ངའི་དྲན་པའི་ནེའུ་གསེང་ན་བག་ཡངས་ཀྱིས་རྒྱུ་བའི་དགའ་སྐྱིད་དང་དགོད་སྒྲ་ཡི་བྱེའུ་ཆུང་ཚོ་ཡང་ཅི་ཞིག་གི་གཟེབ་དྲར་ཀུན་ནས་ཚུད་སོང་། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1